རི་གྲོང་མི་སེར་གྱིས་དམིགས་བསལ་གྱི་ཟླ་མཆོད་དུས་ཆེན་རོལ་བ།
2018.10.23 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 78

ཟླ་དགུ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཟླ་མཆོད་དུས་ཆེན་ལ་རོལ་བ་དང་། བིས་ཐང་སྡེ་བའི་མང་ཚོགས་ཀྱིས་ཀྱང་དམིགས་བསལ་གྱི་ཟླ་མཆོད་དུས་ཆེན་ཞིག་རོལ།

ཏག་ཏག་ཚེས་ཉེར་བཞི་ཉིན། ཏང་ཡོན་མང་ཚོགས་ཀྱིས་ཉིན་བཅུ་བདུན་རིང་ལ་ཉེན་སྐྱོབ་གནོད་སེལ་བརྒྱུད་ཀ་རྫོང་གཞུང་ལམ་བརྡིབས་པ་ཞིག་གསོ་བྱས་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་། ཞང་ཏང་ཨུའི་འགོ་ཁྲིད་རྣམས་ལས་གྲྭའི་ཡུལ་དངོས་སུ་འཚམས་འདྲིར་ཕྱིན་པ་དང་། ཏང་ཡོན་མང་ཚོགས་དང་མཉམ་གཅིག་ཏུ་ཉེན་ཁ་མྱུར་སྐྱོབ་བརྒྱུད་ཐེངས་འདིའི་མཁྲེགས་གཏོར་བྱ་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

“ཟླ་ཕྱེད་ཙམ་གྱི་སྔོན་ལ། རི་ཉིལ་ནས་ལམ་བུ་བརྡིབས་པ་དང་། ལམ་གཞི་དང་ལམ་མཐའི་སྐྱོར་རྩིག ལམ་ངོས་ཧྲིལ་བོ་མེད་པར་བཟོས། ”  ཀ་རིང་བོད་རིགས་ཞང་བིས་ཐང་སྡེ་བའི་ཏང་ཡོན་རྒན་པ་སྐལ་བཟང་གིས་རི་ཉིལ་བའི་གནས་ཚུལ་དངོས་སུ་མཐོང་བར་མ་ཟད། ཁོ་ཧ་ཅང་སེམས་འགུལ་ཐེབས་པའི་ངང་ནས་ང་ཚོར་སྐབས་དེའི་གནས་ཚུལ་བཤད།

ཟླ་དགུ་པའི་ཟླ་དཀྱིལ་ཙམ་ལ། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་བིས་ཐང་སྡེ་བའི་ཀ་རྫོང་གཞུང་ལམ་གྱི་བིས་ཐང་ལམ་རྒྱུད་དུ་བསྟུད་མར་ཉིན་མང་པོའི་རིང་ཆར་ཆུ་བབས་པའི་རྐྱེན་གྱིས་རི་ཉིལ་ཏེ་བིས་ཐང་སྡེ་བའི་མཐའ་འཁོར་གྱི་སྡེ་བ་དགུ་དང་དགོན་པ་བཞི་ཙམ་གྱི་བགྲོད་ལམ་གཅིག་པུ་མེད་པར་བཟོས་པ་དང་། ཁྱིམ་ཚང་བདུན་བརྒྱ་ཉེར་གསུམ་དང་མི་གྲངས་སུམ་སྟོང་སུམ་བརྒྱ་དོན་དགུར་ཉེ་བའི་འགྲོ་འདུག་ལ་བར་ཆད་ཆེན་པོ་བཟོས།

“གནོད་འཚེ་ཐེབས་པའི་བརྡ་འབྱོར་རྗེས། ང་ཚོ་དེ་མ་ཐག་ཡུལ་དངོས་སུ་སོང་བ་མ་ཟད། བིས་ཐང་སྡེ་བ་སོགས་སྡེ་བ་དགུ་ཡི་ཨུ་ཡོན་གཉིས་ཀྱི་འགན་འཁུར་བའི་ཚོགས་འདུ་བསྡུས་ཤིང་། མཉམ་གཅིག་ཏུ་བགྲོད་ལམ་མྱུར་སྐྱོབ་ཀྱི་ལས་ཀའི་བཀོད་སྒྲིག་ལ་གྲོས་མོལ་བྱས་པ་དང་། ཞང་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་། སྡེ་བ་རིམ་པའི་ལས་བྱེད་པས་རང་འགུལ་གྱིས་འགན་ཁུར་ཏེ། ཐབས་ཤེས་ཡོད་རྒུ་བཏོན་ནས་བགྲོད་ལམ་ཞིག་གསོ་བྱ་དགོས། ” ཞེས་ཀ་རིང་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྡོ་བྷ་ཡིས་དེ་ལྟར་བཤད།

“ང་ཚོས་དུས་ཐོག་ཏུ་སྡེ་བའི་ཨུ་ཡོན་གཉིས་ཀྱི་ལས་གྲྭའི་ཁོངས་མི་དང་ཏང་ཡོན། མང་ཚོགས་ཀྱི་འཐུས་མི། དེ་མིན་སྡེ་བའི་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཟུར་བ་བཅས་མི་གྲངས་བཞི་བཅུར་ཉེ་བ་བསྡུས་ཏེ། སྔོན་ལ་དགོས་གལ་ཆེ་བའི་ལམ་ཕྲན་ཞིག་བཟོས་ཏེ་མི་རྣམས་བགྲོད་ཐུབ་པ་བྱ་རྒྱུ་ཐག་གིས་བཅད། དེ་ལྟར་བྱས་ཚེ་སྡེ་བའི་ནང་གི་བྱིས་པ་ཚོ་སློབ་གྲྭར་འགྲོ་བ་དང་མང་ཚོགས་ཀྱི་དོན་དག་ཆེ་ཆུང་གང་ཡིན་ཡང་འགོར་འགྱངས་མི་བྱེད།”ཅེས་བིས་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁ་ཉོག་གིས་དེ་ལྟར་མཚམས་སྦྱོར་བྱས།

ཏང་ཡོན་དང་མང་ཚོགས་བཞི་བཅུ་ལྷག་གིས་ཉིན་གསུམ་གྱི་རིང་དཀའ་ལས་བརྒྱབ་པར་བརྟེན། བིས་ཐང་སྡེ་བ་དང་ཉེ་བའི་སྤྱི་ལེ་གཅིག་ཙམ་གྱི་དགོས་གལ་ཆེ་བའི་ལམ་ཕྲན་ལེགས་འགྲུབ་བྱུང་། རི་ཉིལ་བ་གཏན་འཇགས་མིན་པ་དང་། དེའི་ཁར་ཆར་བ་ཟམ་ཟིམ་འབབ་མཚམས་མ་ཆད་པའི་རྐྱེན་གྱིས་སྔ་གཞུག་ཐེངས་གསུམ་ཙམ་ལ་ལམ་བརྡིབས་པའི་གནས་ཚུལ་བྱུང་། དེ་བས་ལས་སྒྲུབ་རུ་ཁག་ཞིག་རྙེད་དཀའ་མོད། འོན་ཀྱང་བགྲོད་ལམ་འཕྲལ་བཟོའི་བྱ་བ་དེ་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་།

“མཇུག་མཐར། བིས་ཐང་སྡེ་བའི་ཨུ་ཡོན་གཉིས་ཀྱིས་ལས་འགན་ལྕི་མོ་འཁུར་ཏུ་བླངས་པ་དང་། ཁོ་ཚོས་ཀྱང་རང་འགུལ་གྱིས་བགྲོད་ལམ་འཕྲལ་བཟོའི་འགན་འཁྲི་དང་དུ་བླངས་ནས། ལས་སྒྲུབ་རུ་ཁག་ལ་འབྲེལ་བ་བྱས་རྗེས་དེ་མ་ཐག་ལས་གཞི་མགོ་བརྩམས།” ཀ་རིང་ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་བཀྲ་ཤིས་ཀྱིས་བཤད་རྒྱུར། “ང་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་ནི་སྡེ་བའི་ཀྲུའུ་རིན་རྡོ་བྷ་བགྲོད་ལམ་འཕྲལ་བཟོའི་བྱ་བའི་ཐོག་མཐའ་ཀུན་ཏུ་ས་བརྐོ་འཕྲུལ་འཁོར་བཀོད་འདོམས་པ་བྱས་ནས། བརྡིབ་ཉེན་ཆེ་བའི་རི་ངོས་སུ་འགྲེང་སྟེ་ས་བརྐོ་བར་བཀོད་འདོམས་བྱེད་པའི་བྱ་བ་བསྒྲུབས།”

བགྲོད་ལམ་སྔ་མོ་ནས་འགྲུབ་ཆེད། ཀ་རིང་ཞང་ཏང་ཨུ་ཡིས་སྔ་གཞུག་ཏུ་ས་བརྐོ་འཕྲུལ་འཁོར་གསུམ་དང་བླུག་འཁོར་གཉིས། དེ་མིན་ས་འགྲུལ་རླངས་འཁོར་དུ་མ་མཁོ་འདོན་བྱས་ཏེ། ཉེན་ཁ་མྱུར་སྐྱོབ་བྱ་བ་དེ་ཏང་ཡོན་དང་སྡེ་བའི་ལས་བྱེད་པས་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་སའི་གཡུལ་ས་གཙོ་བོར་བརྩིས་ཤིང་། ནུས་ཤུགས་ཡོད་རྒུ་བགྲོད་ལམ་འཕྲལ་བཟོའི་ཐད་བཏོན། ཟླ་དགུ་པའི་ཚེས་ཉེར་བཞི་སྟེ་ཟླ་མཆོད་དུས་ཆེན་ཉིན་མོར། ཉིན་བཅུ་བདུན་རིང་གི་ཉེན་ཁ་མྱུར་སྐྱོབ་བརྒྱུད་ཀ་རྫོང་གཞུང་ལམ་བརྡིབས་པ་ཞིག་གསོ་བྱས་ཏེ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་བྱུང་།

ཉེ་བའི་ལོ་འདི་འགར། ཞོན་ཧྭ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། བཙན་རྫོང་ནུས་པ་འདོན་སྤེལ་བྱེད་པ། གནོད་འཚེ་དང་ཉེན་ཁར་འཕྲད་ཚེ། ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཉེན་འགོག་གི་འཐབ་ས་དང་པོར་འཛུགས་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་དར་ཆ་གནོད་སྐྱོབ་ཀྱི་ཆེས་མདུན་གྲལ་དུ་ལྷབ་ལྷུབ་སྐྱོད་དེ། མང་ཚོགས་ཀྱི་རྒྱབ་རྟེན་དང་དད་འདུན་གྱི་སྲོག་ཤིང་ལྟ་བུར་གྱུར།

ཟླ་མཆོད་དུས་ཆེན་སྐབས་སུ། རྒྱལ་ཡོངས་གོང་འོག་ཚང་མས་བཀྲ་ཤིས་ལྷན་འཛོམས་ཀྱི་དུས་ཆེན་འདི་ལ་རྟེན་འབྲེལ་ཞུས་ཤིང་། ཞོན་ཧྭ་རྫོང་ཀ་རིང་ཞང་བིས་ཐང་སྡེ་བའི་ཏང་ཡོན་མང་ཚོགས་ཀྱིས་ཀྱང་དམིགས་བསལ་གྱི་དུས་ཆེན་ཞིག་བསྐྱལ་ཏེ། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ཀྱིས་བསྐྱངས་བར་བཀའ་དྲིན་ཞུས།

 ལོ་ཙཱ་བ། རྟ་མགྲིན་སྐྱབས།