དར་ལུང་མཉམ་ལས་ཁང་གི་དཀའ་སྡུག་གི་ལོ་ངོ་བདུན།
2018.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 117

གསོ་སྤེལ་ཚན་ཆུང་གིས་ལུག་བལ་འབྲེག་བཞིན་པ།

མཉམ་ལས་ཁང་གི་ལས་བཟོ་བའི་ངལ་རྩོལ་བྱེད་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དར་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དུ། ངོ་གདོང་ཅུང་ནག་པོ་ཡིན་པའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་རྒྱལ་གྱིས་དགའ་སྤྲོའི་ངང་སྡེ་བའི་འགྱུར་ལྡོག་གླེང་བྱུང་། ན་ནིང་ལོ་མཇུག་ཏུ། ང་ཚོའི་མཉམ་ལས་ཁང་གིས་ཡོང་སྒོ་སྒོར་འབུམ་བཞི་བགོ་བཤའ་བརྒྱབ། ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་སྒོར་ཁྲི་གཅིག་དང་སྟོང་གསུམ་ཡོད་པ་དང་། མི་རེར་ཆ་སྙོམས་བྱས་ན་སྒོར་སྟོང་གསུམ་ལྷག་ཡོད།

ཁྱིམ་ཚང་སུམ་ཅུ་དང་མི་གྲངས་བརྒྱ་དང་ཉེར་དྲུག་ཡོད་པའི་དར་ལུང་སྡེ་བ་ནི་ཐུན་ཏེ་རྫོང་གི་སྡེ་བ་ཆེས་ཆུང་བ་རེད། མི་གྲངས་ཉུང་རུང་རྨོ་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་བརྒྱ་དང་སོ་དྲུག་དང་། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་སྟོང་གཅིག་དང་བཅུ་གཅིག་ལྷག་ཡོད། མ་རྩ་འདི་དག་ཡོད་པས་དར་ལུང་སྡེ་བས་ཞིང་ཕྱུགས་མཉམ་འབྲེལ་སྒོས་འཕེལ་རྒྱས་བྱས་ན་རྨང་གཞི་བཟང་བོ་ཡོད། ལོ་བདུན་གྱི་སྔོན་ལ། ཐུན་ཏེ་རྫོང་དུ་སྡེ་བ་རིམ་པའི་མཉམ་ལས་ཁང་འཛུགས་རྒྱུ་དར་ཁྱབ་བྱུང་། སྐབས་དེ་ནས་བཟུང་། སྡེ་བ་དེའི་འཕེལ་རྒྱས་དང་མཉམ་ལས་ཁང་གི་བྱ་བ་དམ་པོར་འབྲེལ་ཡོད།

“མཉམ་ལས་ཁང་ཞེས་བཤད་རུང་བྱེ་བྲག་གིས་ཇི་ལྟར་ཚོང་གཉེར་བྱེད་པ་དང་། མཉམ་ལས་ཁང་བཙུགས་རྗེས་ཇི་ལྟར་འཁོར་སྐྱོད་བྱེད་པ། ང་ཚོའི་སེམས་ནས་ཀྱང་གསལ་བོར་མི་ཤེས།”དར་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་རྒྱལ་གྱིས་དྲང་བོར་བརྗོད་བྱུང་། གནས་ཚུལ་འདི་ལྟ་བུ་ཡ་མཚར་བ་ཞིག་མིན་ཏེ། སྐབས་འདིར། རྒྱང་རིང་གི་རི་ཁྲོད་དང་ཆ་འཕྲིན་དུས་ལྟར་འཕྲོད་དཀའ་བའི་འབྲོག་ཁུལ་གྱི་སྡེ་བ་ཞིག་ལ་མཚོན་ནས་བཤད་ན། མཉམ་ལས་ཁང་ནི་མིང་ཚིག་གསར་བ་ཞིག་རེད།

དེ་ལྟར། 2011ལོར། དར་ལུང་སྡེ་བའི་ལོ་རྒྱུས་སྟེང་གི་མཉམ་ལས་ཁང་དང་པོ་འཁོར་སྐྱོད་བྱེད་མགོ་བརྩམས། སྲིད་གཞུང་གི་རོགས་སྐྱོར་འོག མཉམ་ལས་ཁང་གིས་ཕྱུགས་སྤྱིལ་དྲོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། ད་དུང་ལུ་གུ་སྐོར་ཞིག་ཉོས། འོན་ཀྱང་། ཉམས་མྱོང་གཅིག་ཀྱང་མེད་པའི་དར་ལུང་སྡེ་བའི་མི་རྣམས་ཀྱིས་བྱ་བའི་བྱེད་ཐབས་འཚོལ་ཞིབ་བྱེད་མ་ཐུབ་ལ། ལོ་གཉིས་མ་འགོར་བར། མཉམ་ལས་ཁང་གཉེར་སྐྱོང་བྱས་པ་མ་བཟང་བས་རྒྱུན་སྐྱོང་མ་ཐུབ།

རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར། སྐབས་དེར། ཟི་ལིང་གི་སྦྱིན་བདག་ཞིག་གིས་ང་ཚོའི་མཉམ་ལས་ཁང་འགན་གཙང་ལེན་བྱེད་རྒྱུ་བྱས་པ་དང་། ང་ཚོ་རང་ཉིད་ཀྱིས་མཉམ་ལས་ཁང་གཉེར་མི་ཤེས་པས། ང་ཚོས་ཁོ་ལ་འགན་གཙང་ལེན་བྱེད་དུ་བཅུག ལོ་གཅིག་འགོར་རྗེས། ཁོས་ཀྱང་འཁོར་སྐྱོད་བྱེད་མི་ཐུབ་པར་གྱུར།

སྐབས་དེར། ཐེངས་གཉིས་ལ་ཕམ་ཁ་བྱུང་བས། དེ་སྔོན་མཉམ་ལས་ཁང་ལ་སྤྲོ་བ་ཡོད་པའི་སྡེ་མི་རྣམས་ཀྱི་སེམས་ཤུགས་ཀྱང་རིམ་བཞིན་ཉམས་རྒུད་དུ་གྱུར། ཕྱུགས་སྤྱིལ་ཁང་བ་དག་ལ་བལྟས་ནས། སྐབས་དེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྟ་མགྲིན་རྒྱལ་གྱི་སེམས་སུ་བྱ་བ་དེ་བསྐྱུར་མི་འདོད་ཀྱང་། མཉམ་ལས་ཁང་རིམ་བཞིན་དར་ལུང་སྡེ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གར་སྟེགས་ལས་ཡལ་བར་གྱུར།

2015ལོར། རྟ་མགྲིན་རྒྱལ་དང་སྡེ་བའི་ལས་བྱེད་རྣམས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སོགས་ས་གནས་སུ་སོང་ནས་ལྟ་སྦྱོང་དང་སློབ་སྦྱོང་བྱས། ས་ཁུལ་དེ་དག་གི་མཉམ་ལས་ཁང་འཕེལ་རྒྱས་བྱས་པ་ཧ་ཅང་བཟང་བས། ཕྱིར་སྡེ་བར་ཐོན་རྗེས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་རྣམས་ཀྱིས་སེམས་སུ་ཚོར་སྣང་སྣ་ཚོགས་སྐྱེས།

ནམ་ཟླའི་ཆ་རྐྱེན་དང་ས་གཤིས་ཁོར་ཡུག་ཚང་མ་ཕལ་ཆེར་འདྲ་མཚུངས་རེད། གཞན་ཚང་མས་འཕེལ་རྒྱས་གཏོང་ཐུབ་པ་འདི་ཅི་ཡིན་ནམ།

ང་ཚོའི་སྡེ་བའི་ས་ཞིང་ཆེ་ལ། རྩྭ་སའི་རྒྱ་ཁྱོན་ཡང་ཆེ་བས། ཅི་ཞིག་ལ་མཉམ་ལས་ཁང་འཁོར་སྐྱོད་བྱེད་མ་ཐུབ་བམ།

གནད་དོན་འགའ་ཕྱིར་བཏོན་པས། རྟ་མགྲིན་རྒྱལ་གྱི་སེམས་སུ་མཉམ་ལས་ཁང་ལས་རྒྱུའི་འདུན་པར་ཡང་བསྐྱར་གསོན་ཤུགས་བསྣན་བྱུང་། ཚང་མས་བཅོས་སྒྱུར་གྱི་དུས་སུ་སླེབས་ཡོད་པ་ཤེས་ཡོད།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་ཡིས་བཤད་རྒྱུར། ལྟ་སྦྱོང་མཇུག་རྫོགས་རྗེས་ཅུང་མ་འགོར་བར། ང་ཚོས་ཡང་བསྐྱར་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བའི་ཐད་རྫོང་དུ་སྙན་ཞུ་ཅིག་ཕུལ་བ་དང་། རྗེས་སུ། ང་ཚོ་ཞིན་ཧེ་དང་ཁྲི་ཀ་སོགས་རྫོང་དུ་སོང་ནས་མཉམ་ལས་ཁང་གི་འཁོར་སྐྱོད་ཐད་སློབ་སྦྱོང་བྱས་ཟེར།

རྟ་མགྲིན་རྒྱལ་གྱི་སྣེ་ཁྲིད་འོག 2016ལོར། ཡང་བསྐྱར་སྒོ་འབྱེད་བྱས་པའི་དར་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་བསྒྱུར་བཀོད་མགོ་བརྩམས་བྱུང་། ལུག་གཅིག་ལ་སྒོར་བརྒྱད་བརྒྱ་དང་ནོར་གཅིག་ལ་སྒོར་སྟོང་བཞི་དང་ལྔ་བརྒྱ། རྩྭ་ས་མུའུ་གཅིག་ལ་སྒོར་སོ་ལྔ། ས་མུའུ་གཅིག་ལ་སྒོར་བརྒྱ་དང་བཅུ་བཅས་མ་རྐང་གི་ཆ་རྐྱེན་ཧ་ཅང་གསལ་བོར་བྲིས་ཡོད་ལ། ཐེངས་མང་པོ་ཕམ་ཁ་བྱུང་མྱོང་བས་སྡེ་དམངས་རྣམས་ཀྱི་སེམས་སུ་དོགས་པ་སྐྱེས་བཞིན་ཡོད།

སྐུལ་སློང་ཚོགས་འདུ་རེ་རེ་དང་འགོ་ཁྲིད་ཚོགས་འདུ་རེ་རེ་ཚང་མ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཚང་མས་སེམས་སུ་ཐེ་ཚོམ་སྐྱེས་ཡོད། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱ་ཆེད། རྟ་མགྲིན་རྒྱལ་དང་རྡོ་རྗེ་གཉིས་ཀྱིས་སྣེ་ཁྲིད་ནས་ཁྱིམ་གྱི་རྩྭ་ས་དང་རྨོ་ཞིང་། ནོར་ལུག་ཚང་མ་མཉམ་ལས་ཁང་དུ་མ་རྐང་བྱས། དེ་ནས་ཧྲུའུ་ཅི་རྒན་པ་རྟ་མགྲིན་རྒྱལ་ནི་མཉམ་ལས་ཁང་དུ་ཞུགས་མཁན་མི་གསུམ་པ་རེད།

སྡེ་དམངས་པད་མ་ཚེ་མཁར་གྱི་ཨ་ཕ་བཱེ་ཧྲུའུ་ལུའུ་ནི་སྡེ་བའི་ནང་གི་ཏང་ཡོན་རྒན་པ་རེད། སྡེ་བའི་ལས་བྱེད་རྣམས་ཀྱིས་རང་ཁྱིམ་གྱི་མ་རྩ་དག་མཉམ་ལས་ཁང་དུ་བཞག་པ་མཐོང་བས། བཱེ་ཧྲུའུ་ལུའུ་ཡང་འདུག་མི་བཟོད་པར་གྱུར།

པད་མ་ཚེ་མཁར་གྱིས་བྲེལ་འཚུབ་ཀྱིས་ངང་ནས་བཤད་རྒྱུར། སྐབས་དེར་ལུག་མེད་པ་དང་སྒོར་མོ་ཡང་མེད་པར་གྱུར་ཚེ། ཅི་བྱེད་ཟེར།

སྡེ་བའི་ལས་བྱེད་རྣམས་ཀྱིས་ཚང་མས་འཕེལ་རྒྱས་བསམ་བཞིན་ཡོད་པས། ཁྱོད་ལོག་ལམ་དུ་ཁྲིད་མི་སྲིད། བཱེ་ཧྲུའུ་ལུའུ་ཡིས་སེམས་ཐག་བཅད་པ་མ་ཟད། བུ་ལ་སྐུལ་སློང་བྱས་ཏེ་ཁྱིམ་གྱི་རྩྭ་ས་སྤྱི་ཆིང་བཅུ་གསུམ་དང་ནོར་བདུན། ལུག་སུམ་ཅུ་དང་རྨོ་ཞིང་སྤྱི་ཆིང་གཅིག་དང་གྲངས་ཆུང་དྲུག་བདུན་ཚང་མ་མ་རྐང་དུ་བཞག

ཁྱིམ་ཚང་ལྔ། དྲུག བདུན། སྡེ་བའི་ནང་གི་ཏང་ཡོན་ལས་བྱེད་བཅོ་ལྔ་ཡིས་ཚོད་ལྟ་བྱས་པ་དང་། རྒྱབ་སྐྱོར་མཁན་ཡོད་པས་རྟ་མགྲིན་རྒྱལ་ཉིན་རྒྱུན་རྫོང་དུ་སོང་ནས། ག་ས་གང་དུ་སྙན་ཞུ་ཕུལ་བས། མཐར་མཇུག་མཉམ་ལས་ཁང་ལ་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་ལྔ་བརྩོན་ལེན་བྱས།

རྡོ་རྗེ་ཡིས་བཤད་རྒྱུར། དེ་སྔོན་སྡེ་མི་རྣམས་ཀྱིས་རང་བྱུང་རྩྭ་སར་བརྟེན་ནས་ཕྱུགས་འཚོ་བཞིན་ཡོད་པས། རྩྭ་སའི་གཏོར་བརླག་ཅུང་ཚབས་ཆེ་ལ། གསོ་སྤེལ་གྱི་དུས་ཡུན་ཅུང་རིང་། རྗེས་སུ། ཕྱི་རུ་སློབ་སྦྱོང་དང་ཆེད་མཁས་པ་མཉམ་ལས་ཁང་དུ་ཡོང་ནས་མཛུབ་སྟོན་བྱས་པས། ང་ཚོས་ཕན་ནུས་མཐོ་བའི་གསོ་སྤེལ་རྣམ་པ་ལྟར་ཚན་རིག་འཕེལ་རྒྱས་བཏང་བ་དང་། གསོ་སྤེལ་གྱི་དུས་ཡུན་ཇེ་ཉུང་དུ་བཏང་སྟེ་ཟླ་དྲུག་བྱས། སྔོན་གྱི་ཟླ་གཉིས་ལ་མ་མོའི་འོ་མ་སྣུན་པ་དང་རྗེས་ཀྱི་ཟླ་བཞིའི་ནང་ནས་སོགས་གཟན་ཆས་བྱིན་པས། རྩྭ་སའི་གནོན་ཤུགས་ཚད་ངེས་ཅན་ཞིག་གི་ནང་ཇེ་ཡང་དུ་བཏང་བ་དང་། གཏོར་བརླག་བྱས་པའི་རྩྭ་ས་སླར་གསོ་འབྱུང་བར་ཕན་ཁེ་ངེས་ཅན་ཡོད། ལུག་ཤ་དང་ལུག་བལ། ལུག་ལྤགས་སོགས་ཐོན་ཚད་མུ་མཐུད་དུ་འཕར་སྣོན་བྱས་པས། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཐོན་ལས་ཀྱི་འབྲེལ་ཐག་རིམ་བཞིན་ཆགས་ཟེར།

2016ལོའི་ལོ་མཇུག་ཏུ། ཁེ་སྤོགས་བླངས་མྱོང་མེད་པའི་དར་ལུང་མཉམ་ལས་ཁང་གིས་ཡོང་སྒོ་དང་པོ་སྒོར་འབུམ་གཅིག་བླངས།

ཕན་འབྲས་མཐོང་བས་སྡེ་དམངས་རྣམས་ཀྱི་སེམས་ཀྱང་འགུལ་བྱུང་། འོན་ཀྱང་། སྡེ་བའི་ལས་བྱེད་རྣམས་ཀྱིས་རྒྱང་རིང་ལ་བསམ་བློ་གཏོང་དགོས་པས། ཡང་བསྐྱར་འཕེལ་རྒྱས་བཏང་ན། ཚད་ལྡན་གྱི་ཚོང་གཉེར་བྱེད་དགོས་ལ། ལུགས་མཐུན་སྒོས་འཁོར་རྒྱུག་བྱེད་དགོས།

“ང་ཚོས་མཉམ་ལས་ཁང་ཚན་ཆུང་གཉིས་རུ་བགོས། གསོ་སྤེལ་ཚན་ཆུང་གིས་ནོར་ལུག་གསོ་སྤེལ་གཙོར་བཟུང་བཞིན་ཡོད་ལ། ནོར་ལུག་གསོ་སྤེལ་ལ་ཡང་ཚན་ཆུང་གཉིས་ཡོད་པ་དང་། སོ་སོར་མི་བཞི་དང་མི་དྲུག་ཡོད་ལ། དེའི་ཁྲོད་མི་གཅིག་གིས་ཚན་གཙོའི་འགན་ཁུར་ཡོད། འདེབས་འཛུགས་ཚན་ཆུང་ལ་མི་བརྒྱད་ཡོད་པ་དང་། གཅིག་ནི་ཚན་གཙོ་ཡིན། ཐོན་ཚད་ལ་ཁག་ཐེག་བྱ་ཆེད། ཚན་ཆུང་གི་ཚན་གཙོས་སྡེ་བའི་ཨུ་ཡོན་ལྷན་ཁང་ལ་འགན་འཁྲིའི་ཡི་གེ་བྲིས། ཚན་ཆུང་གི་མི་སྣ་སོ་སོས་ཚན་གཙོ་ལ་འགན་འཁྲིའི་ཡི་གེ་བྲིས། གལ་ཏེ་ཐོན་ཚད་ཚད་གཞིར་སླེབས་མེད་ཚེ། མྱུར་དུ་མཉམ་ལས་ཁང་གི་སྒྲིག་སྲོལ་ལམ་ལུགས་ལྟར་ཆད་པ་གཅོད་ངེས་རེད།”

རིམ་བཞིན། དར་ལུང་སྡེ་བའི་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་དེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དོ་དམ་དང་དེང་རབས་ཅན་གྱི་སྒྲིག་ཆས། ཆེད་ལས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་ཚོང་གཉེར་གྱི་དེང་རབས་ཞིང་ཕྱུགས་ལས་ཕྱོགས་སུ་བསྒྱུར། མཉམ་ལས་ཁང་འཕེལ་རྒྱས་ཀྱི་གནས་བབ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་བས། 2017ལོའི་ཟླ་དགུ་བར། སྡེ་དམངས་ཆོས་སྐྱོང་ཐར་གྱིས་རང་ཁྱིམ་གྱི་རྨོ་ཞིང་སྤྱི་ཆིང་བཞི་དང་གྲངས་ཆུང་གསུམ་གསུམ་དང་རྩྭ་ས་སྤྱི་ཆིང་བཅོ་བརྒྱད་དང་གྲངས་ཆུང་བདུན་བདུན་མ་རྐང་དུ་བཞག་ནས་མཉམ་ལས་ཁང་དུ་ཞུགས། སྐབས་འདིར། དར་ལུང་སྡེ་བའི་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་སུམ་ཅུའི་སྡེ་དམངས་དང་རྩྭ་ས། རྨོ་ཞིང་། ནོར་ལུགས་བཅས་ཚང་མ་མཉམ་ལས་ཁང་དུ་ཞུགས།

ལོ་མཇུག་ཏུ་སླེབས་དུས། མཉམ་ལས་ཁང་གི་སྤྱིའི་ཡོང་སྒོ་སྒོར་འབུམ་བདུན་དང་ཁྲི་གཉིས་ཡོད་པ་དང་། དེའི་ཁྲོད་ཞིང་ལས་ཀྱི་ཡོང་སྒོ་སྒོར་འབུམ་ལྔ་དང་ཕྱུགས་ལས་ཀྱི་ཡོང་སྒོ་སྒོར་འབུམ་གཉིས་དང་ཁྲི་གཉིས་ཡིན་ལ། ཁེ་སྤོགས་སྒོར་འབུམ་ལྔ་དང་ཁྲི་བཞི་ཡོད་པ་མངོན་འགྱུར་བྱས། མཉམ་ལས་ཁང་གི་སྒྲིག་སྲོལ་ལྟར། ཡོང་སྒོའི་བརྒྱ་ཆའི་དོན་ལྔ་མཉམ་ལས་ཁང་གི་ཁོངས་མིར་ཡོང་སྒོ་བགོ་བཤའ་བརྒྱབ་པ་དང་། དེའི་ཁྲོད་བགོ་བཤའ་བརྒྱབ་པའི་མ་དངུལ་སྒོར་འབུམ་བཞི་ལ་སླེབས་ཡོད།

འབྲོག་པ་བསོད་ནམས་འབུམ་དེ་སྔོན་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཡིན། ཁོ་རང་དབང་བོ་སྐྱོན་ཅན་ཡིན་ལ། བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་པས། བཟའ་མི་བཞི་ཡི་འཚོ་བའི་གནོན་ཤུགས་ཆུང་མ་མཚོ་མོ་རྒྱལ་གྱི་ཕྲག་སྟེང་དུ་བབས་ཡོད། 2016ལོར། སྡེ་བའི་ལས་བྱེད་ཀྱིས་ཁོ་ཚང་ལ་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་ནོར་བཞི་ཉོས་པ་དང་། ལོ་གཅིག་གི་རྗེས་སུ། ནོར་བཞི་རྩེབ་ནས་ནོར་བརྒྱད་དུ་སླེབས།

2017ལོར། བསོད་ནམས་འབུམ་གྱིས་ནོར་བརྒྱད་དང་རྨོ་ཞིང་སྤྱི་ཆིང་གཅིག རྩྭ་ས་སྤྱི་ཆིང་བཅུ་གསུམ་བཅས་མཉམ་ལས་ཁང་དུ་མ་རྐང་དུ་བཞག ལོ་མཇུག་ཏུ་སྒོར་སྟོང་བརྒྱད་ཀྱི་ཡོང་སྒོ་བགོ་བཤའ་རྒྱབ། མཚོ་མོ་རྒྱལ་གསོ་སྤེལ་ཚན་ཆུང་གི་ཚོགས་མི་ཡིན་པ་དང་། ལུག་འཚོ་བ་འགན་ཁུར་གྱིན་ཡོད། དེ་ལྟར་བྱས་ན་ལོ་གཅིག་གི་ནང་ཁྱིམ་གྱི་སྒོ་ཁ་ནས་སྒོར་ཁྲི་གསུམ་བཙལ་ཐུབ།

བསོད་ནམས་འབུམ་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ལོ་ངོ་འདི་འདྲ་མང་པོ་ཞིག་གི་རིང་། ལོ་གཅིག་ལ་ཡོང་སྒོ་འདི་འདྲ་ལེན་ཐུབ་པ་སེམས་སུ་ཡང་ཤར་མ་མྱོང་ཟེར།

ལོ་གཅིག་གི་རྗེས་སུ། སྐབས་དེའི་གནས་བབ་ལ་ཕྱིར་དྲན་བྱས་ན། རྟ་མགྲིན་རྒྱལ་གྱི་ཕྲག་སྟེང་གི་འགན་འཁྲི་སྔར་ལས་ལྕི།

“དྲང་མོར་བཤད་ན། སྐབས་དེར་གནོན་ཤུགས་ཧ་ཅང་ཆེ། ཁྱད་པར་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣ་བཅོ་ལྔ་དང་ཏང་ཡོན་གྱིས་སྣེ་ཁྲིད་རྗེས། ཚང་མས་ཡིད་ཆེས་ལ་རེ་བ་སྟོང་ཟད་དུ་གཏོང་མི་རུང་འདོད།”

“དེ་སྔོན་ཐེངས་མང་པོ་ལྟ་སྦྱོང་དང་སློབ་སྦྱོང་བྱས་རྗེས། ང་ཚོའི་སེམས་སུ་གདེང་ཚོད་ཅུང་ཡོད་པར་གྱུར། སྐབས་དེར་ཀླད་པའི་ནང་དུ་འདུ་ཤེས་གཅིག་ཡོད་པ་ནི་ཧུར་བརྩོན་བྱེད་རྒྱུ་དེ་རེད།”རྡོ་རྗེ་རྒྱལ་གྱིས་མུ་མཐུད་དུ་བཤད་རྒྱུར། སྡེ་བའི་ལས་བྱེད་མི་སྣ་བྱས་ཚེ། སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་ནས་ངེས་པར་དུ་གྲུབ་འབྲས་ཞིག་ལེན་དགོས་ཟེར།

ད་ལྟ། མཉམ་ལས་ཁང་རིམ་བཞིན་རྒྱུན་ལྡན་གྱི་ལམ་དུ་སྙེགས་པ་དང་། སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ2015ལོའི་སྟོང་བཞི་དང་ལྔ་བརྒྱ་ནས། 2017ལོར་སྒོར་སྟོང་དྲུག་དང་བདུན་བརྒྱར་སླེབས་ཡོད། འདི་ལྟ་བུའི་འགྱུར་ལྡོག ཐང་མགོ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞི་ཀྲིན་ཕིན་གྱིས་མིག་ནང་དུ་ཤར་ཡོད་ལ་སེམས་སུ་དགའ་སྣང་གིས་ཁེངས་ཡོད།

ཞི་ཀྲིན་ཕིན་གྱིས་བཤད་རྒྱུར། ང་ཚོའི་གྲོང་རྡལ་ལ་མཚོན་ནས་བཤད་ན། དར་ལུང་སྡེ་བར་ཁྱད་ཆོས་གཉིས་ཡོད་ལ། གཅིག་ནི་མཉམ་ལས་ཁང་ལས་པས་སྡེ་དམངས་དང་ནོར་ལུག རྨོ་ཞིང་། རྩྭ་ས་བཅས་བརྒྱ་ཆའི་བརྒྱ་མཉམ་ལས་ཁང་དུ་བཞག་ཡོད། གཉིས་ནི་དར་ལུང་སྡེ་བ་ནི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་གཅིག་ཀྱང་མེད་པའི་སྡེ་བ་ཞིག་ཡིན། དར་ལུང་དཔེ་དབྱིབས་བརྒྱུད་ནས། སྡེ་དམངས་རྣམས་ཀྱིས་དབུལ་ཐར་ཕྱུག་བསྒྱུར་གྱི་ཐབས་ལམ་གསར་བ་རྙེད་པ་དང་། སྡེ་བའི་ནང་དུ་ཡང་སྔར་ལས་མཐུན་སྒྲིལ་དང་འཆམ་མཐུན་ཡིན་པའི་རྣམ་པ་གསར་བ་ཆགས་ཡོད། བརྒྱུད་རིམ་དེའི་ཁྲོད། དར་ལུང་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད་པ་དང་། ཏང་ཡོན་ལ་སྣེ་ཁྲིད་དེ་གདོང་ལེན་དཔེ་སྟོན་གྱི་སྣེ་ཁྲིད་བྱེད་ནུས་ཐོན་ཡོད་པས། ཏང་འཛུགས་བྱ་བ་དང་དཔལ་འབྱོར་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནད་འགག་གི་བྱེད་ནུས་ཐོན་ཡོད། ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་དང་ཕྱུག་བསྒྱུར་བྱེད་པའི་ནུས་པ་སྔར་ལས་ལྷག་པའི་མཐོར་འདེགས་སུ་བཏང་བས། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་གསར་སྐྲུན་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་སྔར་ལས་ལྷག་པའི་ཇེ་དྲག་ཏུ་གྱུར་ཡོད། རོང་འབྲོག་པའི་ཏང་ཡོན་གྱིས་དཔལ་འབྱོར་འཕེལ་རྒྱས་ཡུལ་དངོས་ནས་གཙོ་ཁྲིད་ཀྱི་ནུས་པ་བཏོན་ཏེ། རོང་འབྲོག་པར་སྲིད་ཇུས་སྒྲོག་འདོན་བྱེད་པ་དང་ལག་རྩལ་སློབ་དུ་བཅུག་ནས། མཉམ་ལས་ཁང་འཕེལ་རྒྱས་ཀྱི་ཐད་ཐབས་ཇུས་འདོན་དགོས་ལ། བྱ་བ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ན་གྲུབ་འབྲས་ཡོད་པའི་ཏང་ཡོན་ལས་བྱེད་ཀྱི་དཔུང་སྡེ་ཞིག་གསོ་སྐྱོང་དང་སྦྱོང་བརྡར་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།