རང་ཞིང་གི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
2018.11.05 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

2017ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སྨན་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཉེར་དྲུག་ལ་སླེབས་པ་དང་། དེས་རྒྱལ་ཡོངས་བོད་སྨན་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི་ཞེ་བཞི་ཟིན་ཡོད། མངོན་གསལ་དོད་པོའི་གཞི་གྲངས་འདིའི་རྒྱབ་ལོགས་ནི་རང་ཞིང་གི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་དངོས་དོན་ཡིན། གསར་འགོད་པས་ཞིང་ཆེན་དཔལ་འབྱོར་འཕྲིན་གཏོང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལྟ། “གནས་བདུན་གཞི་གཅིག”གི་ཐུན་མོང་མ་ཡིན་པའི་མ་དཔེ་བརྒྱུད་ནས། མཚོ་སྔོན་གྱི་བོད་སྨན་ཐོན་ལས་ཀྱི་འདུས་འཛོམས་སྔར་ལས་ཆེ་རུ་ཕྱིན་པ་དང་། ཐབས་ལམ་གསར་པ་ཞིག་གི་ལམ་བུ་ཕྱེས་ཏེ། འཕེལ་རྒྱས་ཀྱི“མཚོ་སྔོན་མ་དཔེ”གསར་སྐྲུན་བྱས་པར་མ་ཟད། བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་སྔར་ལས་ཀྱང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ད་ལྟ། ཞིང་ཆེན་བོད་སྨན་ཁང་གི་ལོ་རེའི་སྒོ་བསྟེན་སྨན་བཅོས་ཀྱི་ཚད་མི་ཐེངས་གྲངས་ཁྲི་བཅོ་ལྔ་རུ་སླེབས་པ་དང་། སྒོ་བསྟེན་སྨན་བཅོས་སུ་སྨན་པར་བསྟེན་པའི་མི་ཚོགས་རྣམས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཉི་ཤུ་ལྷག་ནས་ཡོང་ལ། ནད་ཐོག་སྨན་བཅོས་ཁྲོད་བོད་སྨན་གྱི་སྲོལ་རྒྱུན་ནད་བརྟག་སྨན་བཅོས་ལག་རྩལ་བཀོལ་བ་རིགས་ཉིས་བརྒྱ་ལྷག་ཏུ་སླེབས་ཡོད་ཅིང་། བོད་སྨན་གྱི་སྨན་རྫས་ལས་སྣོན་རིགས་སུམ་བརྒྱ་བཅུ་གཉིས་སྨན་བཅོས་ཉེན་སྐྱོབ་ཆེན་པོ་གསུམ་གྱི་རྩིས་ཞུ་ཁྱབ་ཁོངས་སུ་བཞག་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་བོད་སྨན་ཐོན་ལས་ཐད་རིམ་བཞིན་འགྱུར་ལྡོག་བྱུང་ཞིང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱིས་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་བོད་སྨན་སྨན་བཅོས་དང་ལུས་ཁམས་བདེ་སྲུང་། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་བརྗེ་རེས་བཅས“གནས་བདུན་གཞི་གཅིག”གི་འཕེལ་རྒྱས་མ་དཔེ་ཡིས། རྒྱུན་ཆད་མེད་པར་བོད་སྨན་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་སྟེ། བོད་སྨན་ཐོན་ཁུངས་ཀྱི་ནུས་ལྡན་ཧྲག་སྡེབ་དང་ལེགས་བསྒྱུར་བཀོད་སྒྲིག་མངོན་འགྱུར་བྱས་ཤིང་། རང་རྒྱལ་གྱི་བོད་སྨན་བྱ་གཞག་གི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱས་པས། བོད་སྨན་ཐོན་ལས་འཕེལ་རྒྱས་སུ་སོང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ལེགས་ཆའི་ཐོན་ལས་སུ་གྱུར་འདུག

མི་མང་པོ་ཞིག་གི་སེམས་སུ་ད་རུང2017ལོའི་དགུན་དུས་བརྗེད་མེད་ངེས། མྱུར་ལ་དྲག་པའི་དབུགས་ལམ་གྱི་འགོས་ནད་ནི་ནད་རྟགས་གཙོ་བོ་ཡིན་པའི་ཆམ་རིམས་རྒྱལ་ཡོངས་སུ་ཁྱབ་ཅིང་། དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་སྨན་ཁང་ཆེ་མ་ཆུང་གསུམ་དང་སྤྱི་ཁུལ་སྨན་བཅོས་ཁང་དུ་ནད་པས་བཀང་ཞིང་། དེའི་ཁྲོད་ལོ་ན་བཅུའི་མན་གྱི་བྱིས་པ་ནི་ཐེངས་འདིའི་ཆམ་རིམས་བྱུང་ཚད་ཆེས་མཐོ་བའི་རིགས་ཡིན། ཆམ་རིམས་ལ་རྒོལ་བའི་ཐེངས་འདིའི“གཡུལ་འགྱེད”ཁྲོད། བྱིས་པའི་ཆམ་ནད་ལ་དམིགས་ཏེ། རང་ཞིང་གི་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི“བྱིས་པའི་གློ་ཆམ་ཀུན་སེལ”གྱིས་ཕན་ནུས་བླ་ལྷག་ཐོན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོ་ཞིག་ནས་ཧབ་ཐོབ་ཀྱིས་ཉོས་ཚར་ལ། ཁྱིམ་བདག་ལ་ལས་ད་རུང་ཁེ་ལས་ཁ་པར་བཏང་ནས་འདྲི་གྱིན་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2017ལོར“བྱིས་པའི་གློ་ཆམ་ཀུན་སེལ”གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་གཉིས་ཙམ་ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་བྱིས་ནད་ཚན་ཁག་གི་འབྱིན་རྔུབ་མ་ལག་ཁྲོད་སྨན་བཀོལ་ཚད་ཨང་གཉིས་པ་རུ་སླེབས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་པའི་ཆ་ནས། སྐྱེ་དངོས་སྨན་རྫས་ཐོན་ལས་ནི་རང་ཞིང་གི་གྲུབ་ཚུལ་ལེགས་སྒྱུར་དང་རིགས་བསྒྱུར་ལ་སྐུལ་འདེད་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐོན་ལས་གལ་ཆེན་དུ་གྱུར་ལ། སྨན་བཅོས+ཐོན་ལས+ཚན་རིག་ཞིབ་འཇུག+རིག་གནས་བཅས་ལ་བརྟེན་པའི་ལངས་གཟུགས་ཀྱི་འཕེལ་རྒྱས་བྱེད་སྟངས་ཤིག་ཏུའང་གྱུར་ཡོད།

མིག་སྔར། ཞིང་ཆེན་ཡོངས་སུ་གཞུང་བཙུགས་བོད(སོག)སྨན་ཁང་ཉེར་བརྒྱད་ཡོད་ལ། མི་རིགས་རང་སྐྱོང་ཁུལ་དྲུག་དང་དེའི་ཁོངས་གཏོགས་ཀྱི་རྫོང་དུ་ཕལ་ཆེར་གཞུང་བཙུགས་བོད་སྨན་ཁང་གཅིག་རེ་བཙུགས་ཡོད་ལ། མཚོ་སྔོན་དུ་བོད་སྨན་ཐོན་སྐྱེད་ཀྱི་ཁེ་ལས་བཅུ་དགུ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་བོད་སྨན་སྡེབ་སྦྱོར་བྱེད་ཆོག་པའི་ཡིག་ཨང་ཡོད་པ་ཉིས་བརྒྱ་བཅུ་ཡོད་ཅིང་། རིགས་བརྒྱ་དང་དོན་དྲུག་ཡོད། དེས“ཨ་རུ”དང“ཤེལ་གོང”“འཇིགས་མེད”སོགས་མིང་དུ་གྲགས་པའི་ཚོང་རྟགས་སྐྱེད་སྲིང་བྱས།

མཚོ་སྔོན་གྱི་བོད་སྨན་དེ་སྲོལ་རྒྱུན་གྱི་རྣམ་པ་ཆིག་རྐྱང་ཅན་གྱི་འཆིང་རྒྱ་རུ་མ་ཚུད་པར། མིག་སྔར། སྨན་རྫས་ཀྱི་བཟོ་དབྱིབས་ལ་ལེབ་དབྱིབས་སྨན་རྫས་དང་སྤྱིན་ཐུམ། རིལ་བུ། ཅུར་བསྒྲུངས། ཕྱེ་མ། བཏུང་སྨན། མངར་སྐྱོ་སྨན་རྫས། ལྡེ་གུ། ཆུ་ཁབ། སྦྱར་སྨན་སོགས་ཡོད་ལ། ལྷག་པར་དུ་ཨ་རུའི་བྱིས་པའི་གློ་ཆམ་ཀུན་སེལ་དང་བསམ་འཕེལ་ནོར་བུ། དབྱི་ཞིན་སྨན་རྫས་ལས་རིགས་ཀྱི་མང་སྦྱོར་ཏན་ཀྲེན་མགོ་ནད་སྤྱིན་ཐུམ་སྨན་རྫས། ཇོ་མོ་གླང་མའི་དབྱར་རྩྭ་དགུན་འབུ་སྨན་རྫས་ལས་རིགས་ཀྱི་པའེ་ལིང་ལེབ་དབྱིབས་སྨན་རྫས་བཅས་ཀྱི་སྨན་རིགས་སྣ་གཅིག་གི་ཕྱིར་འཚོང་ཡོང་སྒོའང་སྒོར་དུང་ཕྱུར་ལས་བརྒལ་ཡོད། །

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།