དར་ལག་རྩྭ་ཐང་དུ་བདེ་སྐྱིད་གླེང་བ།
2018.10.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་གྲོང་རྡལ་དང་ཞིང་སྡེ། སྡོད་ཁུལ་དང་རྒྱང་རིང་གི་འབྲོག་ཁུལ་སོགས་ས་ཆ་གང་ཞིག་ཏུ་ཐོན་ཚེ། བལྟས་ན་ཧ་ཅང་སྤྱིར་བཏང་ཡིན་ཡང་སེམས་སུ་དངོས་གནས་གོང་བཀུར་བྱེད་འདོད་པའི་མི་སྐོར་ཞིག་ལ་རྒྱུན་པར་འཕྲད་ཀྱི་འདུག་པར་མ་ཟད་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་ཀྱང་ཐོས་ཐུབ་ཀྱི་འདུག རྒྱུ་མཚན་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ཡུན་རིང་གི་བྱ་བའི་བརྗོད་གཞི་ཞིག་ཏུ་ངེས་བཟུང་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་རམ་འདེགས་ཆེན་པོའི་འོག   ཡིད་དུ་འོང་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་དར་ལག་རྩྭ་ཐང་དུ་རྣམ་པར་བཞད་ཡོད།

ཐེངས་དུ་མའི་ལག་རྡང་མཉམ་སྦྲེལ་གྱི་རོགས་སྐྱོར་བྱེད་ཐེངས་རེ་རེ་ནི་བརྩེ་སེམས་རིགས་ཤིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཡིན་པ་དང་། གོ་འཛོལ་དང་འགལ་བ་རེ་རེ་ཐག་གཅོད་བྱས་པ་ནི་དོན་དག་གི་ངོ་བོ་ཁོ་ན་ཐག་གཅོད་བྱས་པ་ཙམ་མ་ཡིན་པར་དེ་ནི་བསམ་ཤེས་དང་ཁས་ལེན་རིགས་ཤིག་ཡིན། དར་ལག་རྫོང་གི་ས་གནས་སོ་སོའི་འབྲོག་དམངས་ཀྱིས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གསལ་བཤད་བྱེད་བཞིན་ཡོད།

དར་ལག་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་བཞིན་ཡོད་དེ། མི་རེ་རེ་ཡིས་རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྣམ་པར་སྐུལ་འདེད་བྱེད་པ་དང་མི་རེ་རེ་ཡིས་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྱི་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་ཆགས་པར་བྱེད་ཆེད། དར་ལག་རྫོང་གིས་རྒྱུན་ཆད་མེད་པར་འབྲོག་ཁུལ་དྲ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ་བྱ་བ་གསར་སྐྲུན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་དྲིལ་སྒྲོག་བྱ་བ་དེ་སྣ་མང་ཅན་དང་ཡོངས་ཁྱབ་ཅན་དུ་བསྒྱུར།

དཔའ་འབྲུག་ནི་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་མཁའ་རི་སྡེ་བ་རུ་ཁག་གསུམ་པའི་ཡིན་ཞིང་། ཉིས་སྟོང་བཅུ་བཞི་ལོ་ནས་བཅུ་བདུན་ལོའི་བར་དུ་སྔ་གཞུག་ཏུ་ཕུལ་བྱུང་འདུམ་སྒྲིག་པ་དང་ཕུལ་བྱུང་བྱ་བ་སྒྲུབ་མཁན་ལ་བདམས་མྱོང་། “མིའི་བསམ་བློའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་ངའི་འགན་འཁྲི་ཡིན།” རྩ་འཛུགས་ཀྱི་བྱ་འགུལ་སྣ་ཚོགས་དང་ཏང་གི་དམངས་ཕན་སྲིད་ཇུས་དང་མི་རིགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་སྡེ་བའི་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། ཁྱིམ་སྲོལ་བཟང་བོ་སྲུང་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཀུན་སྤྱོད་ལེགས་པོ་དར་སྤེལ་བྱེད་པ་སོགས་ཀྱི་བྱ་བའི་ཐད་ནས་དཔའ་འབྲུག་ལ་རྒྱུན་དུ་ཁོམ་པ་ཅུང་ཙམ་ཡང་མེད།

“ང་རང་ཐོག་དང་པོར་རྩྭ་ཐང་ནས་རྫོང་མཁར་གྱི་ཐོག་ཁང་དུ་གནས་སྤར་ནས་ཡོང་བའི་སྐབས་སུ་ཁྱིམ་དུ་སྤྱོད་རྒྱུའི་ཆུ་དང་གློག་སོགས་ཀྱི་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས་པ་མི་ཤེས་པས།  དཔའ་འབྲུག་གིས་ང་རང་ཁྲིད་ནས་སོང་ཞིང་རྒྱུན་དུ་ང་ཚོ་དཀའ་ཁག་གང་ཞིག་ལ་འཕྲད་ཅིང་དཔའ་འབྲུག་གིས་ང་ཚོ་ལ་རོགས་སྐྱོར་བྱེད་ཀྱི་ཡོད།” སྡེ་མི་བསམ་བྷོ་ཡིས་གསར་འགོད་པར་དེ་ལྟར་བཤད།

འབྲོག་སྡེ་དེའི་མགོ་བ་ཞིག་ཡིན་པའི་ཆ་ནས་དཔའ་འབྲུག་གིས་ཧུར་བརྩོན་ཆེན་པོས་སྐྱེ་ཁམས་དོ་དམ་འགན་སྲུང་བྱ་བའི་འགན་འཁྲི་དང་དུ་བླངས་ཏེ། རང་རྟོགས་སྒོས་དབྱར་རྩྭ་དགུན་འབུ་བརྐོ་སྐབས་ཀྱི་འགོག་སྲུང་གི་བྱ་བ་དང་འགལ་བ་འདུམ་སྒྲིག་བྱེད་པ། རི་བསྐོར་ནགས་སྲུང་སོགས་ཀྱི་བྱ་ལེགས་པོར་སྒྲུབ་བཞིན་ཡོད།

“ཕན་ཚུན་རོགས་རེས་བྱེད་པའི་སྐོར་གྱི་གནས་ཚུལ་དེ་དར་ལག་རྫོང་དུ་ཇེ་མང་ནས་ཇེ་མང་ཡིན་ལ་རྫོང་ཡོངས་སུ་འཆམ་མཐུན་མཉམ་གནས་ཀྱི་དཔེ་གཞི་ཡང་ཤིན་ཏུ་མང་པོ་ཞིག་ཡོད”ཅེས་དཔའ་འབྲུག་གིས་གསར་འགོད་པར་བཤད།

དར་ལག་རྫོང་དུ་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་ཕན་ཚུན་གྱི་སྐད་བརྡ་སློབ་སྦྱོང་བྱས་པར་བརྟེན་ནས་མཛའ་བརྩེ་དར་སྤེལ་བྱེད་ཀྱིན་ཡོད་པས་རྒྱ་བོད་སྐད་གཉིས་དེ་དར་ལག་རྫོང་གི་རིགས་སོ་སོའི་མི་རིགས་ཀྱིས་སློབ་སྦྱོང་དང་བརྗེ་རེས་བྱེད་པའི་སྒྲོག་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

“རྒྱ་སྐད་སློབ་ན་མི་རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པར་མ་ཟད་ང་ཚོས་ཕན་ཚུན་གྱི་བར་དུ་སྟབས་བདེ་བའི་བརྗེ་རེས་བྱེད་ཐུབ་པ་རེད།” དཔའ་འབྲུག་གིས་རྒྱུན་པར་དེ་ལྟར་ཟེར་བཞིན་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱ་སྐད་སློབ་བཞིན་ཡོད། “རྒྱ་སྐད་སློབ་པ་ནི་ཕྱི་རོལ་དུ་སོང་ནས་ལས་ཞུགས་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ཉག་གཅིག་ཡིན་ལ་མི་རིགས་མཐུན་སྒྲིལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས་སྡེ་མི་རྣམས་ཀྱིས་རྒྱ་སྐད་བཟང་བོ་ཞིག་སྦྱོང་རྒྱུ་དེ་ང་ལ་འཁན་འཁྲི་དང་ཡིད་ཆེས་ཡོད”ཟེར།

“ང་རང་རྒྱ་སྐད་སྦྱོང་རྒྱུར་ཤིན་ཏུ་དགའ་བོ་ཡོད། རྒྱ་སྐད་སྦྱངས་རྗེས་མི་མང་པོ་ཞིག་ལ་འབྲེལ་འདྲིས་བྱེད་ཐུབ། ངའི་ཕ་མ་གཉིས་ཀྱིས་ཀྱང་རྒྱ་སྐད་སྦྱོང་བཞིན་ཡོད། རྒྱུན་པར་ཨ་ཕ་དང་ཨ་མས་མི་ཤེས་ས་ནས་ངས་ཁོ་ཚོར་གསལ་བོར་བཤད་བཞིན་ཡོད།”  མཁའ་རི་སྡེ་བའི་བུ་མོ་ཆུང་ཆུང་ཞིག་གིས་དེ་ལྟར་བཤད།

ལྷ་འབུམ་ནི་དར་ལག་རྫོང་འཛུགས་སྐྲུན་ཞང་དར་ལུང་སྡེ་བའི་གཞི་རིམ་གྱི་སྡེ་བའི་མགོ་བ་ཞིག་ཡིན་ཞིང་། ཁོས་ཧུར་བརྩོན་ཆེན་པོས་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྐྱོར་གསར་སྤེལ་གྱི་འཛུགས་སྐྲུན་བྱ་བའི་ཁྲོད་དུ་ཞུགས།

སྡེ་བའི་ནང་གི་ལམ་མང་ཆེ་ཤོས་ནི་ས་ལམ་ཡིན་པས་རྒྱུན་པར་གནམ་ཐང་དུས་ས་རྡུལ་གྱིས་ཁེངས་ཤིང་ཆར་བབས་ཚེ་འདུམ་འབག་གིས་ཁེངས་ཡོད་པས་སྡེ་མི་རྣམས་ཡར་འགྲོ་མར་འོང་བྱེད་པར་སྟབས་ཧ་ཅང་མི་བདེ། དེའི་རྐྱེན་གྱིས་ལྷ་འབུམ་གྱིས་ཐེངས་མང་པོར་གོང་རིམ་ལ་གནས་ཚུལ་དེ་དང་དེ་ཐག་གཅོད་བྱེད་པའི་འཆར་གཞི་ཡར་ཞུ་བྱས། དེ་ལྟར་ཁོས་ཧུར་བརྩོན་གྱིས་མཉམ་ལས་དང་མཐུན་སྦྱོར་བྱས་པར་བརྟེན་ད་ལྟ་དར་ལུང་སྡེ་བར་གཞི་ནས་སྣུམ་ལམ་མངོན་འགྱུར་བྱས་ཡོད།

“སྤྱིར་ན་འབྲོག་པ་མང་ཚོགས་རྣམས་ལ་འདེབས་འཛུགས་གསོ་སྤེལ་གྱི་གོམས་གཤིས་དེ་ཡོད་ནའང་ཁོ་ཚོའི་འདུ་ཤེས་དེ་དེ་འདྲའི་བརྟན་པོ་ཞིག་ཡེ་ནས་མིན”ཞེས་ལྷ་འབུམ་གྱིས་གསར་འགོད་པར་བཤད།  ལྷ་འབུམ་གྱིས་གནས་ཚུལ་དེ་དག་རྒྱུས་ལོན་བྱུང་རྗེས་སུ་དུས་ཐོག་ཏུ་མི་དམངས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཚང་མ་དག་སྒྲིག་བྱས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་བསམ་འཆར་བཏོན་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མི་སྣ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་གནས་ཚུལ་དེ་ལ་བགྲོ་གླེང་བྱས་པར་མ་ཟད།   སྡེ་བའི་ཧྲུའུ་ཅི་དང་པོ་དང་ཞང་ཏང་ཨུ་ཡི་མགོ་ཁྲིད་པའི་བར་དུ་བརྗེ་རེས་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་བཏོན་ཏེ་སྡེ་བའི་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་བྱེད་པར་བྱས་རྗེས་བཞག  “གཙོ་བོ་སྡེ་མི་རྣམས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ཚེ་སྡེ་བའི་ནང་གི་དབུལ་ཐར་ཕྱུག་འགྱུར་བྱ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ”ཅེས་ལྷ་འབུམ་གྱིས་གསར་འགོད་པར་བཤད།

འབྲོག་སྡེ་ནས་སྐྱེས་ཤིང་འབྲོག་སྡེ་ནས་འཚར་ལོངས་བྱུང་བའི་འབྲོག་དམངས་དཀྱུས་མ་ཞིག་སྟེ། ལྷ་འབུམ་ལ་མཚོན་ན་ཁོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་གསལ་བོར་རྟོགས་ཡོད་པ་རེད། ལྷ་འབུམ་རང་གི་སྐད་ཆས་བཤད་ན་ད་ལྟ་སྡེ་མི་ཡོངས་ཀྱི་བསམ་པ་དེ་གཞི་ནས་ཕྱོགས་གཅིག་ཏུ་འཁོར་འདུག

མི་སེམས་མགུ་བར་བྱེད་པའི་གཏམ་རྒྱུད་མང་པོ་ཞིག་དར་ལག་རྫོང་གི་ས་གནས་སོ་སོའི་འབྲོག་སྡེ་དེ་དག་གི་མགོ་བ་དག་གི་ཁྲོད་ནས་བྱུང་ཞིང་། ཁོ་ཚོས་དུས་རྒྱུན་དུ་ཆེས་སྤྱིར་བཏང་གི་ལས་གནས་སྟེང་དུ་རང་རྟོགས་གྱིས་མི་རིགས་མཐུན་སྒྲིལ་བྱ་བ་ལག་ལེན་དུ་བསྟར་བཞིན་ཡོད་པར་མ་ཟད། རང་གི་ཉེ་འགྲམ་གྱི་མི་ལ་སྐུལ་སློང་བྱས་ཏེ་ཁོ་ཚོའི་སྣེ་ཁྲིད་ཀྱི་འོག་ཏུ་རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་གཞིའི་སྣང་བརྙན་གསར་བ་ཞིག་གྲུབ་པར་བྱས་ཡོད་པ་རེད།  དར་ལག་རྩྭ་ཐང་དུ་བྱུང་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་ནི་བརྩེ་བའི་ཆུ་རྒྱུན་ཞིག་དང་འདྲ་བར་མི་དང་མི་ཡི་སེམས་སུ་རྒྱུ་བར་བྱེད།

གནས་དེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་འབྲོག་པ་མང་ཚོགས་སྐོར་ཞིག་གིས་རྒྱུན་ཆད་མེད་པར་མཐུན་སྒྲིལ་དང་གོང་བུ་གཅིག་འགྲིལ་བྱས་པའི་ཐུན་མོང་གི་འབད་བརྩོན་ལས་གྲུབ་པའི་ལོ་རྒྱུས་ཡིན།

ད་ལྟ་དར་ལག་རྩྭ་ཐང་དུ་ཐོན་དུས་གསོན་ཉམས་ལྡན་ལ་ཡིད་དུ་འོང་བའི་མི་རིགས་མཐུན་སྒྲིལ་གྱི་དཔེ་གཞིའི་རི་མོ་གསར་བ་ཞིག་རྒྱང་རིང་གི་འབྲོག་སྡེ་དང་ཡང་ན་སྡོད་ཁུལ་སོགས་ག་ས་གང་དུ་མིག་ལམ་དུ་སྣང་འོང་གི་འདུག

                                                                                                             ལོ་ཙཱ་བ། གཡང་འབུམ་རྒྱལ།