ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ་བ།
2018.10.31 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 27

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཐོ་འཁྱགས་མཐའ་འཁོབ་ཀྱི་ལྷོ་རྒྱུད་ས་ཁུལ་ཏུ་དུ་ཡོད་པས་སྐྱེ་ཁམས་ཁོར་ཡུག་ཞན་ལ་རང་བྱུང་གི་གནོད་འཚེ་རྒྱུན་དུ་འབྱུང་བ། དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པ། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ཞན་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་དབུལ་ཕོངས་ཀྱི་ཚད་གཞི་གཏིང་ཟབ་པ་ཞིག་རེད།

ཉེ་བའི་ལོ་འགའི་རིང་ཁུལ་ཡོངས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་དམིགས་འབེན་གཙོ་བོ་དང་དམངས་འཚོའི་བཟོ་སྐྲུན་དུ་བརྩིས་ནས། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཡིད་ཆེས་དང་འགུལ་སྐྱོད་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་དབུལ་སྐྱོར་མཁྲེགས་གཏོར་དུས་རིམ་གྱི་དམིགས་འབེན་དང་ལས་འགན་བདེ་བླག་ངང་འགྲུབ་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ད་ལོའི་ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཚོགས་པ་དང་། ཚོགས་ཞུགས་པ་རྣམས་ཀྱིས་ཡུལ་དངོས་ནས་ཡུལ་ཤུལ་གྲོང་ཁྱེར་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་ཀྱི་དབུལ་སྐྱོར་ཐོན་ལས་ས་ཁུལ་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། རོང་འབྲོག་པའི་ལས་ཞུགས་ལག་རྩལ་གསོ་སྦྱོང་། གནས་སྤོར་ས་ཁུལ་སོགས་ཕྱོགས་དུ་མའི་སྒྲུབ་སྟངས་དང་ཉམས་མྱོང་བཅས་ལ་ལྟ་སྦྱོང་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་བྱ་བར་ཕན་འབྲས་ལྡན་པའི་བྱེད་ཐབས་དང་མིག་དཔེ་འདོན་སྤྲོད་བྱས།

འདས་པའི་ལོ་གཅིག་གི་ནང་། ཡུལ་ཤུལ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གཙོ་གནད་ཐད་ཞིབ་འཇུག་བཀོད་སྒྲིག་དང་ཐབས་ཇུས་ཀྱི་སྣེ་ཁྲིད་དོན་འཁྱོལ་ཡོང་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། དབུལ་སྶྐྱོར་མཁྲེགས་གཏོར་བྱ་བའི་སྤྱིའི་ཕན་འབྲས་མཐོ་རུ་འདེགས་ཆེད།  གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཡུལ་ཤུལ་ཁུལ་གྱི་དོན་དངོས་དང་མཐུན་ཞིང་བྱ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཕན་འབྲས་ལྡན་པར་སྐུལ་འདེད་བྱེད་པའི་བྱེད་ཐབས་སྣ་ཚོགས་བཏོན། ཚན་གཙོ་གཉིས་ཀྱིས་ནུས་པ་འདོན་སྤེལ་བྱེད་པ་ཤུགས་དང་ལྡན་པར་བྱས་ཏེ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་དངོས་སུ་བཀོད་སྒྲིག་དང་ལྟ་སྐུལ་མཛུབ་སྟོན་བྱེད་པ། ལས་བགོས་མགོ་ཁྲིད་ཀྱིས་དངོས་སྡོད་ཞིབ་འཇུག་གིས་དངོས་འཛིན་དངོས་སྒྲུབ་དང་གནད་དོན་ཐག་གཅོད་བྱེད་པར་དོ་ཁུར་བྱེད་པ། གནས་གཏན་འཁེལ་བྱས་ཡོད་པའི་མགོ་ཁྲིད་ཀྱིས་གོང་འོག་གཡས་གཡོན་མཉམ་འབྲེལ་བྱེད་པ་བཅས་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་སྤྱིའི་མཉམ་འབྲེལ་གྱི་རྣམ་པ་ཞིག་གྲུབ་པར་བྱས།

ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ལྟ་སྲུང་དོ་དམ་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་དབུལ་སྐྱོར་མ་དངུལ་བདེ་འཇགས་དང་ཕན་འབྲས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱེད་པ་དམིགས་འབེན་དུ་བཟུང་ནས། ཁུལ་རང་གི་རིམ་པའི་ནོར་སྲིད་སྒོར་མོ་ས་ཡ་གཉིས་བཏང་ནས་ཕྱོགས་གསུམ་པའི་ཆེད་ལས་སྡེ་ཁག་ནང་འདྲེན་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་རྗེས་འདེད་ཞིབ་བཤེར་བྱས་ནས། དབུལ་སྐྱོར་མ་དངུལ་བདེ་འཇགས་ཀྱིས་བཀོལ་སྤྱོད་བྱེད་ཤུགས་སྲ་བརྟན་དུ་བཏང་།

ཁུལ་ཡོངས་ཀྱི་དངུལ་རྩའི་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱེད་པར་དཀའ་ཁག་ཆེ་བའི་གནས་ཚུལ་ལ་གཞིགས་ཏེ།  ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་སོ་སོར་སྒོར་མོ་ས་ཡ་ལྔ་རེ་བསྡུས་ནས་བསྡོམས་པས་སྒོར་མོ་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་ལྔ་བཏང་ནས་མ་དངུལ་གྱི་ཉེན་ཁ་འགོག་སྲུང་བྱེད་པའི་སྟེགས་བུ་ཞིག་བསྐྲུན།

ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལྟ་ཞིབ་ཁང་གིས་ཕྱོགས་ཡོངས་ལ་ལྟ་ཞིབ་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་དང་། དབུལ་སྐྱོར་མཁྲེགས་གཏོར་མགོ་ཁྲིད་ཚན་ཆུང་གི་ཆེད་དོན་ལྟ་ཞིབ་གཙོར་འཛིན་པ། “ཡུལ་ཤུལ་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་འགུལ་སྐྱོད་བྱེད”ཅེས་པའི་སྐད་འཕྲིན་སོགས་སྨྱན་བྱད་ཀྱི་ལྟ་ཞིབ་སྟེགས་བུར་བརྩིས་ནས་ཕྱོགས་ཡོངས་ལ་ཁྱབ་པའི་ལྟ་ཞིབ་ལམ་ལུགས་འཛུགས་སྐྲུན་བྱས།

དཔེ་གཞིའི་ཚོད་ལྟའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ལས་གཞི“123”གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་སྔོན་ཐོན་བཟོ་སྐྲུན་ལག་བསྟར་བྱས་ཏེ། རིམ་པ་མང་བ་དང་ཟུར་མང་བ། རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ཐོན་བརྩོན་ལེན་བྱེད་པའི་མཁའ་དབུགས་ཤིག་ཆགས་པར་བྱས།

ཐོན་ཁུངས་ཀྱི་ཁྱད་སྟོབས་བཟང་བོ་ལ་རྐང་འཛུགས་པ་དང་ཕྱུགས་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་སེམས་ཞིབ་མོས་ཡུལ་ཤུལ་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས། ཁུལ་དང་རྫོང་གཉིས་ཀྱི་ནོར་སྲིད་ཀྱིས་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་བཏང་ནས་ཟི་ལིང་གྲོང་ཁྱེར་དུ་དབུལ་སྐྱོར་ཐོན་ལས་འཛད་སྤྱོད་བྱེད་སའི་སྒོ་མོ་ཞིག་ཕྱེས་ནས། ཡུལ་ཤུལ་ཁུལ་གྱི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་ལེགས་པོ་ཕྱི་ལ་དྲིལ་སྒྲོག་བྱེད་སའི་སྟེགས་བུ་ཞིག་བསྐྲུན། རིམ་པ་མཐོ་བའི་ཇུས་འགོད་བྱ་བ་སྤེལ་ཏེ་ཆེད་དོན་རྩ་འཛུགས་ཀྱི་མགོ་ཁྲིད་སྡེ་ཁག་བཙུགས་པ་དང་། མ་དངུལ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་བརྒྱད་ཀྱི་མ་དངུལ་བསྡུ་གསོག་བྱས་ནས་འགོ་ནད་ཚབས་ཆེན་གྱི་རིགས་དང་ས་གནས་ཀྱི་ནད་འགོག་བཅོས་བྱེད་པའི་ཐད་བཏང་བ་སོགས་བྱེད་ཐབས་བཅུ་བཏོན་ནས་བདེ་ཐང་དབུལ་སྐྱོར་བྱ་བར་ཕན་འབྲས་ལྡན་པའི་སྒོ་ནས་སྐུལ་འདེད་བྱས།

ས་ཁུལ་རེ་རེ་དང་དབུལ་ཕོངས་ཁྱིམ་ཚང་རེ་རེའི་དངོས་ཡོད་ཀྱི་དཀའ་ཁག་དང་གནས་ཚུལ་ཚང་མ་གཅིག་འདྲ་མིན། དེའི་སྟབས་ཀྱིས་ཡུལ་ཤུལ་ཁུལ་གྱིས་ས་ཁུལ་སོ་སོའི་དོན་དངོས་གནས་ཚུལ་ལ་ཁ་གཏད་དེ་ཡུལ་བབ་དང་བསྟུན་ཞིང་གནས་ཚུལ་ལྟར་ཇུས་གཞི་གཏན་འཁེལ་བྱས་པས་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡི་དབུལ་སྐྱོར་བྱ་བར་གྲུབ་འབྲས་གསར་བ་མངོན།

ཡུལ་ཤུལ་གྲོང་ཁྱེར་གྱིས་གསོ་སྤེལ་དང་ཐོན་ལས་འཕེལ་རྒྱས་དེ་དབུལ་ཐར་གྱི་གཞི་རྩའི་བྱེད་ནུས་དང་ཐབས་ལམ་གལ་ཆེན་དུ་བརྩིས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་གཞིགས་ཏེ་ཐོན་ལས་རྨང་གཞི་དང་ཚོང་རའི་བར་སྟོང་། ཁོར་ཡུག་གི་ཤོང་ཚད། རྣམ་པ་གསར་བའི་བདག་གཉེར་དོ་དམ་ནུས་པ་དང་དབུལ་ཕོངས་ཁྱིམ་ཚང་གི་འཕེལ་རྒྱས་ཐོན་ལས་བཅས་ཀྱི་དགོས་མཁོ་ལྟར། ཤུགས་ཆེན་པོས་ཞིང་ཕྱུགས་དང་འདེབས་འཛུགས། གནས་སྐོར། ཉོ་འཚོང་སོགས་ཁྱད་ལྡན་དབུལ་སྐྱོར་ཐོན་ལས་གསར་སྤེལ་བྱས། ཁྲི་འདུ་རྫོང་གིས་རྫོང་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ཏེ། སྔོན་ལ་ཆ་རྐྱེན་ཅུང་བཟང་བའི་ཕྱུགས་ལས་ས་ཁུལ་དུ་ཁྱིམ་ཚང་ཉི་ཤུ་རེ་ཚན་སྐོར་གཅིག་ཡིན་པའི་ཕྱུགས་ཟོག་མཉམ་འཚོ་མཉམ་ལས་བྱེད་པའི་རུ་ཁག་དགུ་བཅུ་གོ་གསུམ་བཙུགས་ཏེ་དངོས་ཕུང་དཔལ་འབྱོར་གྱི་རྩ་འཛུགས་གྲུབ་པར་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསམ་ཚུལ་ལྟར་དུ་ཕྱུགས་ལས་བདག་གཉེར་དོ་དམ་བྱེད་པར་སྣེ་ཁྲིད་བྱས་ཏེ། ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་དང་ངལ་རྩོལ་པ་ལྷག་མར་ལག་རྩལ་གསོ་སྦྱོང་བྱེད་པ་དང་ཕྱི་ཕྱོགས་སུ་ཞོར་ལས་སུ་འགྲོ་བའི་ཤུགས་ཚད་ཆེ་རུ་བཏང་སྟེ་ངལ་རྩོལ་ཡོང་སྒོ་ཇེ་མང་དུ་བཏང་། དེ་དང་མཉམ་དུ། ཧུར་བརྩོན་ཆེན་པོས་རིག་གནས་ཀྱིས་དབུལ་སྐྱོར་བྱེད་པའི་བཞུད་ལམ་གསར་བ་འཚོལ་ཞིབ་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྟོབས་དང་ལྡན་པའི་བསམ་བློའི་སྒུལ་ཤུགས་འདོནས་སྤྲོད་བྱས་ནས། མང་ཚོགས་ཀྱི་རིག་གནས་ཡིད་ཆེས་དང་རིག་གནས་རང་རྟོན་བསམ་བློར་སྐུལ་འདེད་བྱས།

ནང་ཆེན་རྫོང་གིས་ཚོང་རའི་དཔལ་འབྱོར་གྱི་བསམ་བློ་ཡོད་པའི་མི་སྣར་རྒྱབ་སྐྱོར་གྱིས་རྒྱུ་ཤུགས་དང་དངོས་ཤུགས་ཀྱིས་རོགས་སྐྱོར་བྱས་ནས། མོ་གྲོང་ཞང་གི་ཡར་རྒྱས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱས་པ་དང་། ལོ་གཅིག་གི་ནང་དུ་མཉམ་ལས་ཁང་དེའི་མ་རྐང་ནང་ཞུགས་པའི་མི་སུམ་བརྒྱ་དང་ལྔ་ལ་མི་རེར་སྒོར་མོ་སྟོང་གསུམ་རེའི་བགོ་བཤའ་བརྒྱབས། དེར་མ་ཟད་ཧུར་བརྩོན་ཆེན་པོས་ས་ཁུལ་དེའི་ཞིང་ཕྱུགས་ལས་སྐོར་གྱི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། མིག་སྔར་མི་གྲངས་སུམ་བརྒྱ་དང་བཅུ་ལ་ལག་རྩལ་སྐོར་གྱི་གསོ་སྦྱོང་བྱས་ཡོད་ལ་དེའི་ཁྲོད་དུ་མི་བརྒྱ་དང་སོ་དྲུག་གི་ལས་ཞུགས་མངོན་འགྱུར་བྱས་ཡོད་ཅིང་མི་རེའི་ཟླ་གཅིག་གི་ཡོང་འབབ་དེ་སྒོར་མོ་སྟོང་གཉིས་དང་ལྔ་བརྒྱ་རེད།

རྫ་སྟོད་རྫོང་གིས་རྫོང་རིམ་པའི་ནོར་སྲིད་ཐད་ཅུང་དཀའ་ཁག་ཆེ་བའི་གནས་ཚུལ་འོག སྒོར་མོ་ས་ཡ་གསུམ་དང་འབུམ་གསུམ་བཏང་སྟེ།  སྲིད་གཞུང་གིས་ཞབས་ཞུ་བྱེད་པའི་བྱེད་ཐབས་ལྟར་ཆེད་དུ་དབུལ་ཐར་གྱི་བྱ་བ་བསྒྲུབ་པར་མི་བརྒྱ་དང་བཅུ་བསྡུ་ལེན་བྱས་ནས་དེ་དག་སྡེ་བ་སོ་སོར་བཀོད་སྒྲིག་བྱས་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་དབུལ་ཐར་བྱེད་ཤུགས་ཆེ་རུ་བཏང་།

འབྲི་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཕྱུགས་ལས་ལ་ཤུགས་སྣོ་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བདག་གཉེར་དོ་དམ་ཚད་ལྡན་ཅན་དུ་གཏོང་བར་ལེགས་སྒྲིག་བྱས་ནས། མཉམ་ལས་ཁང་གི་བྱ་བ་སྣ་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོར་དང་བརྟན་བརླིང་གི་ཁྲོད་དུ་འཕར་སྣོ་འབྱུང་བའི་ཕན་འབྲས་མངོན་འགྱུར་བྱེད་པར་ཁག་ཐེག་བྱས། དེར་མ་ཟད་རྫོང་ནོར་སྲིད་ཀྱིས་ཡང་བསྐྱར་ཆེད་སྤྱོད་སྒོར་མོ་ས་ཡ་བརྒྱད་བཏང་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་འཕེལ་རྒྱས་སུ་བཏང་བས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐད་ལ་རྨང་གཞི་བརྟན་པོ་བཏིངས།

ཆུ་དམར་ལེབ་རྫོང་གིས་ཧུར་བརྩོན་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་བྱས་པས་ད་ལྟ་གཞི་ནས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་བདག་གཉེར་རྣམ་པའི་ཕྱུགས་རར་གྱུར་ཡོད་པ་དང་། ད་ལྟའི་བར་དུ་དབུལ་བོ་ལས་ཐར་བའི་སྡེ་བ་བཞི་དང་དབུལ་ཕོངས་མི་གྲངས་དོན་བརྒྱད་ཀྱིས་འཕྲུལ་རྟ་ཞིག་གསོ་དང་ས་སློག་འཕྲུལ་ཆས་བསྐོར་བ། ཟས་རིགས་གཡོས་སྦྱོར་བྱེད་པ་སོགས་ཀྱི་ལག་རྩལ་སྣ་ཚོགས་ཤིག་སྦྱངས་ནས་ད་ལྟ་ལས་ཞུགས་བྱས་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་ཚོང་རར་སྦྲེལ་མཐུད་བྱས།

ཉིས་སྟོང་བཅོ་བརྒྱད་ལོ་ནི་ཡུལ་ཤུལ་ཁུལ་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མངོན་འགྱུར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ་ཁུལ་ཡོངས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་གཏིང་ཟབ་པའི་སྒོ་ནས་ཕྱོགས་ཡོངས་ནས་འཐབ་རྩོད་བྱེད་པ་མགོ་རྩོམ་པའི་ལོ་ཞིག་ཀྱང་རེད། ཉམས་མྱོང་དང་ཉམས་སད་གསར་བར་ཁ་གཏད་དེ་ཡུལ་ཤུལ་ཁུལ་གྱིས“སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ”དམིགས་འབེན་དུ་བཟུང་སྟེ། དབུལ་ཕོངས་ཚབས་ཆེ་བའི་མང་ཚོགས་དང་ས་ཁུལ་དཀྱིལ་སྙིང་དུ་བཟུང་ནས། ཡུལ་ཤུལ་ཁུལ་གྱི་གཏིང་ཟབ་པའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱས་ཏེ། ལོ་ཧྲིལ་བོའི་ནང་དུ་ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་ནས་སྡེ་བ་སོ་གཅིག་དབུལ་ཕོངས་ལས་ཐར་རྒྱུ་དང་།   ད་ལྟའི་ཚད་གཞི་ལྟར་ན་དབུལ་ཕོངས་མི་གྲངས་ཁྲི་གསུམ་དང་སྟོང་གཉིས་དགུ་བརྒྱ་དབུལ་ཕོངས་ལས་ཐར་བའི་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱས། ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཁག་དང་འབྲེལ་མཐུད་བྱས་ནས་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་བཏང་བའི《ཡུལ་ཤུལ་ཁུལ་གྱི་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་དབུལ་སྐྱོར་མཁྲེགས་གཏོར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》གཏན་ལ་ཕབ་པར་མ་ཟད་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ། ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲྭ་རྒྱའི་སྟེགས་བུ་བཀོལ་སྤྱོད་ལེགས་པོ་བྱས་ཏེ། མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གསུམ་བཏང་ནས་བོད་ཁུལ་ཡོངས་ཀྱི་ཆེས་ཐོག་མའི་ས་གནས་ཀྱི་དྲྭ་རྒྱ་འཛུགས་སྐྲུན་བྱས་པ་དང་། གློག་རྡུལ་ཚོང་དོན་ལ་བརྟེན་པའི་གནད་ཕིགས་དབུལ་སྐྱོར་གྱི་ལས་རིགས་གསར་སྐྲུན་གྱི་ལམ་བུ་ཞིག་གསར་དུ་ཕྱེས་ཏེ། ཡུལ་ཤུལ་ཁུལ་གྱི་དབུལ་སྐྱོར་ཐོན་ལས་དང་ཁྱད་སྟོབས་ཞིང་ཕྱུགས་ལས་ཐོན་རྫས་སྣ་ཚོགས་ཕྱི་ཕྱོགས་སུ་ངོ་སྤྲོད་བྱས་པས། གློག་རྡུལ་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་བྱེད་སྟངས་དེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་བྱེད་པའི་སྟོབས་ལྡན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

                                                                                                             ལོ་ཙཱ་བ། གཡང་འབུམ་རྒྱལ།