མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་དྭགས་དགོ་བ།
2018.11.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 71


མཛེས་སྡུག་ལྡན་པའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་རི་དྭགས་གཙོད་ལས་ཀྱང་རྒྱུད་ཚར་ལ་ཉེ་ཞིང་དོམ་ལས་ཀྱང་གྲངས་འབོར་ཉུང་བའི་རི་དྭགས་ཤིག་ཡོད་སྟེ། དེ་ནི་མཚོ་སྔོན་པོའི་འགྲམ་གྱི་སོ་ལྟ་བ་སྟེ།  རི་དྭགས་དགོ་བ་རེད། ས་གནས་དེའི་མི་རྣམས་ཀྱིས་དེ་ལ་དགོ་དམར་ཞེས་འབོད་ཀྱིན་ཡོད་ལ་སྐབས་རེར་རི་དྭགས་དགོ་བ་ཞེས་ཀྱང་འབོད་བཞིན་ཡོད།

ཟླ་བཅུ་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་དུ་གསེར་མདོག་གི་རྩྭ་རྫོང་མཐུག་པོས་ཡོངས་སུ་བཀླུབས་འདུག་ཅིང་། རྩྭ་གསེབ་ན་བག་ཡངས་སུ་རྒྱུ་བའི་དགོ་བ་དག་གིས་ཡང་བསྐྱར་སྤུ་མདོག་ཐེངས་ཤིག་བརྗེས་འདུག་པས་ཁོ་ཚོའི་སྤུ་མདོག་དེ་རྩྭའི་མདོག་དང་གཞི་གཅིག་ཏུ་འདྲེས་འདུག་པས། ཁོ་ཚོས་སྐབས་རེར་གནམ་ལྡིང་ས་ལྡིང་བྱེད་པ་དང་ཡང་ཡར་མར་དུ་མཆོང་རྒྱུགས་བྱས་ནས་རང་རང་གི་ལུས་རྩལ་ངོམ་པ་མིན་ཚེ་དངོས་གནས་དགོ་བ་དེ་དག་འཚོལ་དཀའ་བ་ཞིག་རེད། མཚོ་སྔོན་པོའི་འགྲམ་རྒྱུད་དུ་དུས་རབས་སྔོན་མའི་དུས་མཇུག་ཏུ་དགོ་བ་སུམ་བརྒྱ་ཙམ་ལས་མེད་པ་དེ་ད་ལྟ་དགོ་བ་སྟོང་གཉིས་དང་བདུན་བརྒྱ་ཙམ་དུ་ཇེ་མང་ལ་སོང་ཡོད་པ་རེད། དེའི་ཁྲོད་དུ་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་དགོ་བ་སྟོང་ཚོ་གཉིས་ལ་འབུད་པ་ཞིག་འཚོ་སྡོད་དང་སྐྱེ་འཕེལ་བྱེད་བཞིན་མཆིས། དེའི་སྟབས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ“ཀྲུང་གོའི་རི་དྭགས་དགོ་བའི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད། དེ་རིང་ང་ཚོ་མཉམ་གཅིག་ཏུ་མཚོ་བྱང་རྩྭ་ཐང་དུ་བསྐྱོད་དེ་རི་དྭགས་དགོ་བ་ལ་བལྟས་པ་དེས་ཚེ་སྲོག་གི་ཁྱད་མཚར་ལ་བདེན་དཔང་བྱས་ཤིང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་དངོས་སུ་རོལ་མྱོང་ཐེངས་ཤིག་བྱེད་ཐུབ་པ་བྱུང་།

དགོ་བ་འམ་དགོ་དམར་ཞེས་འབོད་པའི་རི་དྭགས་དེ་ནི་རང་རྒྱལ་གྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། མིག་སྔར་མཚོ་སྔོན་པོའི་ཉེ་འགྲམ་གྱི་རྐང་ཚ་རྫོང་དང་གུང་ཧོ་རྫོང་། ཧེ་ཡན་རྫོང་། ཐེམ་ཆེན་རྫོང་བཅས་རྫོང་བཞི་རུ་གྲངས་འབོར་ཉུང་ཙམ་ལས་མེད།

རི་དྭགས་དགོ་བ་ནི་ལུས་ཟོར་ཡང་ཞིང་རྣམ་རིག་རྒོད་པ། འགུལ་སྐྱོད་བྱེད་པར་བདེ་མྱུར་འཁྱུག་པོ་ཡིན་ལ་ལུས་ཀྱི་རིང་ཚད་ལ་སྤྱི་ཆ་བརྒྱ་དང་མཐོ་ཚད་ལ་སྤྱི་ཆ་ལྔ་བཅུ་ལས་མེད། ཕོ་རིགས་ཀྱི་དགོ་བ་དར་མའི་ལྗིད་ཚད་ལ་སྤྱི་རྒྱ་ཉེར་བདུན་ཙམ་དང་མོ་རིགས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་ཉེར་གསུམ་ལས་མེད། རི་དྭགས་གནའ་བ་དང་མི་འདྲ་ལ་དགོ་བ་ཕོ་རིགས་ལ་རྭ་ཅོ་ནག་ཅིང་སྲ་མཁྲེགས་ལྡན་པ་ཞིག་སྐྱེས་ཡོད་པ་དེའི་རྭ་སྣེ་ཅུང་ཙམ་ནང་ལ་གུག་ཡོད་ཅིང་རྭའི་རིང་ཐུང་ལ་ལིས་རྨིད་སུམ་ཅུ་ཙམ་ཡོད། རི་དྭགས་དགོ་བའི་སྤུ་མདོག་དེ་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བརྗེ་བ་ཞིག་ཡིན།

དུས་རབས་ཉི་ཤུ་བའི་སྟོད་ཙམ་ལ་རི་དྭགས་དགོ་བའི་རིགས་དེ་ནང་སོག་དང་ཉིན་ཞ།ཀན་སུའུ་དང་མཚོ་སྔོན་བཅས་ཀྱི་ས་ཁུལ་སྐོར་ཞིག་ལ་ཁྱབ་ཡོད་པར་མ་ཟད་ཁྱུ་དང་ཁྱུ་བྱས་ནས་ཚོགས་པ་ཆེན་པོར་གྲུབ་ཡོད་པ་རེད། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་བདུན་ཅུ་བའི་ནང་དུ་མིའི་རིགས་ཀྱིས་རང་གི་བཟའ་བཏུང་སོགས་ཀྱི་ཆེད་དུ་རི་དྭགས་དགོ་བའི་རིགས་ལ་སྔོན་ཆད་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་འཛིན་གསོད་ཐེབས་པའི་དབང་གིས་དགོ་བའི་གྲངས་ཀ་དེ་འཕྲལ་མར་ཇེ་ཉུང་དུ་སོང་།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་ཀྱིས་རི་དྭགས་དགོ་བའི་རིགས་ལ་ཕྱོགས་མང་པོ་ནས་ཞིབ་འཇུག་བྱས་ཏེ། རི་དྭགས་དགོ་བའི་འཚོ་གནས་དང་འཚོ་བའི་གོམས་སྲོལ་སོགས་ལ་རྒྱུས་ལོན་བྱས་པ་ལྟར་ན། རི་དྭགས་དགོ་བའི་རིགས་དེ་གཙོ་བོ་མཚོ་སྔོན་པོའི་ཉེ་འགྲམ་གྱི་རྐང་ཚ་རྫོང་དང་ཧེ་ཡན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དང་། དེ་མིན་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་བཅས་རྫོང་བཞིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པ་ཙམ་ལས་གང་དུ་ཡང་མཐོང་དཀོན་པ་ཞིག་རེད།  དེའི་སྟབས་ཀྱིས་རི་དྭགས་དགོ་བའི་རིགས་ལ་རྒྱལ་སྤྱིའི་སྟེང་ནས་ཀྱང་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། རི་དྭགས་དགོ་བ་ནི་འཚམ་གླིང་སྟེང་ཉེན་ཁར་བཅར་བའི་རི་སྐྱེས་སྲོག་ཆགས་སུ་ངོས་འཛིན་བྱས། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་རི་དྭགས་དགོ་བའི་རྒྱུད་ཚར་ལ་ཉེ་བའི་ཚད་དུ་བསླེབས་པའི་ཚད་གཞི་དེ་ཉེན་རིམ་མཐོ་ཤོས་སུ་དཔྱད་བསྡུར་གཏན་འབེབས་བྱས་ཤིང་།  གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་པ་རེད། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་རང་རྒྱལ་གྱི་ཉེན་ཁར་བཅར་བའི་རི་དྭགས་རིགས་ཀྱི་རྒྱབ་ཤུན་དམར་བོའི་དཔེ་དེབ་ཁྲོད་དུ་ཡང་རི་དྭགས་དགོ་བ་དེ་ཚར་ཉེན་ཆེ་བའི་རི་དྭགས་ཀྱི་གྲས་སུ་བཞག་འདུག

རི་དྭགས་དགོ་བ་འདུས་སྡོད་བྱེད་ས་གཙོ་བོ་ཡིན་པའི་ཆ་ནས་ཉེ་བའི་ལོ་འགའི་རིང་མཚོ་བྱང་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་དང་ནགས་ལས་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག  རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྣ་ཚོགས་ཤིག་ལག་ཏུ་བསྟར་བས་རི་དྭགས་དགོ་ཡི་འཚོ་གནས་ཁོར་ཡུག་ལ་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་ཐོབ། ཉིས་སྟོང་བདུན་ལོའི་ཟླ་བདུན་པར། འབྲེལ་ཡོད་ཆེད་མཁས་པའི་མཛུབ་སྟོན་དང་ཕྱོགས་མང་པོའི་ཞིབ་བཤེར་བརྒྱུད་དེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རི་དྭགས་དགོ་བ་ཆེད་དུ་སྲུང་སྐྱོབ་བྱེད་པའི་ས་ཁུལ་གྱི་རྩྭ་ས་དང་རྨོ་སྐྱུར་ནགས་འདེབས་ས་ཁུལ་བར་གྱི་ལྕགས་རའི་འགྲམ་དུ་རི་དྭགས་དགོ་བར་རྒྱུ་ལམ་ཞིག་ཕྱེས། ལོ་ངོ་མང་པོའི་ལྟ་ཞིབ་དང་རྟོག་ཞིབ་བརྒྱུད་ནས་སྔར་ལས་ཕན་འབྲས་ལྡན་པའི་རྒྱུ་ལམ་གྱི་རྣམ་པ་མང་པོ་ཞིག་རྙེད་པ་དང་ད་ལྟ་རྒྱུ་ལམ་བཅུ་གཉིས་གསར་དུ་ཕྱེས་ཡོད་པ་རེད། ཉིས་སྟོང་བདུན་ལོའི་ཟླ་བཅུ་གཉིས་པར། རང་རྒྱལ་གྱི་ཆེས་ཐོག་མའི་རི་དྭགས་དགོ་བའི་ཆེད་གཏོགས་སྲུང་སྐྱོབ་ས་ཁུལ་ཏེ། མཚོ་སྔོན་པོའི་དགོ་བ་ཆེད་སྲུང་ས་ཁུལ་དེ་རྐང་ཚ་རྫོང་ནས་དངོས་སུ་བཙུགས་པ་དང་། ཉིས་སྟོང་བརྒྱད་ལོའི་ལོ་སྟོད་དུ་ས་ཁུལ་དེ་རུ་སྔ་གཞུག་ཏུ་རི་དྭགས་དགོ་བས་ཆུ་འཐུང་ས་ལྔ་ལས་ནས་རི་དྭགས་དགོ་བ་ཆུ་འཐུང་དུ་འགྲོ་བར་འཕྲད་པའི་བགེགས་རྐྱེན་སྣ་ཚོགས་མེད་པར་བཟོས། ཉིས་སྟོང་བདུན་ལོ་ནས་བཟུང་། རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་བྱ་བར་དམིགས་ཏེ། གཞི་ཁྱོན་ཆེ་ཞིང་རྣམ་པ་མང་པོའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས་རི་དྭགས་དགོ་བའི་མིང་དེ་ཀུན་ཏུ་གྲགས་པར་བྱས། ལོ་བཅུ་ཁ་ཞིག་གི་རིང་དུ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ནགས་ལས་སྡེ་ཁག་གིས་རི་དྭགས་དགོ་བའི་སྐོར་གྱི་ནང་དོན་འབུར་དུ་ཐོན་པའི་ཚན་རིག་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོའི་ནང་དོན་རྒྱ་ཁྱབ་ཏུ་སྤེལ་བ་དང་། དེ་དང་མཉམ་དུ་ཆེད་སྲུང་ས་ཁུལ་གྱིས་ཚན་རིག་ཞིབ་འཇུག་དང་ཐོན་ཁུངས་བརྟག་དཔྱད། སྤྱི་ཚོགས་བརྟག་དཔྱད།  དེ་མིན་ལས་རིགས་སོ་སོའི་ཆེད་མཁས་པ། སློབ་གྲྭ་ཆེན་མོ་ཁག་གི་དགེ་རྒན་དང་སློབ་མ། སྨྱན་བྱད་སྡེ་ཁག་དང་ཁོར་སྲུང་མི་སྣ་བཅས་མི་སུམ་སྟོང་ལྷག་སྣེ་ལེན་བྱས་མྱོང་།

ཉིས་སྟོང་བརྒྱད་ལོའི་ཟླ་དྲུག་པར། རྐང་ཚ་རྫོང་ནགས་ལས་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ནས་ཞལ་འདེབས་མ་དངུལ་བསྡུས་ཏེ། ཆེད་སྲུང་ས་ཁུལ་གྱི་ལྟེ་བར་གྱུར་བའི་ལོ་རབས་ལྔ་བཅུ་བའི་དམག་བརྡའི་མེ་དུ་གཏོང་སའི་སྟེགས་བུ་དེ་རི་དྭགས་དགོ་བར་ལྟ་ཞིབ་ཚད་ལེན་བྱེད་སའི་སྟེགས་བུར་བསྒྱུར་ནས། སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་རི་དྭགས་དགོ་བར་འདྲོག་མི་སློང་བའི་གནས་ཚུལ་འོག་ཏུ་ལྟ་ཞིབ་དང་སྲུང་སྐྱོབ་བྱེད་ཐུབ་པར་བྱས།

ཉིས་སྟོང་དགུ་ནས་ད་ལྟའི་བར་དུ། ནགས་ལས་སྡེ་ཁག་གིས་ཆེད་སྲུང་ས་ཁུལ་དུ་རིམ་བསགས་བྱས་ན་གཟན་རྩྭ་སྤྱི་རྒྱ་ཁྲི་གསུམ་ཙམ་ལྷག་བྱིན་པ་དང་། དེས་ནམ་ཟླ་དང་ཁངས་གནོད་སོགས་ཀྱི་དབང་གིས་རི་དྭགས་དགོ་བར་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་འབྲས་ཆེན་པོ་ཐོབ་པ་རེད། ཉིས་སྟོང་དགུ་ལོའི་ཟླ་དགུ་བར། རྐང་ཚ་རྫོང་མཚོ་སྔོན་པོའི་རི་དྭགས་དགོ་བ་སྲུང་སྐྱོབ་ས་ཁུལ་དངོས་སུ་བཙུགས་རྗེས། ཧ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བ་དང་མཚོ་སྔོན་པོ་ཕྱུགས་ར་གཉིས་ཀྱིས་རི་དག་དགོ་བའི་འཚོ་གནས་ས་ཁུལ་དུ་འཐེན་ཡོད་པའི་ལྕགས་ཚེར་རྨིད་འབུམ་གཉིས་དང་ཁྲི་བཞི་མེད་པར་བཟོས། ལྷག་པར་དུ་ཉིས་སྟོང་བཅུ་བཞིའི་ལོ་ནས་བཟུང་སྟེ། རྐང་ཚ་རྫོང་ནགས་ལས་སྤྱི་བདེ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་མར་བཏང་བའི་མ་དངུལ་བཀོལ་ནས་མུ་མཐུད་དུ་ལྕགས་ཚེར་རྨིད་ཁྲི་ལྔ་མེད་པར་བཏང་བ་དང་། རི་དྭགས་དགོ་བ་རྒྱུ་སའི་ལམ་ལྔ་གསར་དུ་ཕྱེས་པ། རི་དྭགས་དགོ་བས་སྟབས་བདེ་ངང་ཆུ་འཐུང་སའི་རྫིང་བུ་བཅུ་གསར་དུ་ལས་པ་དང་གཟན་རྩྭ་ཏུན་གཉིས་བཅས་བཀོད་སྒྲིག་བྱས།

ད་ལྟའི་བར་དུ་མཚོ་བྱང་ཁུལ་གྱིས་སྲུང་སྐྱོབ་ས་ཁུལ་གཅིག་གསར་འཛུགས་བྱས་ཡོད་པ་དང་དྲིལ་སྒྲོག་བྱེད་ས་བཅུ་དང་སྟབས་བདེའི་རྒྱུ་ལམ་ང་ལྔ། ཆུ་འདོན་ཁྲོན་པ་གསུམ། ཆུ་རྫིང་དོན་གཅིག་བཅས་ལས་ཡོད་པ་དང་། རི་དྭགས་དགོ་བ་འཚོ་སྡོད་བྱེད་སའི་ལྟེ་གནས་ཀྱི་ལྕགས་ཚེར་རྨིད་འབུམ་བཞི་དང་ཁྲི་དྲུག་མེད་པར་བཟོས་ཤིང་། དགུན་དཔྱིད་གཉིས་ཀྱི་དུས་ཚིགས་ཀྱི་རི་དྭགས་དགོ་བའི་གཟན་རྩྭ་ཏུན་བརྒྱད་བཅུ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་གིས་རི་དྭགས་དགོ་བ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་བཅོས་བྱས་ཡོད་པར་མ་ཟད། རི་དྭགས་དགོ་བ་གནས་སྤོར་དང་ཁྱུ་ཚོགས་མཉམ་འདྲེས་བྱེད་པར་སྟབས་བདེ་ཆེན་པོ་བཟོས་ཡོད་པ་རེད།

སྔར་ལས་ལྷག་པའི་སྒོ་ནས་རི་དྭགས་དགོ་བར་སྲུང་སྐྱོབ་བཟང་བོ་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནགས་ལས་སྤྱི་བདེ་ཅུའུ་ཡིས་ཧུར་བརྩོན་ཆེན་པོས་སྲུང་སྐྱོབ་ས་ཁུལ་དུ་གཏོགས་པའི་སྡེ་བ་དང་འབྲེལ་འདྲིས་བྱེད་པ་དང་གྲོས་མོལ་བྱས་ནས། སྲུང་སྐྱོབ་ཆིངས་ཡིག་འཇོག་པ་དང་། སྲུང་སྐྱོབ་འགན་འཁྲི་གཏན་འཁེལ་བྱེད་པ་བཅས་བྱས་ནས་མི་བརྒྱད་ཀྱིས་གྲུབ་པའི་སྐོར་ཞིབ་ཚན་ཆུང་ཞིག་བཙུགས་པར་མ་ཟད། ཁོ་ཚོར་པར་ལེན་འཕྲུལ་དང་རྒྱང་མཐོང་། སྐོར་ཞིབ་ལྭ་བ་དང་ཟིན་འགོད་སྤྱོད་ཆས་བཅས་བཀོད་སྒྲིག་བྱས་པར་མ་ཟད། ཆེད་མཁས་པ་གདན་འདྲེན་བྱས་པ་བརྒྱུད་ནས་གཅིག་བསྡུས་ཀྱིས་སློབ་ཁྲིད་བྱེད་པ་དང་ཕྱི་རོལ་ནས་ལྟ་ཞིབ་བྱེད་པའི་བྱེད་ཐབས་བཅས་ལ་སྦྱོང་བརྡར་བྱེད་དུ་བཅུག་སྟེ། སྐོར་ཞིབ་རུ་ཁག་གི་རུ་མི་རྣམས་ལ་སྐོར་ཞིབ་བརྟག་དཔྱད་ཀྱི་ནུས་རྩལ་ཐད་ནས་གསོ་སྦྱོང་བྱས། དེ་ལྟ་བུའི་དམངས་ཡོངས་ཞུགས་པའི་མཉམ་བདག་གྱི་རྣམ་པ་དེ་རི་དྭགས་དགོ་བར་སྲུང་སྐྱོབ་བྱེད་པའི་ཆེས་ལེགས་པའི་བྱེད་ཐབས་སུ་གྱུར་ཡོད་པ་རེད།

“ང་ཚོས་རྒྱུན་དུ་སྐོར་ཞིབ་བྱེད་པའི་ཁྱབ་ཁོངས་དེ་ཉིན་རེ་རེར་ཕལ་ཆེར་སྤྱི་ལེ་ལྔ་ཙམ་གྱི་ལམ་ཐག་ཡིན་པ་དང་། དེ་ལས་གཙོ་བོ་རི་དྭགས་དགོ་བར་རྨས་སྐྱོན་ཕོག་ཡོད་མེད་དང་དགོ་ཕྲུག་སྐྱེ་འཚར་གྱི་གནས་ཚུལ། གཟན་རྩྭ་འཕེན་དགོས་མིན་བཅས་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས་པ་རེད།” ཆུ་ཁོལ་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་མགོ་བ་མཱ་ཧྥུའུ་ཏི་ཡིས་མཚམས་སྦྱོར་དེ་ལྟར་བྱས།  ནམ་རྒྱུན་སྐོར་ཞིབ་རུ་ཁག་གིས་རོགས་སྐྱོར་བྱེད་དགོས་པའི་དགོ་བའི་གནས་ཚུལ་མཐོང་དུས། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ས་ཁུལ་རོགས་སྐྱོར་ས་ཚིགས་སུ་ཁྱེར་ཡོང་ནས་རོགས་སྐྱོར་དགོས་པ་རེད། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། སྐོར་ཞིབ་རུ་ཁག་གིས་སྡོམ་པས་དར་ལ་བབ་པའི་དགོ་བ་རྨས་མ་དང་ལམ་ནོར་ཐེབས་པའི་དགོད་ཕྲུག་བཅུ་གཅིག་སྲུང་སྐྱོབ་བྱས་པ་དང་། དེས་རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་དོན་དངོས་ཕན་འབྲས་ལ་སྐུལ་འདེད་བྱས།

རྐང་ཚ་རྫོང་དུ་འགྲོ་བའི་ཚེ་ན་ལམ་བར་དུ་རི་དྭགས་དགོ་བ་དྲིལ་སྒྲོག་བྱེད་པའི་ཆེ་ཆུང་མི་འདྲ་བའི་ཐེམ་བྱང་མང་པོ་ཞིག་མཐོང་ཐུབ། “སྐབས་རེར་མཚན་མོ་རླངས་འཁོར་བསྐོར་ནས་འགྲོ་དུས་གསུམ་གཅིག་ལྔ་རྒྱལ་ལམ་གྱི་གཡས་གཡོན་དུ་རི་དྭགས་དགོ་བ་མཐོང་ཐུབ་ཀྱི་ཡོད། དེ་བས་ང་ཚོས་མཚན་མོ་རླངས་འཁོར་བསྐོར་ནས་ཧ་དགེ་གྲོང་རྡལ་དུ་ཐོན་ལ་ཉེ་དུས་རླངས་འཁོར་ཇེ་དལ་དུ་བཏང་ནས་འགྲོ་བཞིན་ཡོད་དེ། རྒྱུ་མཚན་ནི་རི་དྭགས་དགོ་བ་མཚན་མོ་རྒྱལ་ལམ་བརྒལ་བ་དང་འཕྲད་སྲིད་པས་ཡིན། ”དུས་རྒྱུན་དུ་རྐང་ཚ་རྫོང་ནས་ཧེ་ཡན་རྫོང་དུ་གླ་གཏོང་རླངས་འཁོར་རྒྱུགས་བཞིན་པའི་ཁ་ལོ་པ་ལིག་གིས་དེ་ལྟར་བཤད། “རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་ལ་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་མཚོ་བྱང་ཁུལ་ནགས་ལས་ཅུའུ་ཧུར་བརྩོན་ཆེན་པོས་བྱ་བ་དེའི་ཁྲོད་དུ་ཞུགས་པ། རྫོང་གཉིས་ཀྱིས་རྒྱུན་དུ་དམ་འཛིན་བྱེད་པ། མང་ཚོགས་རྣམས་ཡོངས་ཁྱབ་ཏུ་ཟབ་ཞུགས་བྱེད་པ་བཅས་ཀྱི་རྣམ་པ་བཟང་བོ་ཞིག་གཞི་ནས་གྲུབ་པར་བྱས་ཡོད་པ་རེད།”མཚོ་བྱང་ཁུལ་ནགས་ལས་སྤྱི་བདེ་ཅུའུ་ཡི་ལས་བྱེད་མི་སྣ་ལིག་མེན་གྱིས་དེ་ལྟར་མཚམས་སྦྱོར་བྱས། ཉེ་ལམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“རི་དྭགས་དགོ་བར་སྲུང་སྐྱོབ་བྱས་ནས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་མཉམ་སྤྱོད་བྱེད ”ཅེས་པའི་ཆེད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཁྲིམས་ལུགས་དྲིལ་སྒྲོག་ཉིན་མོ་དང་ཉིན་རྒྱུན་དུ་ཁྱིམ་ཚང་རེ་རེར་སོང་ནས་འདྲི་རྩད་དང་དྲིལ་སྒྲོག་བྱེད་པ། ཁོངས་གཏོགས་ས་ཁུལ་དུ་ཟབ་ཞུགས་བྱས་ནས《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》དྲིལ་སྒྲོག་བྱེད་པ་དང་རི་དྭགས་དགོ་བའི་རི་མོའི་དཔེ་དེབ་འགྲེམ་སྤེལ་བྱས་ནས། རི་དྭགས་དགོ་བའི་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་འབྲོག་པ་མང་ཚོགས་ཀྱི་སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་མཉམ་དུ་རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས།

“ཀྲུང་གོའི་རི་དྭགས་དགོ་བའི་ཕ་ས”གོ་སྐབས་སུ་བཟུང་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ནགས་ལས་སྡེ་ཁག་གིས་སྔར་ལས་ལུགས་དང་མཐུན་ཞིང་སྲུང་སྐྱོབ་ལ་ཕན་འབྲས་ལྡན་པ། འཆམ་མཐུན་མཉམ་འཚོ་བཅས་ཀྱི་འཆར་གཞི་སྣ་ཚོགས་ཤིག་བཟོ་བཞིན་འདུག

“སྐྱེ་ཁམས་ཁོར་ཡུག་གི་ཚབ་མཚོན་དེ་གང་གིས་ཀྱང་བྱེད་མི་ཐུབ་སྟེ། དེ་ནི་སྤྱད་ན་འཛད་མཐའ་མེད་པ་དང་ཤོར་ཚེ་འཚོ་ཐབས་བྲལ་བ་ཞིག་ཡིན།” “རང་གི་མིག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས།”

རི་དྭགས་དགོ་བ་ནི། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པའི་བདེན་དཔང་མཁན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་རིག་གནས་ཀྱི་ཚབ་མཚོན་མཁན། མཐོ་སྒང་སྐྱེ་ཁམས་དཔལ་ཡོན་གྱི་བརྡ་རྟགས་རིགས་ཤིག་དང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྣམ་ཤེས་གྲུང་པོ་དེ་ཡིན་པས། ང་ཚོས་འགྱུར་མེད་ཀྱི་ཆོད་སེམས་དང་བརྟན་བརླིང་གི་ཡིད་ཆེས། རང་བྱུང་ཁམས་ཆེན་མོར་དགའ་བའི་བརྩེ་བ་བཅས་ཁྱེར་ནས་ཁོ་ཚོར་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ཡིད་དུ་འོང་བའི་འཚོ་སྡོད་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།

                                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།