གཞོན་པའི་གཞིས་ཁྱིམ་བསྐྲུན་ནས་གཞོན་པའི་ཕུགས་འདུན་སྐྱོང་བ།
2018.10.16 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 107

—རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་ལ་བཅར་འདྲི་བྱས་པའི་གནས་ཚུལ་བཀོད་པ།

རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་ནི་བློ་བཟང་ཚན་རྩལ་གྱི་ཁོངས་གཏོགས་ཀུང་སི་ཞིག་ཡིན་ལ། བློ་བཟང་ཚན་རྩལ་གླེང་དུས་མི་རྣམས་ཀྱི་སེམས་སུ་འཁོར་ཡོང་བ་ནི་ཧ་ལམ་བློ་བཟང་ཀློག་སྨྱུག་ཅེས་པའི་བྱིས་པའི་ཀློག་འདོན་གྱི་གློག་རྡུལ་ཡོ་བྱད་དེ་ཡིན་ངེས་པས། དེ་དང་དེ་ལྟའི་བོད་ཀྱི་གློག་རྡུལ་ཡོ་ཆས་སྣ་ཚོགས་ཤིག་ཇི་ལྟར་ཐོན་སྐྱེད་བྱེད་ཀྱིན་ཡོད་པའི་གནས་ཚུལ་མཐོང་འདོད་ཀྱི་རེ་བ་ཞིག་སྔོན་ལ་སོང་སྟེ། ཐེངས་འདིར་གསར་འགོད་པ་རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་དུ་བཅར། ཡིན་ན་ཡང་། དངོས་སུ་ཡུལ་དངོས་ལ་འབྱོར་དུས། གློག་རྡུལ་ཡོ་བྱད་ཐོན་སྐྱེད་བྱེད་པའི་ཚན་རྩལ་གྱི་ཡོ་ལང་འཁྲུགས་པའི་རྣམ་པ་ཅི་ཡང་མཐོང་མ་བྱུང་།

ཞིབ་ཏུ་རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། བློ་བཟང་ཚན་རྩལ་གྱིས་སྔར་བཞིན་དུ་གློག་རྡུལ་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ། ཕྱིར་འཚོང་སོགས་ཀྱི་ལས་སྒོ་གཉེར་བཞིན་ཡོད་པར་མ་ཟད། བོད་སྐད་ཀྱི་སྒྲ་བརྙན་སློབ་ཁྲིད་གསར་སྤེལ་དང་བེད་སྤྱོད། བོད་རྒྱ་སྐད་གཉིས་ཀྱི་གློག་རྡུལ་སྲིད་དོན་མ་ལག་དང་བོད་རྒྱ་སྐད་གཉིས་ཀྱི་གློག་རྡུལ་ཚོང་དོན་མ་ལག་གསར་སྤེལ་དང་བེད་སྤྱོད། བོད་རྒྱ་སྐད་གཉིས་སློབ་གསོའི་རིག་ནུས་དྲ་བ་གསར་སྤེལ་དང་བེད་སྤྱོད། ཁེ་ལས་གསར་འཛུགས་དང་ཁེ་ལས་དོ་དམ་གྱི་དྲ་རྒྱའི་དབུལ་སྐྱོར་ལས་སྐྲུན་གླིང་། བོད་རྒྱ་སྐད་གཉིས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་གློག་འཕྲུལ་མ་ལག་གསར་སྤེལ་དང་ཁྱབ་གདལ་སོགས་ཀྱི་ལས་སྒོ་སྣ་མང་ཞིག་གཉེར་བཞིན་མཆིས། དེ་ཡང་མཚོ་སྔོན་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་སི་དང་མཚོ་སྔོན་བློ་བཟང་ཞིང་ཕྱུགས་ཚན་རྩལ་ཀུང་སི། བོད་ལྗོངས་བློ་བཟང་རིག་གནས་སྒྱུ་རྩལ་གསར་སྤེལ་ཀུང་སི། མཚོ་སྔོན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་གསོ་སྦྱོང་སློབ་གྲྭ། ཁྲི་ཀ་རྫོང་དང་རྐང་ཚ་རྫོང་། ཀོས་ནན་རྫོང་བཅས་ཀྱི་བློ་བཟང་དབུལ་སྐྱོར་ལས་སྐྲུན་གཉོར་སྐྱོང་གླིང་སོགས་བོད་ཁུལ་གྱི་ས་གནས་དུ་མར་ཁྱབ་པའི་ཡན་ཡག་ཀུང་སི་དག་གིས་སོ་སོའི་ས་གནས་དང་ཚོང་རའི་དགོས་མཁོ་དང་འཕེལ་རྒྱས་ལ་གཞིགས་ནས། རང་རང་གི་ཐུན་མོང་མ་ཡིན་པའི་ལས་སྒོ་གསར་སྐྲུན་དང་ཐོན་རྫས་ཐོན་སྐྱེད་ལ་འབད་བཞིན་ཡོད་པ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ཙམ་འདས་པའི་རིང་ལ། བོད་ཀྱི་སྤྱི་ཚོགས་ལ་ཕྱོགས་ཀུན་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་འགྱུར་ཆེན་པོ་བྱུང་ཡོད་ཀྱང་། ཚན་རིག་ལག་རྩལ་དང་ཚན་རྩལ་གྱི་ཐོན་རྫས་ཕྱོགས་ནས་གྲགས་ཆེ་བའི་གྲུབ་འབྲས་མང་པོ་ངོམ་དུ་མེད་པའང་དངོས་ཡོད་མཐོང་ཐོས་སུ་གྱུར་ཡོད་པས། བློ་བཟང་ཚན་རྩལ་གྱི་ཁྱབ་རྒྱ་ཆེ་ལ་ལས་སྒོ་སྣ་མང་གཉེར་བཞིན་པའི་གནས་ཚུལ་དེ་དག་ཐོས་པར། གསར་འགོད་པའི་མཚར་འཛིན་དང་སྤྲོ་བ་ཅིག་ཅར་བསླངས་ན་ཡང་། ཐེངས་འདིའི་བཅར་འདྲི་བྱ་ཡུལ་ནི་བློ་བཟང་ཚན་རྩལ་རྐང་ཚ་ཡན་ལག་ཀུང་སིའམ་རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་ཡིན་པས། གསར་འགོད་པས་དེའི་ཐད་ནས་ཀུང་སི་གང་དེའི་འགན་འཛིན་པ་རིན་ཆེན་མཚོ་ལ་གནས་ཚུལ་དྲིས།

རིན་ཆེན་མཚོ་ཡིས་བཤད་པ་ལྟར་ན། རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་ནི་ཁེ་ལས་ཀྱིས་ཁེ་ལས་ལ་དོ་དམ་བྱེད་པའི་འབྲེལ་དྲའི་ལས་སྐྲུན་སྙོར་སྐྱོང་གླིང་ཞིག་ཡིན་ལ། ད་ཡོད་ཀྱི་ལས་སྐྲུན་སྙོར་སྐྱོང་གི་སྟེགས་བུ་བེད་སྤྱོད་དང་། “ཀུན་གྱིས་ལས་སྐྲུན་དང་ཀུན་གྱིས་གསར་གཏོད”བྱེད་པར་ཞབས་ཞུ་སྒྲུབ་པར་དམིགས་ནས། ལས་སྐྲུན་མཁན་ལ་མ་རྩ་དང་། སྟབས་བདེ་ཅན་དང་རྒྱུ་རྐྱེན་ཚང་བ། གུ་ཡངས་པ་བཅས་ཀྱི་ལས་སྐྲུན་ཕྱོགས་བསྡུས་ཞབས་ཞུའི་བསམ་བློ་འདོན་སྤྲོད་བྱེད་བཞིན་ཡོད། རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་གིས་ཀོས་ནན་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་དང་ཁྲི་ཀ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གླིང་གཉིས་དང་མཉམ་འབྲེལ་བྱས་ནས། ད་སྔའི་བར་དུ་བསྡོམས་པས་ཁེ་ལས་དོན་གཅིག་སྙོར་སྐྱོང་དང་ནང་འགུག་བྱས་ཡོད། དེ་ལས་རྐང་ཚ་རྫོང་བློ་བཟང་སྙོར་སྐྱོང་གླིང་གི་སྐུལ་ཁྲིད་ལ་བརྟེན་ནས་མི་བརྒྱ་དང་གསུམ་ལས་རྐང་དུ་ཞུགས་ཐུབ་པ་བྱུང་ལ། དབུལ་ཕོངས་ཁྱིམ་ཚང་གི་མི་རེ་བདུན་ཡང་ལས་ཞུགས་ཀྱི་སྐུལ་ཁྲིད་བྱས། དེའི་ཤན་ཤུགས་ལ་བརྟེན་ནས་མི་ཉིས་བརྒྱ་བཞི་བཅུ་ཙམ་ལས་རྐང་དུ་ཞུགས་པར་རམ་འདེགས་ཀྱི་ནུས་པ་ཐོན། སྙོར་སྐྱོང་གླིང་དེ་གས་ཆེད་ལས་ཀྱི་ལས་སྐྲུན་ཞབས་ཞུ་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་སྤོ་བསྒྱུར་ལ་སྐུལ་འདེད་བྱས་པ་དང་། མང་ཚོགས་ཀྱི་ལས་སྐྲུན་མ་རྩ་ཇེ་དམར་བཏང་ནས་ལས་སྐྲུན་ལེགས་འགྲུབ་འབྱུང་ཚད་ཇེ་མཐོར་བཏང་། དེ་མིན་གཞོན་སྐྱེས་ལས་སྐྲུན་འཇོན་མི་དང་ལས་སྐྲུན་ཚོགས་པ་གསོ་སྐྱོང་། ཚན་རྩལ་ཁེ་ལས་ཆུང་རིགས་དང་གཞོན་སྐྱེས་ལས་སྐྲུན་ཁེ་ལས་པ་གསོ་སྐྱོང་བྱས་ནས། རྒྱུན་ཚུལ་གསར་པའི་འོག་གི་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཆས་གསར་པ་ཞིག་བསྐྲུན་པ་དམིགས་ཡུལ་དུ་བཟུང་ཡོད། དམིགས་ཡུལ་དེ་བསྐྲུན་ཆེད། ཁོ་ཚོས་རྐང་ཚ་རྫོང་ཁོངས་ནས་ལས་སྐྲུན་ལ་བརྩོན་སེམས་ལྡན་ཞིང་རིག་གནས་ཆུ་ཚད་ཆ་རྐྱེན་དང་མཐུན་པ། ལོ་བཅོ་བརྒྱད་ནས་སོ་ལྔའི་བར་ཡིན་པའི་གཞོན་སྐྱེས་མང་པོ་བདམས་ནས་རྩིས་འཁོར་དང་བོད་རྒྱ་སྐད་གཉིས་འབྲེལ་དྲའི་བེད་སྤྱོད་ལག་རྩལ་གསོ་སྦྱོང་བྱས་ཤིང་། དེའི་རྨང་གཞིའི་ཐོག་ནས་ལས་སྐྲུན་སྣེ་ཁྲིད་འཇོན་མི་གསོ་སྦྱོང་དང་། བོད་རྒྱ་སྐད་གཉིས་འབྲེལ་དྲ་བརྒྱུད་ནས་དབུལ་སྐྱོར་ལས་སྐྲུན་སྙོར་སྐྱོང་གི་གསོ་སྦྱོང་བྱས་པ་སོགས་ལ་བརྟེན་ནས། ལས་སྐྲུན་སྙོར་སྐྱོང་གླིང་གི་སྙོར་སྐྱོང་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།

བོད་རྒྱ་སྐད་གཉིས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུ་དང་ཟོང་སྐྱེལ་ཞབས་ཞུ་ནི་རྐང་ཚ་རྫོང་བློ་བཟང་དབུལ་སྐྱོར་ལས་སྐྲུན་གཉོར་སྐྱོང་གླིང་གི་གསར་འབྱེད་ལས་སྒོ་རིགས་གཉིས་ཡིན་འདུག རིན་ཆེན་མཚོ་ཡིས་བཤད་པ་ལྟར་ན། གློག་རྡུལ་ཚོང་དོན་སྟེགས་བུས་གཙོ་བོ་བོད་ཀྱི་ས་ཁུལ་སོ་སོའི་ཁེ་ལས་དང་མཉམ་འབྲེལ་གྱིས་ཁོ་ཚོའི་ཐོན་རྫས་དྲ་ཐོག་ནས་བཙོང་བ་དང་། བོད་ཀྱི་རོང་འབྲོག་པའི་འཛད་སྤྱོད་པ་རྣམས་ལ་བོད་ཡིག་གི་དྲ་རྒྱའི་ལམ་ནས་ཐོན་རྫས་ཉོ་ཚོང་བྱེད་པར་དམིགས་པའི་ཞབས་ཞུ་ཞིག་ཡིན་ལ། བོད་ཀྱི་ཐོན་རྫས་རྒྱ་ཁྱབ་ཏུ་སྤེལ་བའི་ཐབས་ལ་དམིགས་པའི་ལས་སྒོ་ཞིག་རེད། དེ་མིན་ཡུལ་དངོས་ཀྱི་ཐོན་རྫས་ཉམས་སུ་མྱོང་བའི་ལྟེ་གནས་ཀྱང་བཙུགས་ཡོད་དེ། མཚོ་སྔོན་པོའི་འགྲམ་རྒྱུད་དང་ཉ་གསེར་མིག་གི་རྒྱུ་ལམ་དུ་གནས་པའི་གནས་སྐོར་གྱི་རང་བྱུང་ལེགས་ཆ་བེད་སྤྱད་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་ཕྱོགས་ཀུན་གྱི་གནས་སྐོར་པ་རྣམས་ལ་ངོ་སྤྲོད་དང་ཕྱིར་འཚོང་བྱེད་བཞིན་ཡོད། གློག་རྡུལ་ཚོང་དོན་སྟེགས་བུའམ་བོད་ཡིག་གི་དྲ་ལམ་ནས་དངོས་པོ་ཉོ་ཚོང་བྱེད་པའི་ལས་སྒོ་དེ་ནི་བོད་ཀྱི་རོང་འབྲོག་མང་ཚོགས་ལ་མཚོན་ན་ལས་སྒོ་གསར་པ་ཞིག་ཡིན་པས། ལས་སྒོ་དེ་འདྲ་ཞིག་གཉེར་བར་དཀའ་ཁག་དང་གེགས་རྒྱའང་མེད་མི་སྲིད། རིན་ཆེན་མཚོ་ཡིས“དངོས་གནས་དེ་འདྲ་རེད་དེ། ཐོག་མར་བོད་ཀྱི་ཁེ་ལས་དང་ཚོང་པ་རྣམས་ཚོང་ཟོག་དྲ་ལམ་ནས་ཉོ་ཚོང་བྱེད་པའི་ལས་སྒོ་དེ་ལ་གསལ་ཆ་མེད་པ་མིན་ཡང་། སོ་སོའི་ཐོན་རྫས་ང་ཚོའི་སྟེགས་བུའམ་ཡང་ན་བོད་ཡིག་གི་དྲ་ལམ་དུ་འཇོག་པར་སྤྲོ་བ་དེ་འདྲ་ཆེན་པོ་མི་འདུག་པར་མངོན། ཡིན་ན་ཡང་། དེ་ནི་དུས་རབས་གསར་བའི་ཚན་རྩལ་གྱི་དགེ་མཚན་འདོན་སྤེལ་དང་ཚོང་རའི་དགོས་མཁོ་སྐོང་ཐབས་ལེགས་པོ་ཞིག་ཡིན་པས། ང་ཚོས་མུ་མཐུད་དུ་དེའི་ཕྱོགས་ལ་འབད་པ་བྱེད་ངེས་ཡིན་ལ། འབྲས་བུ་ལེགས་པོ་ཞིག་ཐོན་སྲིད་པར་ཡང་ཡིད་ཆེས་ཡོད། ལས་སྒོ་འདིའི་སྐྱེ་ཁམས་ཇེ་ཡངས་ཇེ་ལེགས་སུ་གཏོང་བ་དང་། བོད་ཀྱི་ཐོན་རྫས་རྒྱ་ཁྱབ་ཏུ་སྤེལ་བའི་ཆེད་དུ། ང་ཚོས་ཟོང་སྐྱེལ་ཞབས་ཞུའི་ལས་སྒོའང་གསར་འབྱེད་བྱེད་མགོ་ཚུགས་ཡོད་ལ། མི་འགྱངས་བར་སྦྲགས་སྲིད་ཟོང་སྐྱེལ་མ་ལག་དང་པེ་ཅིན་ཟོང་སྐྱེལ་ཀུང་སི་གཉིས་དང་མཉམ་འབྲེལ་བྱེད་རྩིས་ཡོད”ཟེར།

གནས་ཚུལ་དེ་དག་གླེང་བའི་ཚེ། རིན་ཆེན་མཚོ་ལ་བཅོས་མིན་གྱི་སྤོབས་པ་ཞིག་གིས་ཁེངས་འདུག མོས་སྤྲོ་སེམས་ཆེན་པོས་བློ་བཟང་ཟོང་སྐྱེལ་ཀུང་སིའི་ལེགས་ཆ་ནི་བོད་རྒྱ་སྐད་གཉིས་ཀྱི་ཟོང་སྐྱེལ་ཞབས་ཞུ་འདོན་སྤྲོད་བྱེད་ཆོག་པ་དེ་ཡིན་ལ། པེ་ཅིན་ཟོང་སྐྱེལ་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། བོད་རྒྱ་སྐད་གཉིས་མཚོ་བྱང་གློག་རྡུལ་ཚོང་དོན་སྟེགས་བུའི་ཁྱད་ལྡན་ཐོན་རྫས་སྟེ་དབྱར་རྩྭ་དགུན་འབུ་དང་སྐམས་ལུག་ཤ ཞིང་ལས་ཐོན་རྫས། ལག་བཟོའི་ཐོན་རྫས། མི་རིགས་མཁོ་ཆས་སོགས་པེ་ཅིན་གྱི་མཐོ་གྲས་སྡེ་ཁུལ་གྱི་དྲ་ལམ་ཉོ་ཚོང་སྟེགས་བུའི་སྟེང་བསྐྱོད་ནས་ཉོ་ཚོང་བྱེད་ཆོག་པ་རེད། གྲངས་འབོར་མང་བའི་རིགས་ནི་རླངས་འཁོར་ལས་སྐྱེལ་ཆོག་པ་དང་། ཐ་ན་མ་འོངས་པར་མི་མེད་གནམ་གྲུས་ཚོང་ཟོང་སྐྱེལ་བའི་རྣམ་པ་ཡང་འཚོལ་ཞིབ་བྱེད་འཆར་ཡོད་པར་བཤད།

གང་ལྟར། རྐང་ཚ་རྫོང་བློ་བཟང་ལས་སྐྲུན་སྙོར་སྐྱོང་གླིང་གིས་སྙོར་སྐྱོང་སྐུལ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཧུར་ཐག་གིས་ས་གནས་ཀྱི་འབྲོག་པའི་བུ་ཕྲུག་རྣམས་ལ་ལས་སྐྲུན་དང་ལས་ཞུགས་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། བོད་ཁུལ་གྱི་གཞོན་ནུ་རྣམས་ལ་ཞབས་ཞུའི་བར་སྟོང་དང་བདག་གཉེར་ཚོང་ཁང་མཉམ་སྤྱོད་དང་། སྲིད་ཇུས་ཀྱི་མཛུབ་སྟོན་དང་མ་དངུལ་རེ་ཞུ་བྱེད་པ། ལག་རྩལ་ཤན་འབྱེད་དང་འདྲི་རྟོག་ཇུས་འགོད། ལས་གཞིའི་བློ་འདོན། འཇོན་མི་སྐྱེད་སྲིང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཕུགས་འདུན་དང་ནུས་པ་ལྡན་པའི་ན་གཞོན་ལས་སྐྲུན་པ་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་ལེགས་པོ་ཞིག་བསྐྲུན་པ་དང་། ལས་སྐྲུན་ལམ་གྱི་གོ་འཛོལ་ཇེ་ཉུང་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ངང་འཕེལ་བར་བྱེད་པའི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ནས། དབུལ་ཕོངས་ས་ཁུལ་གྱི་མི་རྣམས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་པར་འགྲུབ་པའི་ལམ་དུ་མགྱོགས་མྱུར་གྱིས་བསླེབ་པར་སྟོབས་ཤུགས་འབུལ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།