མཐོ་སྒང་གི་མཁར་གྲོང་ཆུང་བས་ལྗང་མདོག་གི་ལེའུ་གསར་བ་བརྩམས་པ།
2018.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

—ཞིན་ཧེ་རྫོང་གིས2018ལོར་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱས་པའི་བྱ་བའི་གནས་ཚུལ།

རི་ཆུའི་མཛེས་སྡུག་རི་མོར་བཀོད་པ་འདྲ། ཚང་ཚིང་ཕུག་ལམ་སྟོན་གྱི་མཛེས་ལྗོངས་སྣང་། ལྗང་མདོག་ཞེས་པ་ནི་ཞིན་ཧེ་ལྟ་བུའི་མཐོ་སྒང་གི་མཁར་གྲོང་ཆུང་བ་འདི་ལ་མཚོན་ནས་བཤད་ན། དུས་ཡུན་རིང་བོར་རེ་སྙེག་བྱེད་པ་དང་འབད་བརྩོན་བྱེད་པའི་བྱ་བ་ཞིག་ཅི་ལ་མིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧེ་རྫོང་གླེང་སྐབས། “སྤྱི་ལེ་ཉེར་བརྒྱད”ཅེས་ན་ས་གནས་ཀྱི་མིས་མི་ཤེས་པ་གཅིག་ཀྱང་མེད། གུང་ཧོ་རྫོང་ནས་ལམ་ལ་ཆས་ཏེ་གནས་དེར་ཐོན་པ་ན། ཞིན་ཧེ་རྫོང་མཁར་དང་བར་ཐག་རིང་བོ་མེད་པ་ཤེས་ཐུབ། ད་ལོར། ཕར་འགྲོ་ཚུར་འོང་བྱེད་པའི་མི་རྣམས་ཀྱིས་གཞུང་ལམ་དེ་ལྗང་མདོག་གི་བགྲོད་ལམ་ཞིག་ཏུ་གྱུར་ཡོད་པ་མཐོང་ཐུབ།

ཞིན་ཧེ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ཐོན་ཁུངས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧྲིན་ཡན་ཞང་གིས་བཤད་རྒྱུར།“ད་ལོར། རང་རྫོང་གིས་གཞུང་ལམ་འགྲམ་དུ་ཚད་གཞི་མཐོ་བའི་སྡོང་བོ་འཛུགས་པ་གཙོ་གནད་དུ་བཟུང་ནས། སྤྱི་ལེ་ཉེར་བརྒྱད་ཡོད་པའི་རྫོང་མཁར་གྱི་འཛུལ་སྒོ་དང་། ཞིན་ཧེ་ནས་ཐང་ནག་བར་གྱི་གཞུང་ལམ། ཧོད་ཁའི་གཞུང་ལམ་གཙོ་བོ་བཅས་སུ་ལྗང་བསྒྱུར་དང་ཡག་བསྒྱུར་བཟོ་སྐྲུན་ལག་བསྟར་བྱས། ཁྱད་པར་དུ་སྤྱི་ལེ་ཉེར་བརྒྱད་ཀྱི་འཛུལ་སྒོ་དང་ཕྱིར་འབུད་སྒོ་རུ་རིམ་པ་གསལ་ལ། གོ་རིམ་ཡོད་པ། དུས་ཚིགས་གསུམ་ལ་མེ་ཏོག་ཡོད་པ། དུས་ཚིགས་བཞི་རུ་སྔོ་ལྗང་ཡིན་པའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཡག་པོ་བསྐྲུན་ཡོད”ཟེར། ཧྲིན་ཡན་ཞང་ལམ་འགྲམ་དུ་ལངས་ནས་མིག་མདུན་གྱི་སྔོ་ལྗང་ལྗང་གི་སྡོང་ཕྲུག་ལ་བལྟ་བཞིན། སེམས་སུ་དགའ་སྤྲོའི་ཁེངས་ཡོད།

2018ལོ་ནི་ཞིན་ཧེ་རྫོང་གིས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱེད་པའི་བཟོ་སྐྲུན་ལག་བསྟར་གྱི་ལོ་ཡིན་ལ། རྫོང་མཁར་གྱི་བྱང་ཕྱོགས་ཀྱི་འཛུལ་སྒོའི་ལྗང་བསྒྱུར་བྱེད་ས་དེ་ནི་རྫོང་དེའི་ད་ལོར་གཙོ་གནད་དུ་བཟུང་ནས་ལྗང་བསྒྱུར་བྱེད་པའི་ས་ཁོངས་ཡིན་པས། ཚད་གཞི་མཐོ་བ་དང་ལྗོངས་རྒྱུའི་བགྲོད་ལམ་གཙོ་བོ་ཡང་རེད། བཟོ་སྐྲུན་སྤྱིའི་ཐད་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་གཉིས་བཏང་བ་དང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་གྱ་དྲུག་དང་གྲངས་ཆུང་དྲུག་བདུན་ཡོད། ལྗང་མདོག་བགྲོད་ལམ་གྱི་ནུབ་འགྲམ་གྱི་ཞེང་ཚད་ལ་མུས་བདུན་ཅུ་ཡོད་པ་དང་། ཤར་འགྲམ་གྱི་ཞེང་ཚད་ལ་མུས་དྲུག་ཅུ་ཡོད་ལ། འགྲམ་གཉིས་ཀྱི་རིང་ཚད་བསྡོམས་པས་སྤྱི་ལེ་བཅུ་གཉིས་དང་གྲངས་ཆུང་དྲུག་ཡོད་པ་དང་། བསྡོམས་པས་རིགས་མི་འདྲ་བའི་སྡོང་ཕྲུག་རྐང་ས་ཡ་གཅིག་དང་འབུམ་གཅིག་ཁྲི་ལྔ་བཙུགས།

“སྔོན་ཆད་བགྲོད་ལམ་འགྲམ་གཉིས་སྐྱ་ཐང་ཐིང་དུ་སྣང་ལ། རྫོང་མཁར་དུ་ཐོན་ཚེ་ད་གཟོད་ལྗང་ལོ་མཐོང་ཐུབ། ཧྲིན་ཡན་ཞང་གིས་བསམ་ན་མཚོ་ངོས་ལས་མུས་སྟོང་གསུམ་དང་ཉིས་བརྒྱ་ཡོད་པའི་ས་གནས་སུ། སྡོང་བོ་འཛུགས་རྒྱུ་ནི་ལས་སླ་བའི་དོན་དག་ཞིག་མ་རེད། རང་བྱུང་ཆ་རྐྱེན་དེ་འདྲ་ཡིན་རུང་། འོན་ཀྱང་། ད་ལོའི་ལྗང་མདོག་གི་བར་འཁྱམ་འདིའི་སྟེང་གི་སྡོང་བོ་གསོན་ཚད་བརྒྱ་ཆའི་གོ་གཉིས་ཡན་ལ་སླེབས་ཡོད།” གྲངས་ཀ་དེ་ཐོབ་སླ་བ་ཞིག་མིན་ལ། ཧྲིན་ཡན་ཞང་གིས་མཛུབ་མོ་བསྟན་ནས་དེའི་བརྒྱུད་རིམ་བརྗོད་བྱུང་།

“ཐོག་མར་ཆུ་བེད་སྡེ་ཁག་གིས་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་མིན། སྤུས་ཚད་མཐོ་བའི་སྡོང་ཕྲུག་བདམས། གཞན་ད་དུང་དོ་དམ་བྱས་པ་ཧ་ཅང་བཟང་།”ཧྲིན་ཡན་ཞང་གིས་གསར་འགོད་པར་བཤད་རྒྱུར། ད་ལོར་ཁོ་ཚོས་བདམས་པའི་སྡོང་ཕྲུག་དག་ནི་མཚོ་ངོས་ལས་མུས་སྟོང་གཉིས་དང་དགུ་བརྒྱ་ཡན་ཡོད་པའི་ས་ནས་ཉོས་ཡོང་བ་ཡིན། བརླན་འཛིན་པའི་ཆེད་དུ་འཇོག་ཡུན་ཇེ་ཐུང་ལ་གཏོང་ཅི་ཐུབ་བྱས། ཕྱིས་ཀྱི་ལྟ་སྲུང་གི་ཐད་ནས་ཀྱང་སྔོན་ཆད་འཛུགས་པ་གཙོ་བོ་དང་དོ་དམ་ཕལ་བར་འཛིན་པའི་འདུ་ཤེས་བསྒྱུར་ནས་སྡོང་བོ་འཛུགས་པ་ཕལ་བ་དང་དེར་དོ་དམ་བྱེད་པ་གཙོ་བོར་འཛིན་པའི་རྩ་དོན་ལྟར་དུ། མི་རེས་ས་སྤྱི་ཆིངས་དྲུག་དང་གྲངས་ཆུང་དྲུག་བདུན་ལ་འགན་ཁུར་བའི་ཚད་གཞི་ལྟར། ནགས་སྲུང་པ་བཀོད་སྒྲིག་བྱས་ཏེ་ལྟ་སྲུང་བྱེད་དུ་བཅུག་པ་ལས་གཞན། ནགས་ལས་ས་ཚིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་བདུན་བརྒྱད་ཀྱིས་དེར་རོགས་འདེགས་བྱེད་བཞིན་ཡོད་ཟེར།

“ང་རང་སློབ་གྲྭར་འགྲོ་སྐབས། སློབ་གྲྭའི་ཕྱི་ནང་སྐྱ་ཐིང་ཐིང་ཡིན་ལ། ད་ལྟ་སློབ་གྲྭའི་མཛེས་ལྗོངས་དངོས་གནས་ཡག་པོ་འདུག སྔོན་ཆད་དང་ད་ལྟའི་བར་གནམ་སའི་ཁྱད་པར་ཡོད།”ཞིན་ཧེ་རྫོང་སློབ་གསོ་ཅུའུ་གཞོན་བྱིས་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན། རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་གཞོན་པ་མགོན་པོ་ཚེ་རིང་ནི་ཆུང་དུས་ནས་ཞིན་ཧེ་ནས་ནར་སོན་པ་དང་། ཁོ་རང་ཆུང་དུས་རྫོང་མཁར་དུ་སྡོང་རྐང་འགའ་ཡང་མཐོང་རྒྱུ་མེད། ད་ལྟ་ཞིན་ཧེ་རྫོང་གི་སློབ་གྲྭ་ནི་རྫོང་མཁར་གྱི་ཆེས་མཛེས་པའི་ས་གནས་ཞིག་རེད།

མགོན་པོ་ཚེ་རིང་དང་ལྷན་དུ་གསར་འགོད་པ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་ཐོན། ད་ལྟ། སློབ་གྲྭ་འདི་ལ་མིང་གསར་བ་ཞིག་ཡོད་པ་དང་། ལི་ཤིའི་སློབ་ར་ཞེས་འབོད་ཀྱིན་ཡོད།

རྫོང་སྐོར་ལྷོ་ལམ་དུ་ཡོད་པའི་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་བཅའ་སྡོད་སློབ་ཆུང་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། སློབ་གྲྭས་སློབ་ཁྲིད་ཀྱི་སྤུས་ཚད་ལ་མཐོང་ཆེན་བྱས་པ་ལས་གཞན་སློབ་ར་ལྗང་བསྒྱུར་གྱི་བྱ་བ་གཙོ་གནད་དུ་བཟུང་ནས། ནུས་ཤུགས་ཡོད་དགུས་སློབ་ར་ལྗང་བསྒྱུར་དང་མཛེས་བསྒྱུར་གྱི་ཆུ་ཚད་ཇེ་མཐོར་གཏོང་བཞིན་ཡོད།

སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་སློབ་གཙོ་དབང་རྒྱལ་དོན་འགྲུབ་དགོད་ཞོར་བཤད་རྒྱུར། ད་ལོར་རྫོང་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་ཁྲོད། རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ཡིས་སྡོང་ཕྲུག་འདོན་སྤྲོད་བྱས་པ་དང་། ང་ཚོས་བསྡོམས་པས་ལི་ཤིའི་སྡོང་བོ་སྟོང་གཅིག་དང་སུམ་ཅུ་བཙུགས་པས། སློབ་རའི་རྣམ་པ་གསར་བར་བརྗེས་ཟེར།

དབང་རྒྱལ་དོན་འགྲུབ་ཀྱིས་བསྟན་པའི་ཁ་ཕྱོགས་དེར་བལྟས་པ་ན། ལི་ཤིའི་སྡོང་རྐང་རེ་རེ་རླུང་དང་བསྟུན་ནས་གཡོ་འགུལ་བྱེད་བཞིན་ཡོད།

དབང་རྒྱལ་དོན་འགྲུབ་ཀྱིས་བཤད་རྒྱུར། ད་ལོའི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་འགུལ་གྱིས་སློབ་གྲྭའི་དགེ་བཟོ་བ་རྣམས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་ལྗང་བསྒྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་བ་མ་ཟད། དགེ་བཟོ་བའི་ཁ་འབྲལ་མི་ཐུབ་པ་གསུམ་གྱི་བསམ་བློ་སྔར་ལས་སྲ་བརྟན་དུ་བཏང་བ་དང་། སློབ་གྲྭའི་དགེ་བཟོ་བ་རྣམས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད་ལ། དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་སློབ་ར་ལྗང་བསྒྱུར་དང་མཛེས་བསྒྱུར་གྱི་ཐད་རང་ཉིད་ཀྱི་ནུས་ཤུགས་ཕུད་ནས་བྱས་རྗེས་འཇོག་བཞིན་ཡོད་ཟེར།

ལི་ཤིའི་སློབ་ར་ནི་ད་ལོར་ཞིན་ཧེ་རྫོང་གི་སློབ་ར་ལྗང་བསྒྱུར་གྱི་བསྡུས་རིས་ཞིག་ཡིན། ཞིན་ཧེ་རྫོང་གིས་དེ་མིག་དཔེར་བཀོད་ནས། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ལྗང་བསྒྱུར་བྱ་འགུལ་སྤེལ་བ་དང་། བསྡོམས་པས་རིགས་མི་འདྲ་བའི་སྡོང་རྐང་ཁྲི་གཅིག་དང་སྟོང་བདུན་བཙུགས།

ཉིས་ཐོག་ཅན་གྱི་ཁང་བ་ཕྲེང་ལྟར་བསྒྲིགས་ཡོད་ལ། བགྲོད་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་ཡོད་པ་དང་། ཐང་ནག་ཞང་དང་སྐྱ་བུག་ལུང་བའི་མཛེས་ལྗོངས་ཀྱིས་མིའི་ཡིད་དབང་འཕྲོག་པར་བྱེད། འདི་ནི་རྫོང་མཁར་གྱི་མཁར་སྐོར་ཤར་ལམ་གྱི་གནས་སྤོར་ཡུལ་མི་བཀོད་སྒྲིག་བྱེད་སའི་གནས་རེད། ཧྲིན་ཡན་ཞང་གིས་བཤད་རྒྱུར། ང་ཚོའི་ཁང་བ་དག་ལས་པ་ཧ་ཅང་བཟང་ལ། ཉེ་འགྲམ་གྱི་ཁོར་ཡུག་ཀྱང་ཧ་ཅང་མཛེས། ད་ལོར་གནས་སྤོར་ཡུལ་མིའི་བཀོད་སྒྲིག་གནས་ཀྱི་ལྗང་བསྒྱུར་བྱ་བའི་ཐད་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་བཏང་བ་དང་། སྡོད་ཁུལ་གསར་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཉམ་དུ་སྤེལ་བས། བགྲོད་ལམ་གཙོ་བོའི་འགྲམ་གཉིས་དང་ཐང་ཆེན་ཉེ་འགྲམ་དུ་འོས་མཐུན་སྒོས་སྡོང་འཛུགས་ནགས་སྐྲུན་བྱས་ཟེར།

ད་ལོར། ཞིན་ཧེ་རྫོང་གིས་ཞིང་སྡེ་དར་སྤེལ་བྱེད་པའི་འཐབ་ཇུས་ལ་དམིགས་ཏེ། ཞིང་སྡེའི་ལྗང་བསྒྱུར་མཛེས་བསྒྱུར་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྐྱེ་ཁམས་སྡོད་གནས་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱས་ཏེ། ཧོད་ཁ་གྲོང་རྡལ་གྱི་ཧོང་ཆུའུ་སྡེ་བ། ཏུའུ་ཐེ་སྡེ་བ། ཐང་ནག་གི་ཤ་རྫོང་གོང་མ་དང་ཞོལ་མ། སྐྱ་བུག་ལུང་བ་སོགས་རྫོང་མཁར་གྱི་གནས་སྤོར་ཡུལ་མིའི་སྡོད་གནས་དང་སྤྲེལ་རྫོང་དགོན་པ། ཆོས་སྒང་དགོན་པ། གཡུ་ལུང་དགོན་པ་སོགས་དགོན་པ་བརྒྱད་དུ་བསྡོམས་པས་སྡོང་ཕྲུག་འབུམ་ལྔ་དང་ཁྲི་གཅིག་བཙུགས་པ་དང་། ཁྱད་ཆོས་མངོན་པར་གསལ་ལ། ཁོར་ཡུག་ལེགས་པའི་ལྗང་མདོག་གི་སྐྱེ་ཁམས་ཞིང་སྡེ་དང་དགོན་པ་བཙུགས་གྲུབ་བྱུང་། དེ་དང་ཆབས་ཅིག ཞིན་ཧེ་རྫོང་གིས་ནགས་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཆུ་རགས་ཆེན་པོའི་བཞུར་རྒྱུད་ཀྱིས་ལྗང་མདོག་སྲུང་ཡོལ་འཛུགས་སྐྲུན་དང་བཞུར་རྒྱུད་ཀྱི་ལྗང་མདོག་ནུས་པ་མཐོར་འདེགས་སུ་བཏང་ནས། ཞིང་སྡེའི་དཔལ་འབྱོར་རྒྱ་ཇེ་ཆེར་བཏང་བ་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བཏང་སྟེ། ས་སྤྱི་ཆིངས་བདུན་ཅུ་དང་གྲངས་ཆུང་དྲུག་བདུན་དང་དཔལ་འབྱོར་ནགས་ས་སྤྱི་ཆིངས་སོ་བརྒྱད་དུ་སྡོང་ཕྲུག་བཙུགས་པ་དང་། བསྡོམས་པས་རིགས་མི་འདྲ་བའི་སྡོང་ཕྲུག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་བཙུགས།

རྫོང་མཁར་གྱི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་། གནས་དེ་རུ་འཚོ་བ་རོལ་བཞིན་པའི་མང་ཚོགས་རྣམས་ལ་ཕན་པ་ཆེན་པོ་ཐོན་ཡོད། ད་ལོ་ལོ་དྲུག་ཅུ་ཡིན་པའི་བཀྲ་ཤིས་འབུམ་གྱིས་རྫོང་མཁར་གྱི་ལིས་ཅིན་སྡོད་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་ལ། བགྲོད་ལམ་འགྲམ་གཉིས་སུ་སྡོང་ཕྲུག་རིགས་མི་འདྲ་བ་མང་པོ་བཙུགས་ཡོད་པས། མིའི་སེམས་སྐྱིད་པའི་ཚོར་བ་ཞིག་སྟེར་སྲིད།

བཀྲ་ཤིས་འབུམ་གྱིས་སྡོད་ཁུལ་གྱི་ཐང་དུ་འཆམ་འཆམ་བྱེད་བཞིན་ཡོད་ལ། ཁོས་བཤད་རྒྱུར། ང་རང་དེ་སྔོན་སྡོད་སའི་ཁང་བའི་ནང་ཉི་མ་མཐོང་མི་ཐུབ་ལ། ཁོར་ཡུག་ཀྱང་གཙང་མ་མ་རེད། ད་ལྟ་ཁྱོད་ཚོས་ལྟོས་དང་གནས་འདི་ཇི་འདྲའི་སྐྱིད་པ་ལའང་ཟེར།

ད་ལྟ། རླངས་འཁོར་བསྐོར་ནས་ཞིན་ཧེ་རྫོང་མཁར་དུ་བསྐྱོད་པ་ན། ཡངས་ཤིང་རྒྱ་ཆེ་བའི་སྲང་ལམ་དང་ལྗང་བསྒྱུར་བྱས་ཟིན་པའི་མཛེས་ལྗོངས་སྒེའུ་ཁུང་ལས་མངོན་ཡོང་། གཞུང་ལམ་འགྲམ་གཉིས་སུ་སྔོ་ལྗང་གིས་ཁེངས་ཡོད། ཞིན་ཧེ་རྫོང་གིས་མིའི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་དང་ལེགས་བཅོས། སླར་གསོ། ཁོར་ཡུག་མཛེས་བསྒྱུར་བཅས་གྲོང་ཁྱེར་གྱི་ཁོར་ཡུག་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་བཞིན་ཡོད་པ་དང་། རྫོང་མཁར་གྱི་ཁོར་ཡུག་ལེགས་བཅོས་དང་སྐྱེ་ཁམས་སླར་གསོའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

རྒྱུས་ལོན་པ་ལྟར་ན། མཁར་གྲོང་ལྗང་བསྒྱུར་གྱི་བར་སྟོང་ཚད་ངེས་ཅན་ཞིག་གི་སྟེང་སྔོན་འདོན་བྱ་ཆེད། ད་ལོར། ཞིན་ཧེ་རྫོང་གིས་གཞུང་ལམ་གཙོ་བོའི་ལམ་ར་དེ་ལྗང་མདོག་གི་སྡོང་བོའི་འགོག་སྲུང་ཚབ་བྱས་ཡོད་པ་དང་། ཆེད་མཁས་མི་སྣ་གདན་འདྲེན་བྱས་ཏེ་རྫོང་མཁར་གྱི་སྲང་ལམ་གཙོ་བོར་ཚད་གཞི་མཐོ་བའི་ཇུས་འགོད་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཕན་ནུས་མཐོ་བའི་དོ་དམ་བཅས་བྱས་པས། མཁར་གྲོང་གི་ལྗང་བསྒྱུར་མཛེས་ལྗོངས་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། སྤྱི་ལེ་བདུན་དང་གྲངས་ཆུང་དྲུག་གི་གནས་ཀྱི་ལྕགས་ཀྱི་ལམ་ར་དེ་སྡོང་བོའི་ཚབ་བྱས་ནས་སྲུང་སྐྱོབ་བྱས་པ་དང་། རིགས་མི་འདྲ་བའི་སྡོང་རྐང་འབུམ་དྲུག་ལྷག་བཙུགས་ལ། སྲང་ལམ་སྤྱི་ལེ་བཅུ་བཞི་ལྷག་ལ་ལྗང་བསྒྱུར་བྱས།

ད་ལོར་ཞིང་ཆེན་རིམ་པས་འོག་རིམ་ལ་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་འགན་འཁྲི་སྤྱི་ཆིངས་སྟོང་གཉིས་དང་དགུ་བརྒྱ་ལག་བསྟར་བྱེད་དགོས་པ་ཁྱབ་བསྒྲགས་བྱས་པ་དང་། རང་རྫོང་གིས་སྐྱེ་ཁམས་ཆེན་པོའི་འདུ་ཤེས་ལག་བསྟར་བྱས་ཏེ་འབྲེལ་ལམ་མང་པོའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་བཞི་ཁྲི་བརྒྱད་གཅིག་བསྡུས་བྱས་པ་དང་། དེའི་ཁྲོད་རྫོང་རིམ་པའི་བཏང་བའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དྲུག་ཁྲི་བདུན་ཡོད། གཙོ་བོར་རྫོང་མཁར་གྱི་ལྷོ་བྱང་གི་འཛུལ་སྒོ་དང་རྫོང་མཁར་གྱི་སྲང་ལམ་བཅུ་གཉིས། ཞང་དང་གྲོང་རྡལ་གཉིས། སྡེ་བ་བཞི། དགོན་པ་བརྒྱད། རྫོང་མཁར་གྱི་སློབ་གྲྭ་ལྔ། བཞུར་རྒྱུད་ཆེ་བ་དང་རི་རྒན་གྱི་ཆུ་ཁུངས་སོགས་ཀྱི་ས་གནས་འཛུགས་སྐྲུན་བྱས་པ་དང་། མཁར་གྲོང་མཉམ་འབྲེལ་དང་སྡེ་ཁག་གིས་མཉམ་ལས། སྤྱི་ཚོགས་ཀྱི་རྩ་འཛུགས་སོ་སོ་དང་མང་ཚོགས་ཟབ་ཞུགས་བྱེད་པའི་རྣམ་པ་བརྒྱུད་ནས། རྩ་འཛུགས་ལས་བཟོ་བའི་ནགས་ཚལ་དང་དམངས་ཁྲོད་མཐུན་ཚོགས་ཀྱི་ནགས་ཚལ། ལི་ཤིའི་སློབ་ར་སོགས་ནགས་སྐྲུན་བྱ་འགུལ་མང་པོ་སྤེལ་བ་དང་། བསྡོམས་པས་ལྗང་བསྒྱུར་རྒྱ་ཁྱོན་སྤྱི་ཆིངས་སྟོང་གསུམ་ལྔ་བརྒྱ་གྱ་དྲུག་གྲངས་ཆུང་དྲུག་བདུན་ཡོངས་འགྲུབ་བྱས་པ་དང་། སྡོང་ཕྲུག་ས་ཡ་གསུམ་དང་འབུམ་གསུམ་བཙུགས། ཞིན་ཧེ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་རྒྱལ་གྱིས་བཤད་རྒྱུར། སྔོན་དཔག་བྱས་ན2020ལོར་སླེབས་དུས། ཞིན་ཧེ་རྫོང་གི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བདུན་སྟོང་བཞི་སུམ་བརྒྱ་སོ་གསུམ་ལྷག་ཏུ་སླེབས་སྲིད་པ་དང་། ནགས་ཚལ་གྱི་ཁེབས་རྒྱ2017ལོའི་ལོ་མཇུག་གི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་དུ་འཕར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།