རྒྱལ་ཁབ་ཕྱི་ནང་གི་མདའ་བ་མང་པོའི་མིག་རྒྱན་དུ་གྱུར་བའི་གཅན་ཚ་མདའ་མོ་གཡང་རྫོང་།
2018.09.22 ཁུངས། ཀློག་གྲངས། 825

གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པའི་ཡུལ་དངོས། 

རྒྱལ་ཁབ་ལུས་རྩལ་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་མདའ་རྩལ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། གཅན་ཚ་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི་ཉིས་སྟོང་བཅོ་བརྒྱད་ལོའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་སྤྱི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་གཅན་ཚ་རྫོང་ནས་གཟབ་རྒྱས་ངང་བསྡུས།(ཡུལ་དངོས་ཀྱི་སྒྲ་ཐོན།

ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་གི་མདའ་བ2254ཡིས་གྲུབ་པའི་མདའ་རྩལ་རུ་ཁག170ཞུགས་ཡོད་ལ། དེའི་ནང་ཨོ་སི་ཁྲུ་ལི་ཡ་དང་། དབྱིན་ཇི། ཧང་ག་རི། ཅི་ཨར་ཇི་སི་ཟི་ཐན། རོ་མ་ནི་ཡ། ཨིར་ལན། ཨུ་རུ་སུ་དཀར་པོ། ཧྥ་རན་སེ། ལྷོ་ཁོ་རེ་ཡ། དབྱི་རན། ལི་ཐུ་ཝན།  མ་ལེ་ཞི་ཡ། མོང་གོལ།  ཕ་ཁི་སི་ཐན།  པུར་ཀ་རི་ཡ། འཇར་མན། ཡུག་ཁུ་རེན། ཨ་མེ་རི་ཁ།  ཐེ་ལན་བཅས་ཕྱི་རྒྱལ་གྱི་མདའ་རྩལ་རུ་ཁག་བཅུ་དགུ་དང་།  ཞང་ཀང་དང་ཐའེ་ཝན་འདུས་པའི་ཞིང་ཆེན་གཞན་གྱི་མདའ་རྩལ་རུ་ཁག་ཉེར་གསུམ་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་མདའ་རྩལ་རུ་ཁག་བརྒྱ་དང་གཅིག་ཞུགས་ཡོད།  འགྲན་བསྡུར་གྱི་རྣམ་གྲངས་ལ་བསྡོམས་པས་མི་ཉི་ཤུའི་རྭ་གཞུ་ཚན་ཆུང་དང་། མི་ཉི་ཤུའི་གཞུ་འཁོར་ལོ་མའི་ཚན་ཆུང་། མི་ཉི་ཤུའི་ལྕགས་གཞུ་ཚན་ཆུང་། མི་ལྔའི་དེང་རབས་སྲོལ་རྒྱུན་གཞུ་འགྲན་ཚན་ཆུང་བཅས་སུ་བགོས་འགྲན་བསྡུར་བྱས་པ་རེད།

(ཡུལ་དངོས་ཀྱི་སྒྲ་ཐོན།དུས་མཚུངས་སུ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་བོད་ཁྱིམ་གསོལ་མགྲོན་ཁང་དུ་ཐེངས་འདིའི་མདའ་སྟོན་བཤམས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པ་རྣམས་མདའ་སྟོན་ལ་སོང་ནས་གནས་མཆོག་གཅན་ཚའི་མཛེས་སྡུག་ལ་རོལ་མྱོང་བྱས། འདི་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ། གཅན་ཚ་མདའ་མོ་གཡང་རྫོང་གིས་ཞི་བདེ་དང་། བརྗེ་རེས། ཤེས་རྟོགས། བཟོད་སྒོམ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དགོངས་དོན་ལག་ལེན་བྱས་པའི་སྙིང་སྟོབས་མཚོན་ཡོད་ལ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མི་རིགས་རིག་གནས་དར་སྤེལ་དང་གནས་མཆོག་གཅན་ཚའི་དྲིལ་སྒྲོག་ཐད་སྔར་ལས་ལྷག་པས་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མངོན་པར་མཚོན་ཡོད།

གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་འདི་རྒྱལ་སྤྱི་ཅན་དུ་ཁ་ཕྱོགས་ཐུབ་ཡོད་མིན་དེ་གཙོ་བོ་ཕྱིའི་རྒྱལ་ཁབ་ཀྱི་འགྲན་ཞུགས་པ་མང་པོ་འགྲན་བསྡུར་ནང་ཞུགས་ཡོད་མེད་ལ་ལྟ་དགོས་པས། གསར་འགོད་པས་ཐེངས་འདིར་ཆེད་དུ་དེའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཙམ་རྒྱུས་ལོན་བྱས་པ་ན། གཡང་མདའ་རྟགས་མའི་སྐབས་དང་པོའི་འགྲན་ཚོགས་ལ་ཧྥ་རན་སེ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་སོགས་རྒྱལ་ཁབ་བརྒྱད་ཀྱི་མི་ཉེར་གཉིས་མ་གཏོགས་ཞུགས་མེད།  སྐབས་བཞི་བ་དང་སྐབས་ལྔ་བ་གཉིས་བསྡུར་ན། སྐབས་བཞི་བར་རྒྱལ་ཁབ་བཅུ་དགུའི་མདའ་བ་གོ་གཉིས་ཞུགས་ཡོད་པ་དང་སྐབས་ལྔ་བ་སྟེ་ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་བཅུ་དགུའི་མདའ་བ་གྱ་བདུན་ཞུགས་ཡོད་པ་རེད། སྐབས་དང་པོ་དང་སྐབས་གཉིས་པ་བསྡུར་ན་ད་ནི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་ཚོགས་ནང་ཞུགས་མཁན་གྱི་ཕྱི་རྒྱལ་གྱི་མདའ་བ་ལྡབ་གསུམ་ནས་ལྡབ་བཞིས་ཇེ་མང་ལ་སོང་འདུག

ཞིང་ཆེན་གཞན་དང་རྒྱལ་ཁབ་གཞན་གྱི་མདའ་བ་རྣམས་ལ་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་གྱིས་བག་ཆགས་ག་འདྲ་ཞིག་བཞག་ཡོད་པའི་སྐོར་རྒྱུས་ལོན་བྱ་ཆེད།  གསར་འགོད་པས་ཧྥ་རན་སེ་ནས་ཐོན་པའི་མདའ་བ་ཧྥེ་ལེ་ཕུའུ་ལ་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར།བཅར་འདྲིའི་སྒྲ་ཐོན།

གཞན་དབྱིན་ཇི་དང་ཨོ་སི་ཁྲུ་ལེ་ཡ་སོགས་ནས་ཐོན་པའི་མདའ་བ་འགར་བཅར་འདྲི་བྱེད་སྐབས་ཀྱང་སྔར་བཞིན་ཧྥེ་ལེ་ཕུའུ་ཡིས་བཤད་པ་ཇི་བཞིན་གཅིག་མཐུན་གྱི་བཤད་ཚུལ་ཞིག་ཡོད་པ་ནི།བཅར་འདྲིའི་སྒྲ་ཐོན།ས་ཆ་གསར་བ་ན་རིག་གནས་གསར་བ་དང་ཚོར་བ་གསར་བ་མང་པོ་ཡོད་པས། འགྲན་ཚོགས་འདིའི་གོ་རིམ་ཆ་ཚང་ལ་རོལ་མྱོང་བྱ་རྒྱུ་ནི་ཧ་ཅང་གཙོ་བོར་བཟུང་ནས་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཡུལ་འདིའི་མི་དང་རིག་གནས་ཕྱོགས་ཀུན་ནས་ཧ་ཅང་ཡག་པོ་རེད་ཟེར།

དེ་དང་བསྟུན་ནས་རང་རྒྱལ་གྱི་ཧོ་པའེ་ཞིན་ཆེན་ནས་ཐོན་པའི་མདའ་བ་ལིའུ་ཀྲིན་ཚོན་གྱིས།བཅར་འདྲིའི་སྒྲ་ཐོན།ད་ལོ་ནི་ཁོ་རང་ཐེངས་བཞི་བར་གཅན་ཚའི་མདའ་རྩལ་ལ་ཞུགས་པ་དང་། ཐེངས་རེ་རེར་ཞུགས་ན་ཚོར་བ་མི་གཅིག་པ་རེ་རེ་ཡོད་ལ། རྩ་འཛུགས་ཚོགས་པས་ཁོ་ཚོའི་འཚོ་བ་དང་མགྲོན་ཁང་སོགས་བྱ་བ་སྣ་ཚོགས་བཀོད་སྒྲིག་བྱས་པ་ཧ་ཅང་བཟང་། སྐབས་དང་པོའི་དུས་དང་བསྡུར་ན་གཅན་ཚ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག་ཅེས་བཤད་སོང་།  མཇུག་མཐར། ནང་སོག་རྩྭ་ཐང་ནས་འོང་བའི་མདའ་བ་སི་ཆིན་པཱ་ཐི་ཡིས། བཅར་འདྲིའི་སྒྲ་ཐོན།ཁོ་ནི་ནང་སོག་ཞི་ལིན་གུར་ལི་ནས་ཡིན་པ་དང་། གཅན་ཚ་མདའ་མོ་གཡང་རྫོང་ནས་བོད་རིགས་མང་པོ་ངོ་ཤེས་སུ་གྱུར་བ་དགའ་བོ་བྱུང་ཡོད། ཐེངས་འདིའི་འགྲན་སྡུར་རྒྱལ་ཁས་ངང་མཇུག་རྫོགས་པར་རྟེན་འབྲེལ་ཞུས་པ་ཡིན་ཟེར།


གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས།