ངོ་མཚར་བའི་ལས་རིགས་གསར་སྐྲུན་གྱི་གཏམ་རྒྱུད་ཅིག
2018.09.25 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 55

མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱིས་ཤུགས་རྐྱེན་བཟོས་པ་དང་མཚོ་སྔོན་པོའི་མཛེས་ལྗོངས་ལ་ཡུལ་སྐོར་པ་མང་པོ་འཁོར་བ་དང་བསྟུན་ནས། མཚོ་སྔོན་པོར་ལྕགས་རྟ་བཞོན་ནས་བསྐོར་བའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་སྟེ། མཚོ་སྔོན་པོའི་མཐའ་འཁོར་གྱི་བཟའ་བཏུང་དང་ཞག་སྡོད། ཉོ་སྒྲུབ་སོགས་ཀྱི་འབྲེལ་ཡོད་ཐོན་ལས་ཤུགས་ཆེན་པོས་འཕེལ་དུ་བཅུག་ཅིང་། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་སྣེ་འདྲེན་བྱེད་པའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པར་གྱུར།

མཚོ་སྔོན་པོ་ནས་མཚོ་བསྐོར་འགྲན་སྡུར་སྤེལ་སྐབས་མི་སྔར་བས་མང་པོ་ཞིག་མཚོ་སྔོན་པོར་ལྕགས་རྟར་བཞོན་ནས་བསྐོར་མགོ་བརྩམས། རི་མོ་མཁན་གྱི་པུར་རྩེ་ལས་ཐོན་པ་ལྟ་བུའི་ཡུལ་ལྗོངས་དང་བྱ་འཕུར་བ་ལྟར་མགྱོགས་པའི་འཁོར་ལོའི་འགྲོས་ལས་བོད་རིགས་ཕོ་རྒོད་ཅིག་གི་ལྕགས་རྟའི་ལས་དབང་གི་གཏམ་རྒྱུད་ཅིག་མཚོ་སྔོན་པོའི་མཐའ་འཁོར་ཡོངས་སུ་གྲགས་མགོ་བརྩམས་སོང་།

མཚོ་སྔོན་པོར་བསྐོར་བའི་ལྕགས་རྟ་འགྲན་སྡུར་སྤེལ་བའི་དབང་གིས་མི་སྔར་བས་མང་པོ་ཞིག་གི་མིག་དབང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་དུ་གཏད། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་ཞིག་དང་ལྕགས་རྟར་བཞོན་པར་མོས་མཁན་མང་པོ་ཞིག་ཡུལ་འདིར་ཐོན་ཏེ། མཐོ་སྒང་གི་མཐར་སོན་འགུལ་སྐྱོད་ལ་འགྲན་སློང་བྱས་ནས་རང་བྱུང་ཁམས་ཆེན་མོར་རོལ་མྱོང་བྱས། དེ་ནས་ལྷིང་འཇགས་ཀྱི་ཡུལ་གྲུ་དེ་རུའང་མི་ཚོགས་ཀྱི་འདུ་ལོང་རྒྱས།

བློ་བཟང་རྒྱ་མཚོ་ནི་མཚོ་བྱང་ཁུལ་གསེར་དངུལ་རྩྭ་ཐང་གི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། གླུ་ལེན་རྒྱུར་དགའ་བའི་བློ་བཟང་རྒྱ་མཚོས་སྒྱུ་རྩལ་སློབ་གྲྭ་བདམས་ནས་སློབ་གཉེར་བྱས། མཐར་ཕྱིན་རྗེས་ཀྱང་ཁོས་ནམ་ཡང་རང་ཉིད་ཀྱི་གླུ་ལེན་པའི་འདུན་མའི་ཐད་དུ་བརྩོན་པ་བསྐྱེད། 2005ལོར། ཡུལ་སྐོར་དར་ཡོད་པར་བརྟེན་ནས་བློ་བཟང་རྒྱ་མཚོས་བོད་ཁྱིམ་དམངས་སྲོལ་ཡུལ་སྐོར་གྱི་ཚོང་ལས་གཉེར་བར་མ་ཟད། ཡོང་སྒོའང་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་།

བོད་ཁྱིམ་དམངས་སྲོལ་ཡུལ་སྐོར་ཚོང་གཉེར་བྱས་པའི་ཉམས་མྱོང་ཡོད་པས། 2012ལོར། བློ་བཟང་རྒྱ་མཚོས་ཕ་ཡུལ་གྱི་གྲོང་རྡལ་དུ་ལྕགས་རྟར་བཞོན་ནས་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་ཡིན་པ་དང་། ལྕགས་རྟར་བཞོན་ནས་མཚོ་སྔོན་པོར་བསྐོར་བའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཚུལ་ཇེ་བཟང་ནས་ཇེ་བཟང་ཡིན་པ་མཐོང་བ་ན། བློ་བཟང་རྒྱ་མཚོར་ཡང་བསྐྱར་ལས་རིགས་གསར་སྐྲུན་བྱེད་པའི་འདུན་མ་སྐྱེས། བཤད་མ་ཐག་ཏུ་སྒྲུབ་པ་སྟེ། ཕྱོགས་གཅིག་ནས་གླུ་ལེན་པའི་ལས་ཀ་གཉེར་ཞོར་དུ་བྲེལ་འཚུབ་ཀྱིས་ལྕགས་རྟའི་ཡུལ་སྐོར་ལས་རིགས་ལ་ཞུགས།

ཅང་མ་འགོར་བར། བློ་བཟང་རྒྱ་མཚོས་གྲོགས་པོ་རྣམས་དང་མཉམ་དུ། མཚོ་བྱང་མདའ་བཞི་ཚོ་བའི་རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས། མིག་སྔར་གྱི་ཨ་ཤེ་ཡ་རུ་ཆེས་ཆེ་བའི་ལྕགས་རྟ་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཏེ་མདའ་བཞི་ཚོ་བ་བཙུགས།

མདའ་བཞི་ཚོ་བ་རུ་བསྐྱོད་པ་ན། ལམ་དུ་ཆས་པའི་ལྕགས་རྟ་དབྱིབས་གཟུགས་ཀྱི་འཇིམ་བརྙན་ཞིག་མིག་ལམ་དུ་གསལ་པོར་མཐོང་། བློ་བཟང་རྒྱ་མཚོས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། དེ་ནི་མདའ་བཞི་ནས་མཚོ་སྔོན་པོར་ལྕགས་རྟར་བཞོན་ནས་བསྐོར་བའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་རེད། རྟེན་གཞི་དེའི་ཕྱིའི་དབྱིབས་ནི་དེང་རབས་དང་བོད་ལུགས་ཟུང་འབྲེལ་གྱི་རྒྱན་སྤྲས་ཉམས་དང་ལྡན། བརླག་ཟིན་པའི་ལྕགས་རྟ་མང་པོ་བསྒྲིགས་ནས་ཕྱི་རོལ་གྱི་གྱང་ངོས་སུ་བཀལ་ཡོད་པ་སོགས་ལྕགས་རྟ་འགུལ་སྐྱོད་ཀྱི་གྲུབ་ཆ་མང་པོ་མངོན།

རྟེན་གཞི་རུ་ཅེ་ཨན་ཐེ་དང་ལེ་ཁི་སི། ཞི་ཏེ་ཧྲིན་སོགས་སྤུས་རིམ་མཐོ་འབྲིང་གི་ལྕགས་རྟ་སུམ་སྟོང་ལྷག་ཡོད་པ་དང་། ལྕགས་རྟ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་ཡོད། འགན་སྲུང་རླངས་འཁོར་བཅོ་ལྔ་དང་ལྕགས་རྟ་ཆེད་ལས་ཀྱི་ལག་རྩལ་པ་བཅོ་ལྔ་ཡོད་ལ། ཀྲུང་གོ་ཅེ་ཨན་ཐེ་ཀུང་སིའི་འཐབ་ཇུས་མཉམ་ལས་གྲོགས་པོ་རེད། ལྕགས་རྟ་རྟེན་གཞི་ལ་མཚོ་བསྐོར་ས་ཚིགས་བཞི་ཡོད་ལ། ས་ཚིགས་ཀྱིས་ཉིན་རེར་ལྕགས་རྟར་བཞོན་པའི་ཡུལ་སྐོར་པ་སྟོང་གཅིག་དང་ལྔ་བརྒྱ་སྣེ་ལེན་བྱེད་དུས་ཀྱང་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ལྕགས་རྟ་སྤྲོ་སྐྱིད་ཁང་མིང་གྲགས་ཅན་ལྔ་བཅུ་དང་། ཟི་ལིང་གྲོང་ཁྱེར་གྱི་ལྕགས་རྟ་མཐུན་ཚོགས། ཞིང་ཆེན་ཕྱི་ནང་གི་ན་གཞོན་མགྲོན་ཁང་ཉི་ཤུ་ལྷག་དང་མཉམ་ལས་ཀྱི་ནང་རྐྱེན་བཙུགས་ཡོད།

ལོ་ངོ་འདི་དག་གི་འཕེལ་རྒྱས་ཀྱི་མྱོང་ཚོར་གླེང་དུས། བློ་བཟང་རྒྱ་མཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“ཞབས་ཞུ”ཞེས་པའི་ཡིག་འབྲུ་གཉིས་གླེང་། ཁོས་མདའ་བཞི་ཚོ་བར་ལོ་འདི་དག་གི་རིང་ལ་ཡུལ་སྐོར་པ་མང་པོ་ཞིག་གིས་དགའ་བསུ་བྱེད་དོན་ནི་མདའ་བཞི་ཚོ་བས་ཡུལ་སྐོར་པ་རྣམས་ལ་ཞབས་ཞུ་བཟང་པོ་འདོན་སྤྲོད་བྱས་པ་དང་ཁ་འབྲལ་ཐབས་མེད། མདའ་བཞི་རུ་ཡུལ་སྐོར་ལ་ཡོང་བའི་ཡུལ་སྐོར་པ་ཞིག་ཡིན་ན་མི་རིགས་དམངས་སྲོལ་རིག་གནས་བཤམས་སྟོན་དང་མི་རིགས་རིག་རྩལ་འཁྲབ་སྟོན། རྩེད་འཇོ། ཞག་སྡོད། བཟའ་བཏུང་། ཁྱད་ལྡན་ལག་ཤེས་བཟོ་ལས་ཐོན་རྫས་བཤམས་ཚོང་། ལྕགས་རྟ་གླ་བ། ཞིག་གསོ། བདེ་འཇགས་འགན་སྲུང་སོགས་ཀྱི་བྱེད་ནུས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཟེར།

མདའ་བཞི་ཚོ་བ་ནས་ཡུལ་སྐོར་པས་ལྕགས་རྟར་བཞོན་པའི་སྤྲོ་སྣང་ཉམས་ལེན་བྱེད་ཆོག མདའ་བཞི་ཚོ་བས་རང་བྱུང་ཁམས་ནས་ཐོན་ཞིང་རང་བྱུང་ཁམས་ལ་འདྲེས་པ། རང་བྱུང་ཁམས་སུ་ལོག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྟེན་གཞི་དེ་བོད་རིགས་དམངས་སྲོལ་རིག་གནས་དང་བརྒྱུས་ཡོད་པ་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཡོད་པས་ཡུལ་སྐོར་པ་རྣམས་ཡུལ་འདི་དང་ཁ་འབྲལ་མི་འདོད་པའི་རྒྱུ་རྐྱེན་ཞིག་རེད།

མདའ་བཞི་ཚོ་བའི་ཕྱུགས་ལས་ནས་དེང་རབས་བར་གྱི་འཕེལ་རྒྱས་ལོ་རྒྱུས་དང་མདའ་བཞི་གཉེན་སྒྲིག་ཆོ་ག་སོགས་གཙོ་བོར་བཤམས་ཡོད་པའི་དམངས་སྲོལ་རིག་གནས་ཁང་དང་། ཡང་ན་བོད་ཁྱིམ་གྱི་བྲོ་བ་ལྡན་པའི་ཞག་སྡོད་ཚང་མས་མདའ་བཞི་ཚོ་བ་ལྕགས་རྟའི་འཚོ་སྟོབས་རྒྱས་ཡོད་པར་མ་ཟད་གསང་བ་ལྐོག་གྱུར་གྱི་སེང་རས་ཤིག་ཀྱང་གཡོག་ཡོད། “ལུས་རྩལ+དམངས་སྲོལ་རིག་གནས”ལས་མདའ་བཞི་ཚོ་བ་མཚོ་སྔོན་ཞིང་ཆེན་གྱི་ལྕགས་རྟ་ཡུལ་སྐོར་ལས་རིགས་ཁྲོད་དུ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་དུ་བཅུག

ལོ་ངོ་དྲུག་གི་རིང་ལ། ལྕགས་རྟར་བཞོན་པའི་ཞབས་ཞུ་དེ་མདའ་བཞི་ཚོ་བ་མི་རིགས་རིག་གནས་ཉམས་ལེན་ཡུལ་སྐོར་དང་ཕན་ཚུན་དུ་སྦྲེལ་ནས། ལྕགས་རྟ་ཡུལ་སྐོར་དེ་རགས་ལས་ཅན་ནས་ལེགས་བསྡུས་ཞིབ་གཉེར་ཅན་དང་། སྣ་གཅིག་ཅན་ནས་སྣ་འདུས་ཅན། ཐོན་ཁུངས་ལེགས་ཆ་ནས་དཔལ་འབྱོར་ལེགས་ཆ་བཅས་སུ་བསྒྱུར་བ་མངོན་འགྱུར་བྱས། མཚོ་བསྐོར་ལྕགས་རྟ་ཡུལ་སྐོར་ཞབས་ཞུ་རིམ་བཞིན་འཐུས་ཚང་དུ་སོང་བ་དང་བསྟུན་ནས། ཐོན་རྫས་ཀྱི་གྲུབ་ཚུལ་མངོན་གསལ་གྱིས་ཇེ་ལེགས་དང་ཚོང་ཁྲོམ་གྱི་འཁོར་རྒྱུག་རིམ་བཞིན་ཚད་ལྡན་དུ་གྱུར་ཏེ། མཚོ་སྔོན་ལུས་རྩལ་རིག་གནས་ཚོང་རྟགས་མིང་གྲགས་ཀྱི་སྣང་བརྙན་དང་ཡུལ་སྐོར་ཐོན་རྫས་ཀྱི་རྒྱུ་སྤུས་གསར་གཏོད་དང་ཇེ་མཐོར་སོང་ནས། ལྕགས་རྟར་བཞོན་ནས་མཚོ་སྔོན་པོར་བསྐོར་བའི་ཡུལ་སྐོར་ས་ཚིགས་གཅིག་ཅན་ནས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་རྟེན་གཞི་ཕྱོགས་སུ་རིམ་བཞིན་གོམ་པ་སྤོས།

ན་ནིང་། མདའ་བཞི་ཚོ་བས་ཡུལ་སྐོར་པ་མི་ཐེངས་འབུམ་གསུམ་དང་ཁྲི་གཅིག་སྣེ་ལེན་བྱས་པ་དང་། ཚོང་གཉེར་གྱི་ཡོང་སྒོ་སྒོར་ས་ཡ་དགུ་དང་འབུམ་དྲུག་ལ་སླེབས། མདའ་བཞི་ཚོ་བ་སྔ་གཞུག་ཏུ་ཀྲུང་གོ་ལུས་རྩལ་ཡུལ་སྐོར་རྩེ་གྲས་ལྗོངས་ཁུལ་དུ་བདམས་པ་དང་། ལྕགས་རྟར་བཞོན་ནས་མཚོ་སྔོན་པོར་བསྐོར་བའི་ལམ་ཐིག་དེ་རྒྱལ་ཡོངས་ལུས་རྩལ་རིག་གནས་ཡུལ་སྐོར་རྩེ་གྲས་ལམ་ཐིག་ཏུ་བདམས་ལ། རང་ཞིང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ལས་ཁུངས་དང་། སྒེར་འཁོར་དང་ལྕགས་རྟ་སྒར་ས། “རྒྱུད་གཅིག་ལམ་གཅིག”གི་ཞིང་ཆེན་རིམ་པའི་ཆེས་མཛེས་པའི་ས་ཚིགས་བཅས་ཀྱི་སྙན་གྲགས་བསྩལ་བ་དང་། 2014ལོར་རྒྱལ་ཁབ་ཀྱི་བོད་ཆིང་དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རིང་གི་ལས་གཞི་གཙོ་བོ་དང་རིག་གནས་ལུས་རྩལ་ཡུལ་སྐོར་གསུམ་གྱི་ཐོན་ལས་དཔེ་སྟོན་རྟེན་གཞི་དང་རིག་གནས་ཐོན་ལས་དབུལ་སྐྱོར་ཁེ་ལས་གཙོ་བོ་བཅས་སུ་བདམས་པ་རེད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།