བདེ་ཐང་དབུལ་སྐྱོར་ལ་སྐུལ་སྤེལ་བྱས་ཏེ་དཀའ་ཁག་ཆེ་བའི་མང་ཚོགས་ལ་ཕན་བདེ་བསྐྲུན་པ།
2018.09.21 ཁུངས། ཀློག་གྲངས། 27

ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་པ་དང་། ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་ཕོངས་སུ་གྱུར་པའི་གནད་དོན་ཐག་གཅོད་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་མཁོ་འདོན་ལེགས་བསྒྱུར་བྱེད་པ་དང་། སྲིད་ཇུས་གནད་ཁེལ་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་བདེ་ཐང་དབུལ་སྐྱོར་བྱ་བ་སྣ་ཚོགས་དངོས་འབེབས་བྱས་པ་དང་། དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་མང་ཚོགས་ལ་ཁེ་བཟང་རེག་ཏུ་བཅུག

མཚོ་ཤར་གྲོང་ཁྱེར་དང་རྫོང་དང་ཆུས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་མ་དངུལ་སྒོར་ཁྲི་དྲུག་ཅུ་གྲབས་གསོག་བྱས་པ་དང་། བདེ་ཐང་དབུལ་སྐྱོར་གྱི་དྲིལ་བསྒྲགས་རྒྱུ་ཆ་སྣ་མང་དཔར་ཏེ་དབུལ་ཕོངས་ཁྱིམ་ཚང་སོ་སོར་བྱིན་པར་མ་ཟད། གྲོང་རྡལ་སྲིད་གཞུང་དང་མཉམ་དུ་གྲོང་གསེབ་སྨན་པ་དང་འཆར་ལྡན་བུ་སྐྱེའི་ཆེད་ལས་ལས་བྱེད་པ། ཧྲུའུ་ཅི་དང་པོ། སྡེ་སྡོད་བྱ་བའི་རུ་ཁག་བཅས་རྩ་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་སོང་སྟེ།“ཁ་གཏད”སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། གཞན་སྐད་འཕྲིན་ཚོགས་པ་དང་སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་སྨྱན་བྱད་གསར་པའི་སྤྱི་སྟེགས་སུ་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཀྱི་གནས་ཚུལ་བསྒྲགས་ཏེ། སྔར་ལས་ལྷག་པར་དབུལ་ཕོངས་མི་འབོར་གྱི་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཐད་ཀྱི་ཤེས་རྟོགས་ཚད་མཐོར་འདེགས་སུ་བཏང་།

དུས་མཚུངས་སུ། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་མ་ལག་གི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཁྱིམ་ཚང་རེ་རེར་སོང་སྟེ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་པོར་གྱུར་པའི་ཞིབ་དཔྱད་བྱ་བ་བསྒྲུབས་ལ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ལ་ནད་བྱུང་པའི་གནས་ཚུལ་དང་སྨན་བཅོས་བྱེད་ཐབས། སྨན་རིན་རྩིས་ཞུ་བྱེད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པར་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་རྒྱལ་ཡོངས་བདེ་ཐང་དབུལ་སྐྱོར་གནས་ཚུལ་དོ་དམ་མ་ལག་ནང་དུ་བཅུག་སྟེ། ཁྱིམ་ཚང་གཅིག་ལ་ཡིག་ཚགས་གཅིག་དང་མི་གཅིག་ལ་བྱང་བུ་གཅིག་བེད་སྤྱོད་བྱས་ཤིང་། རིགས་དབྱེ་སྲོག་སྐྱོབ་སྨན་བཅོས་ལག་བསྟར་བྱས་ནས། བདེ་ཐང་དབུལ་སྐྱོར་གྱི་ཆེད་དམིགས་རང་བཞིན་དང་ཕན་ནུས་རང་བཞིན་ཤུགས་ཆེ་རུ་བཏང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པའི་ཟླ་མཇུག་བར་དུ། མཚོ་ཤར་གྲོང་ཁྱེར་གྱི་དབུལ་ཕོངས་མི་འབོར་གྱི་གློག་རྡུལ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་གྲངས་ཁྲི་བདུན་དང་སྟོང་བདུན་ཉིས་རྒྱ་དང་གྱ་དགུ་དང་། མི་གྲངས་འབུམ་གཉིས་དང་ཁྲི་དགུ་སྟོང་ལྔ་དང་ཉིས་བརྒྱ་དྲུག་ཅུ་རུ་སླེབས་ཡོད་པས། ཡིག་ཚགས་དང་བྱང་བུ་བཟོས་པའི་ཞིབ་དཔྱད་ཆོག་མཆན་བྱ་བ་ཡོངས་སུ་བསྒྲུབས་ཚར་ལ། ཞིབ་དཔྱད་ཀྱི་ཚད་བརྒྱ་ཆའི་བརྒྱ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས“ནད་ལྗིད་མོ་སྐོར་ཞིག་ལ་གཅིག་བསྡུས་སྲོག་སྐྱོབ་སྨན་བཅོས་བྱེད་པ་དང་། ཡུན་ནད་སྐོར་ཞིག་ལ་ཞབས་ཞུའི་དོ་དམ་གྱི་གན་རྒྱ་འཇོག་པ། ནད་ཚབས་ཆེན་སྐོར་ཞིག་ལ་མཐིལ་བརྟོལ་འགན་སྲུང་བྱེད་པའི”འགུལ་སྐྱོད་ཇུས་གཞི་དངོས་འབེབས་བྱས་པ་དང་། “གཏན་འཁེལ་གསུམ་དང་ཤུགས་སྣོན་གཉིས”ཀྱི་བླང་བྱ་ལྟར་གཡུལ་འགྱེད་ཀྱི་པར་རིས་བཀལ་བ་དང་། སྲོག་སྐྱོབ་སྨན་བཅོས་ཀྱི་དུས་ཚོད་རེའུ་མིག་བཀོད་སྒྲིག་བྱས་ཏེ། རྫོང་དང་ཆུས་ཀྱི་སྨན་ཁང་དུ་སྡོད་པར“སྔོན་ལ་སྨན་ཁང་དུ་བསྡད་རྗེས་སྨན་རིན་སྤྲོད་པ”དང་སྨན་ཁང་ནས་ཕྱིར་འབུད་དུས་ལམ་སང་སྨན་རིན་སྤྲོད་དགོས་པའི་ལམ་ལུགས་ལག་བསྟར་བྱས། མིག་སྔར། མཚོ་ཤར་གྲོང་ཁྱེར་དུ་ནད་ལྗིད་མོ་རིགས་བཅུ་བཞི་བྱུང་སྟེ་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་པའི་ནད་པ་བདུན་བརྒྱ་དང་རེ་གཅིག་ཡོད་པ་དང་། ནད་པ་དྲུག་བརྒྱ་དང་དོན་གཉིས་ལ་སྲོག་སྐྱོབ་སྨན་བཅོས་བྱེད་མགོ་བརྩམས་ཤིང་། སྲོག་སྐྱོབ་སྨན་བཅོས་ཀྱི་ཚད་ནི་བརྒྱ་ཆའི་གྱ་བརྒྱད་ཡིན། གྲོང་ཁྱེར་ཡོངས་ཀྱི་ནད་ལྗིད་མོ་ཕོག་ཡོད་པའི་དབུལ་ཕོངས་ནད་པར་གཅིག་བསྡུས་ཀྱིས་སྲོག་སྐྱོབ་སྨན་བཅོས་བྱས་པ་དང་། ནད་ཚབས་ཆེན་བྱུང་ཡོད་པ་དང་སྨན་རིན་སྤྲོད་པའི་ཁུར་པོ་ཅུང་ལྕི་བའི་དབུལ་ཕོངས་མི་འབོར་ལ། གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དང་ནད་ལྗིད་མོ་ཉེན་སྐྱོབ། སྨན་བཅོས་རོགས་སྐྱོབ། བདེ་ཐང་ཚོང་ལས་ཉེན་སྐྱོབ་བཅས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་གཅིག་གྱུར་འཆར་འགོད་བྱས་པར་བརྟེན་ནས། ཚད་མཐོན་པོའི་སྒོ་ནས་སྒོར་མོ་ཉུང་ཙམ་བཀོལ་ཏེ་ནད་ལེགས་པོར་སྟོན་ཐུབ་པ་མངོན་འགྱུར་བྱས།

གཞན་ད་དུང་། མཚོ་ཤར་གྲོང་ཁྱེར་གྱིས་ནད་ལྗིད་མོ་བྱུང་པའི་དབུལ་ཕོངས་ནད་པར་གནད་ཁེལ་སྨན་ཁང་ནས་ནད་སྟོན་པར་ལྗང་མདོག་རྒྱུ་ལམ་ལོངས་སྤྱོད་བྱེད་དུ་བཅུག་པ་དང་། སྨན་ཁང་གིས་ནད་བརྟག་སྨན་བཅོས་གོ་རིམ་ལེགས་བསྒྱུར་བྱེད་ཅིང་། སྒུག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ། གཞི་རྩའི་སྨན་བཅོས་ཉེན་སྐྱོབ་ཀྱི་དཀར་ཆག་ནང་གི་ཉེན་མེད་ནུས་ལྡན་དང་དཔལ་འབྱོར་འོས་འཚམ་ཡིན་པའི་སྨན་བཅོས་ལག་རྩལ་དང་སྨན་རྫས། རྫས་གྲོན་བཅས་སྔོན་ཐོབ་ཀྱིས་འདེམ་གསེས་བྱས་ཏེ། སྨན་ཡོན་སོགས་ཀྱི་འགྲོ་གྲོན་ཚོད་འཛིན་ནན་མོ་བྱས།
                                                                                                                                  རྩོམ་སྒྲིག་པ། སྐར་མ་མཚོ།