མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་བཅོས་བསྒྱུར་གསར་སྐྲུན་སྒུལ་ཤུགས་སུ་བརྩིས་པ་དང་། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དམིགས་འབེན་དུ་བཟུང་སྟེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ནང་རྐྱེན་གསར་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་མ་རྐང་མཉམ་ལས་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ཏེ། སྲོལ་རྒྱུན་རྩྭ་སའི་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་བསྒྱུར་བར་སྐུལ་སྤེལ་བྱས།
ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མེ་ལོང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་རང་ཞིང་གིས་འཛུགས་སྐྲུན་བྱས་པ་ཆེས་སྔ་བའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། འཚོལ་ཞིབ་བྱུང་བའི་མེ་ལོང་དཔེ་དབྱིབས་ནི་ཞིང་ཆེན་ཡོངས་ཀྱིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྐུལ་སྤེལ་བྱེད་པའི་དཔེ་མཚོན་དུ་གྱུར། མཉམ་ལས་ཁང་གིས་རྩྭ་སའི་གནམ་གཤིས་དང་ས་དབྱིབས། སྤང་ཤུན། ལྟག་ཆུ་དང་ཕྱུགས་ཤོང་ཚད་བཅས་གཞིར་བཟུང་སྟེ། དགུན་དཔྱིད་དང་། སྟོན་ཁ། དབྱར་ཁ་བཅས་ཀྱི་རྩྭ་ས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་དང་། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་བྱས་པས། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་སའི་ཐོན་ཁུངས་བེད་སྤྱོད་བྱས་ཚད་ཇེ་མཐོར་སོང་བ་དང་། རྩྭ་སའི་སྐྱེ་ཁམས་ནུས་ལྡན་ངང་བསྐྱར་གསོ་དང་སྲུང་སྐྱོབ་ཐོབ།
སྲོལ་རྒྱུན་རྩྭ་སའི་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་བསྒྱུར་བར་སྐུལ་སྤེལ་བྱེད་པ་ནས་མགོ་བརྩམས་ཏེ། ཐེམ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་རེ་དྲུག་གི་གྲས་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་བཞི་བདམས་ཏེ་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་བྱས་ནས། གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་མཉམ་འབྲེལ་ཁང་སྒྲིག་འཛུགས་བྱས། སེང་གེ་ཞང་གཡང་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང་བཞི་ཡིས་མཉམ་འབྲེལ་སྒོས་སེང་གེ་ཚོ་བཞིའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་སྒྲིག་འཛུགས་བྱས། མ་རྐང་མཉམ་ལས་ཀྱི་དཔེ་དབྱིབས་ཁྱབ་སྤེལ་བཏང་སྟེ། ཚོད་ལྟའི་མཉམ་ལས་ཁང་བཅུ་བཞི་ཡི་མ་རྐང་དུ་ཞུགས་པའི་རྩྭ་སའི་རྒྱ་ཁྱོན་དང་ཕྱུགས་ཀྱི་ཁ་གྲངས་ལ་ཡང་བསྐྱར་ཞིབ་བསྡུར་དང་ཚགས་བཙུགས་བྱང་སྒྲིག་དང་། མ་རྐང་བསྒྱུར་བཀོད་ལེགས་འགྲུབ་བྱས་པའི་མཉམ་ལས་ཁང་བདུན་དང་།མཉམ་ལས་ཁང་དུ་ཞུགས་པའི་དུད་ཁྱིམ་ཉིས་བརྒྱ་དང་གོ་ལྔ། མ་རྐང་དུ་ཞུགས་པའི་རྩྭ་ས་སྤྱི་ཆིང་ཁྲི་གཉིས་དང་སྟོང་དགུ་དང་། ཕྱུགས་ཟོག་ཁྲི་གསུམ་དང་སྟོང་དྲུག་བཅས་ཡོད་པ་རེད།
ཐེམ་ཆེན་རྫོང་གིས་མ་རྐང་དུ་བཞག་པའི་ཕྱུགས་ཟོག་དང་རྩྭ་ས་ཧྲག་སྡེབ་དང་ཡང་བསྐྱར་དབྱེ་བགོ་བྱས།ཤེས་ཡོན་གྲོང་རྡལ་མེ་ལོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ལུག་ཁྱུ་ཉེར་བདུན་ཧྲག་སྡེབ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་སར་ཕྱུགས་འཚོ་བ་ལེགས་སྒྲིག་བྱས། བྲག་དམར་ཞང་སོགས་ཀྱི་ཚོད་ལྟའི་མཉམ་ལས་ཁང་དྲུག་ཏུ་ཕན་ནུས་ཆེ་བའི་བོད་ལུག་གསོ་སྤེལ་ལག་རྩལ་ཁྱབ་སྤེལ་བཏང་ཞིང་། “རང་བྱུང་འཚོ་སྐྱོང་དང་གཟན་ཆས་ཁ་གསབ”ཀྱི་བྱེད་སྟངས་སྤྱད་པ་དང་། ལུ་གུའི་གསོན་ཚད་རྫོང་ཡོངས་ཀྱི་ཆ་སྙོམས་ཀྱི་བསྡུར་ཚད་ལས་བརྒྱ་ཆའི་ཆ་གཅིག་དང་ང་དགུ་ཡིས་མཐོ་བ་རེད། དེ་དང་ཆབས་ཅིག མ་དངུལ་སྒོར་ཁྲི་བརྒྱད་བརྒྱ་དང་ཉེར་བཞི་བཏང་སྟེ། སྐྱེ་ལྡན་སྐྱེ་ཁམས་རྩྭ་ས་གསུམ་དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བརྒྱད་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་། འབྲོག་ལུག་དང་ནོར་གནག་གི་རྒྱུད་ལེགས་བདམས་གསོ་བྱས། ཕྱུགས་འགོག་ཕྱུགས་སྐྱུར་དང་རྩྭ་ཕྱུགས་དོ་མཉམ་གྱི་ནང་རྐྱེན་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་ཤིང་། 2017ལོར་ཐེམ་ཆེན་རྫོང་གིས་རིམ་བསགས་བྱས་ན་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི་དགུ་ལྷག་འགྲེམ་གཏོང་བྱས། འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་མ་ཡིན་པའི་ཕྱུགས་ཟོག་འཚོ་སྐྱོང་ལ་ཤུགས་སྣོན་པར་སྐུལ་མ་བཏང་སྟེ། འཚོ་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་དང་སྟོང་བདུན་བརྒྱད་རྒྱ་ལྷག་འགྲེམ་གཏོང་བྱས། མ་དངུལ་སྒོར་ཁྲི་གཅིག་དང་དྲུག་བརྒྱ་ལྷག་བཏང་སྟེ་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ཚོད་ལྟ་དང་ཚོད་ལྟའི་ས་ཁུལ་གྱི་ལས་གཞི་ལག་བསྟར་བྱས་པ་དང་། ཞན་འགྱུར་རྩྭ་ས་སྤྱི་ཆིང་སྟོང་ལྔ་དང་དྲུག་བརྒྱ་རེ་དྲུག་ལེགས་བཅོས་བྱས་ལ། རྩྭ་ས་སྤྱི་ཆིང་སྟོང་ལྔ་དང་དྲུག་བརྒྱ་རེ་དྲུག་གྲངས་ཆུང་བདུན་ལ་ལྕགས་ར་བསྐོར་བ་དང་། ཚད་གཞི་མཐོ་བའི་གཟན་རྩྭའི་རྟེན་གཞི་སྤྱི་ཆིང་དྲུག་བརྒྱ་དང་རེ་དྲུག་ལྷག་བཙུགས།
རྩོམ་སྒྲིག་པ། སྐར་མ་མཚོ།