མཉམ་ལས་ཁང་གིས་མདའ་བཞི་སྡེ་བའི་འབྲོག་པར་ཕྱུག་འགྱུར་གྱི་རེ་བ་བསྩལ།
2018.10.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 60

མདོ་ལ་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་ཡོད་པའི་གནས་སུ། རི་བོ་ཁྲ་རིང་མ་ཞེས་པ་ཞིག་ཡོད་པ་དང་། རི་འདབས་སུ་སྡེ་བ་ཞིག་ཡོད་དེ། དེ་ནི་མདའ་བཞི་སྡེ་བ་རེད། སྡེ་བའི་ནང་དུ་བོད་རིགས་དང་སོག་རིགས། ཧོས་རིགས་བཅས་ཡོད་ལ། ཕྱུགས་ལས་གཙོ་བོ་གཉེར་ནས་འཚོ་བ་རོལ་བཞིན་ཡོད།

སྔོན་ཆད། མདའ་བཞི་སྡེ་བའི་འབྲོག་དམངས་ཀྱི་ཕྱུགས་ལས་ཐོན་སྐྱེད་ནི་དུས་ཚིགས་རེ་རེར་རུ་བ་སྤོ་རྒྱུ་དེ་ཡིན།

2005ལོར། མ་རྐང་སྡུད་པའི་ཐོན་སྐྱེད་ལམ་ལུགས་དར་བས། མདའ་བཞི་སྡེ་བའི་འབྲོག་པའི་ལྷིང་འཇགས་ཀྱི་འཚོ་བ་འུར་ཟིང་དུ་བཏང་།

ལོ་བརྒྱད་ཀྱི་སྔོན་ལ། ཆེད་ལས་མཉམ་ལས་ཁང་དར་བ་ནས་བཟུང་། མདའ་བཞི་སྡེ་བས་ཀྱང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས། སྡེ་བའི་ནང་གི་ནོར་ལུག་གི་བལ་གཅིག་གྱུར་གྱིས་ཉོ་བསྡུ་བྱེད་པ་དང་། ནོར་ལུག་གཅིག་བསྡུས་བྱས་ཏེ་ཕྱིར་འཚོང་བྱེད་པ་ནི་མཉམ་ལས་ཁང་གི་ནུས་པ་གཅིག་པུ་རེད། མཉམ་ལས་ཁང་འདི་ལ་བརྟེན་ནས་ཕྱུག་པོར་བསྒྱུར་བ་ནི་སྡེ་བའི་ནང་གི་མི་རྣམས་ཀྱི་སེམས་སུ་ཡང་དྲན་མ་མྱོང་།

གྲངས་ཀ་ཚོད་འཛིན་བྱས་ཏེ་ཕྱུགས་འཚོ་བའི་བྱེད་ཐབས་ལ་སྔར་བཞིན་འགྱུར་ལྡོག་མ་བྱུང་ལ། ཕྱུགས་ཟོག་ཚད་ལས་བརྒལ་བས་རྩྭ་སར་གནོད་པ་ཚབས་ཆེན་ཐེབས་པ་དང་། མདའ་བཞི་རྩྭ་ཐང་གི་སྐྱེ་ཁམས་གནད་དོན་ཉིན་རེ་བཞིན་འབུར་ཐོན་དུ་གྱུར།

2015ལོའི་ཟླ་བརྒྱད་པར། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དེ་མདོ་ལ་རྫོང་དུ་ཕྱོགས་ཡོངས་ནས་ལག་བསྟར་བྱས། ལོ་དེའི་ཟླ་བཅུ་གཉིས་པར། གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་དང་མ་རྐང་ལམ་ལུགས་དུ་བསྒྱུར་བཀོད་བྱས་པའི་མདའ་བཞིའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་སོ་གསུམ་དང་མི་གྲངས་བརྒྱ་དང་སོ་གཅིག་ཡོད་ལ། རྩྭ་ས་སྤྱི་ཆིང་སྟོང་དྲུག་དང་སུམ་བརྒྱ་གཅིག་བསྡུས་བྱས་པ་དང་། ཕྱུགས་ཟོག་སྟོང་ལྔ་དང་ལྔ་བརྒྱ་བཅུ་གཉིས་གཅིག་བསྡུས་བྱས་ལ། མ་རྐང་གི་སྤྱིའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་ལྔ་ཁྲི་དགུ་སྟོང་བརྒྱད་དྲུག་བརྒྱ་རུ་སླེབས།

“ལོ་འགའི་སྔོན་ལ་ཕྱུགས་ཟོག་རིན་གོང་བཟང་བོར་བཙོང་མི་ཐུབ་ལ། འབྲོག་པ་མི་སྒེར་གྱིས་ནོར་ལུག་འགའ་ཕྱིར་འཚོང་བྱས་རུང་། ཚོང་རའི་སྟེང་འགྲན་རྩོད་ནུས་ཤུགས་རྩ་བ་ནས་མེད་ལ། མུ་མཐུད་དུ་མི་སྒེར་གྱི་འཕེལ་རྒྱས་བགྲོད་ལམ་དུ་སྙེག་ན་འབྲས་བུ་བཟང་བོ་ཞིག་མེད་ལ། ཆེས་གལ་ཆེ་བ་ནི་སྐྱེ་ཁམས་ལ་གཏོར་བརླག་ཐེབས་ཚད་ཅུང་ཆེ་བ།”དང་ཐོག་མཉམ་ལས་ཁང་གཞི་ཁྱོན་ཅན་གྱི་འཁོར་སྐྱོད་རྒྱུ་མཚན་ལ་ཕྱིར་དྲན་བྱེད་སྐབས། ཐོན་སྐྱེད་སྤྱི་གཉེར་བ་བུན་ཁྲང་ཐར་གྱིས་སེམས་སུ་གསལ་བོར་ངེས་པ་ནི། དེ་སྔོན་ག་ས་གང་དུ་ནོར་ལུག་བཙོང་བཞིན་ཡོད་པས། ལྟ་རྒྱ་མཐོང་རྒྱ་ཆེ་བའི་བུན་ཁྲང་ཐར་གྱིས་བལྟས་ན། སྡེ་བས་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་གདམ་གསེས་བྱས་ན་ཆེས་ཡང་དག་པ་རེད་འདོད།

མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་རྗེས་བསྒྲུབ་པའི་དོན་དག་དང་པོ་ནི་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་དང་ལྟ་སྐུལ་ལྷན་ཚོགས་ཀྱི་མི་སྣ་གདམ་གསེས་བྱེད་རྒྱུ་དེ་རེད། དམངས་སྒྲུབ་དང་མང་ཚོགས་ཀྱིས་དོ་དམ། འབྲོག་པར་ཕན་ཁེ་ཡོད་པའི་ཐོན་སྐྱེད་ཚོང་གཉེར་རྣམ་པ་བརྒྱུད་དེ། ཧུར་ཐག་གིས་སྲོལ་རྒྱུན་གྱི་ཚོང་གཉེར་རྣམ་པ་བསྒྱུར་ན། མཉམ་ལས་ཁང་འཕེལ་རྒྱས་ཐད་ཐོན་སྐྱེད་ཚད་གཞི་ཅན་དང་གསོ་སྤེལ་གཞི་ཁྱོན་ཅན། མིང་གྲགས་ཐོན་རྫས་ཕྱིར་འཚོང་བཅས་མངོན་འགྱུར་འབྱུང་ཐུབ།

མཉམ་ལས་ཁང་བཙུགས་རྗེས། མཉམ་ལས་ཁང་གི་ནོར་ལུག་རིམ་པ་དགར་བ་དང་། ཁྱུ་དགར་ནས་དོ་དམ་ལག་བསྟར་བྱས་ལ། མཉམ་ལས་ཁང་གིས་གླས་པའི་ཕྱུགས་རྫི་ཡི་བཟང་ངན་དཔྱད་འཇོག་བྱེད་པ་དང་། ཕུལ་བྱུང་ཕྱུགས་རྫི་ཡིས་མ་ཁྱུ་ལ་དོ་དམ་བྱེད་བཞིན་ཡོད་པ་མ་ཟད། ཕྱུགས་ཟོག་གི་གྲངས་ཀ་གཟབ་ནན་སྒོས་ཚོད་འཛིན་བྱེད་བཞིན་ཡོད། ཕྱུགས་འཚོ་བའི་ལམ་ལུགས་གཏན་འཁེལ་བྱས་ཏེ། ཕྱུགས་རྫི་ལ་ཁ་གཏད་ནས་བྱ་དགའ་དང་ཆད་པ་གཅོད་པའི་ལམ་ལུགས་གཏན་འཁེལ་བྱས་པས། ཕྱུགས་ཟོག་གི་གསོན་ཚད་ལ་འགན་སྲུང་བྱས་པ་དང་། རྩྭ་ས་ཁག་བགོས་ནས་རེས་མོས་སྒོས་ཕྱུགས་འཚོ་བཞིན་ཡོད། མཉམ་ལས་ཁང་གིས་ཕྱུགས་ཟོག་གི་གྲུབ་ཚུལ་ཇེ་ལེགས་སུ་བཏང་བ་བརྒྱུད། མིང་གྲགས་ཐོན་རྫས་ལས་སྣོན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཚོང་རའི་འགྲན་རྩོད་ནུས་ཤུགས་སྔར་ལས་ལྷག་པའི་ཇེ་དྲག་ཏུ་བཏང་།

ཐོན་སྐྱེད་རྒྱུ་ཆ་གཅིག་གྱུར་སྒོས་དོ་དམ་བྱེད་པ་དང་། དེང་རབས་ལག་རྩལ་གཅིག་གྱུར་སྒོས་ཁྱབ་གདལ་དུ་གཏོང་བ། ལག་རྩལ་མི་སྣར་གཅིག་གྱུར་སྒོས་གསོ་སྦྱོང་བྱེད་པ། ཞིང་ཕྱུགས་ཐོན་རྫས་གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པ། ཕྱུགས་ཟོག་གི་རིམ་འགོག་གཅིག་གྱུར་གྱིས་འགོག་བཅོས་བྱེད་པ། ཕྱུགས་རྒྱུད་གདམ་གསེས་གཅིག་གྱུར་གྱིས་རྩ་འཛུགས་བྱེད་པ་བཅས་བྱས་ཏེ་མཉམ་ལས་ཁང་འཁོར་སྐྱོད་བྱེད་བཞིན་ཡོད་པས། མཉམ་ལས་ཁང་གི་ཁོངས་མི་རྣམས་ལ་ལོ་རྗེས་མར་ཡོང་སྒོ་སྔར་ལས་མང་པོ་ལེན་དུ་འཇུག་ཐུབ།

སྡེ་བའི་ནང་གི་གསར་བུ་ཐཱ་རིན་ཞིན་ལ་མཚོན་ན། ཁོ་རང་གི་བསམ་ཚུལ་ནི་རྫོང་མཁར་དུ་སོང་ནས་ལས་ཀ་གཉེར་རྒྱུ་དེ་ཡིན། འོན་ཀྱང་ཁྱིམ་གྱི་ནོར་ལུག་ལ་ཁོས་བདག་སྐྱོང་བྱེད་དགོས་པས་འགྲོ་མ་ཐུབ་པར་ཁྱིམ་དུ་བསྡད། 2015ལོར་སྡེ་བའི་མཉམ་ལས་ཁང་མ་རྐང་ལམ་ལུགས་སུ་བསྒྱུར་རྗེས། ཐཱ་རིན་ཞིན་གྱིས་མྱུར་དུ་ཁྱིམ་གྱི་ནོར་ལུག་ཉིས་བརྒྱ་ལྷག་དང་རྩྭ་ས་སྤྱི་ཆིང་རེ་དྲུག་དང་གྲངས་ཆུང་དྲུག་བདུན་ཚང་མ་མཉམ་ལས་ཁང་དུ་མ་རྐང་དུ་བཞག

ནོར་ལུག་འཚོ་མི་དགོས་པས། ཐཱ་རིན་ཞིན་གྱིས་གླ་གཏོང་རླངས་འཁོར་ཞིག་ཉོས་པ་དང་། རྫོང་མཁར་ནས་གླ་གཏོང་རླངས་འཁོར་སྐོར། 2016ལོར་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་དགུ་ལྷག་བགོས་པ་དང་གླ་གཏོང་རླངས་འཁོར་བསྐོར་ནས་མ་དངུལ་བླངས་བས། རྫོང་མཁར་ནས་ཐོག་ཁང་ཞིག་ཉོས་པ་དང་། མཁར་གྲོང་གི་མིའི་འཚོ་བ་རོལ། མདའ་བཞི་སྡེ་བ་རུ་ཐཱ་རིན་ཞིན་ལྟ་བུའི་མ་རྐང་བཞག་སྟེ་ཡོང་སྒོའི་ཁེ་སྤོགས་བཟུང་ནས་ཚོང་ལས་གཉེར་བའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

མཉམ་ལས་ཁང་བཙུགས་པའི་ཚུན་ལ། བུན་ཁྲང་ཐར་སོགས་མཉམ་ལས་ཁང་གི་ཁོངས་མི་རྣམས་གནས་མང་པོར་སོང་ནས་ལྟ་ཞིབ་དང་གསོ་སྦྱོང་དུ་བྱིན་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་མཉམ་ལས་ཁང་མཐོང་རྗེས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་གཅིག་ཏུ་བསྲེས་པ་ཧ་ཅང་ལེགས་འགྲུབ་ཡིན་ལ། བུན་ཁྲང་ཐར་སོགས་མཉམ་ལས་ཁང་གི་ཁོངས་མི་རྣམས་ལ་བསམ་ཚུལ་སྔར་ལས་ཡོད་པར་གྱུར། ན་ནིང་། མཉམ་ལས་ཁང་གིས་རྫོང་མཁར་ནས་ཐོག་རྩེག་གསུམ་ཅན་གྱི་ཐོག་ཁང་ཞིག་ཉོས་པ་དང་། ཐོན་ལས་གསུམ་པ་ནང་འདྲེན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད།

“གཅིག་ཐོག་ནི་མཉམ་ལས་ཁང་གི་གཞུང་སྒྲུབ་ཁང་དང་དངོས་ཕུང་ཚོང་ཁང་ཡིན་པ་དང་། ཉིས་ཐོག་དང་གསུམ་ཐོག་ནི་མགྲོན་ཁང་ཡིན། མགྲོན་ཁང་ལས་འགྲུབ་རྗེས། སྡེ་བའི་ནང་གི་ངལ་རྩོལ་པ་ལྷག་མར་གསོ་སྦྱོང་བྱས་ཏེ། མགྲོན་ཁང་དུ་སོང་ནས་ཞབས་ཞུ་བ་བྱས་ཆོག”མཉམ་ལས་ཁང་ལ་རིན་ཐང་སྔར་ལས་མང་པོ་ཇི་ལྟར་བསྐྲུན་པ་དང་མཉམ་ལས་ཁང་གི་ཁོངས་མིའི་ཡོང་སྒོ་ཇི་ལྟར་ཇེ་མང་དུ་གཏོང་བར་བུན་ཁྲང་ཐར་གྱི་སེམས་སུ་ཁ་ཕྱོགས་གསལ་བོ་ཡོད།

2017ལོར། མཉམ་ལས་ཁང་གི་སྤྱིའི་ཡོང་སྒོ་སྒོར་ས་ཡ་དྲུག་དང་འབུམ་དྲུག་ཁྲི་དགུ་སྟོང་བརྒྱད་དྲུག་བརྒྱ་རུ་སླེབས་ཡོད་པ་དང་། མ་རྐང་ལྟར་ཡོང་སྒོ་བགོ་བཤའ་བརྒྱབ་པའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་གཉིས་བརྒྱད་བརྒྱ་རུ་སླེབས་ཡོད་ལ། ཕྱུགས་རྫི་ཡི་གླ་ཕོགས་དང་ལས་འབྲས་གླ་ཕོགས་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་སྟོང་བདུན་ཡིན་པ་དང་། གནད་ཕིགས་དབུལ་སྐྱོར་གྱི་བགོ་བཤའི་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་དུ་སླེབས་ཡོད་པས། མཉམ་ལས་ཁང་གི་ཁོངས་མི་སྤྱིའི་ཡོང་སྒོ2016ལོ་དང་བསྡུར་ན་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་གསུམ་གསུམ་འཕར་ཡོད།

མཉམ་ལས་ཁང་དུ་ཞུགས་པའི་མི་རྣམས་ཀྱི་ཡོང་སྒོ་སྔར་ལས་ཇེ་མཐོར་གྱུར་རྗེས། སྡེ་བའི་ནང་གི་མ་རྐང་དུ་བཞག་མེད་པ་རྣམས་ཀྱང་རང་དགར་འདུག་མ་བཟོད་པས། ད་ལྟ་མ་རྐང་དུ་བཞག་པའི་ཁྱིམ་ཚང་ང་གཉིས་ཡོད་པ་དང་། ད་དུང་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་མཉམ་ལས་ཁང་དུ་ཞུགས་པའི་སྙན་ཞུ་འབུལ་བཞིན་ཡོད། བུན་ཁྲང་ཐར་གྱིས་བལྟས་ན། མིག་སྔར་མཉམ་ལས་ཁང་གིས་མུན་འཐོམས་ཀྱིས་གཞི་རྒྱ་ཇེ་ཆེར་གཏོང་མི་རུང་ལ། སྔོན་ལ་སྤུས་ཚད་དམ་འཛིན་བཟང་བོ་བྱས་ཏེ། ལོ་མཇུག་ཏུ་ནོར་ལུག་གི་ཤ་ལས་སྣོན་བྱེད་རྒྱུ་མགོ་བརྩམས་ནས། སང་ལོའི་ལོ་མགོར་ཐོན་རྫས་དངོས་སུ་ཚོང་རར་བཀྲམ་རྒྱུ་རེད།

མཉམ་ལས་ཁང་ལེགས་བསྡུས་ཞིབ་གཉེར་བྱས་ཏེ་ཚོང་གཉེར་བྱས་རྗེས། སྔོན་གྱི་ནོར་ལུག་གི་གྲངས་ཀ་ཇེ་ཉུང་དུ་སོང་རུང་། ཕྱིར་བཙོང་བྱས་པའི་ནོར་ལུག་གི་ཤ་ཤེད་ཧ་ཅང་བཟང་ལ། གཟན་ཆས་སྟེར་བའི་བརྒྱུད་རིམ་ཁྲོད་རིམ་པ་མི་འདྲ་བའི་སྒོ་ནས་གཟན་ཆས་སྟེར་བཞིན་ཡོད་པས། རྩྭ་སའི་གནོན་ཤུགས་སྔར་ལས་ཇེ་ཆུང་དུ་བཏང་། མདའ་བཞིའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཚོང་གཉེར་ལེགས་འགྲུབ་བྱུང་བ་དེས་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བ་མ་ཟད། འབྲོག་པ་མང་ཚོགས་ལ་ཡང་སྐྱེ་ཁམས་སྲུང་སྐྱོབ་ཐད་ངོས་ཟིན་སྔར་ལས་གསལ་བོ་སྐྱེས་སུ་བཅུག་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།