མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་བར་བརྟེན་ནས། དབུལ་ཕོངས་མང་ཚོགས་རྣམས་སླར་ཡང་དབུལ་པོར་འགྱུར་པར་སྔོན་འགོག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་གཙོ་གནད་དུ་བཟུང་ཞིང་། “ ཏང་འཛུགས་དང་འཇོན་མི་དང་གློག་རྡུལ་ཚོང་དོན”གྱི་དཔེ་དབྱིབས་རྣམ་པར་བརྟེན་པ་དང་། ཏང་འཛུགས་ཀྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བར་སྣེ་ཁྲིད་པའི་ལས་དོན་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཏང་གི་དར་ཆ་ལྷབ་ལྷུབ་གཡོ་བ་དང་། ཏང་ཀྲི་པུའུ་ཡིས་བྱ་བ་ཀུན་ལ་སྣེ་ཁྲིད་པ། འཇོན་མི་དང་ཤེས་ལྡན་མི་སྣས་བྱ་བ་ཆེ་ཆུང་ཚང་མར་སྣེ་འདྲེན་པ། གློག་རྡུལ་ཚོང་དོན་གྱིས་ཏང་ཀྲི་པུའུ་ཡི་བྱ་བར་རམ་འདེགས་བྱེད་པ་བཅས་བྱས་ཏེ་ཞིང་པའི་ཁྱིམ་ཚང་ཕྱུག་པོར་བསྒྱུར་བ་མངོན་འགྱུར་བྱུང་།
ཏང་འཛུགས་ཀྱིས་སྣེ་འདྲེན་བྱས་ཏེ། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི“མྱུར་བགྲོད་གཞུང་ལམ”གསར་འབྱེད་ཤར་གཏོང་བྱས། ཏུའུ་ལན་རྫོང་གིས་དབུལ་ཕོངས་ལས་ཐར་བའི་སྡེ་བ་ཞེ་གསུམ་ལ“སྡེ་བའི་ཚོང་དཔོན”དང“སྦྲག་སྐུར་ཚོང་དཔོན”སོགས་ཀྱི་གློག་རྡུལ་ཚོང་དོན་འཕྲིན་སྟེགས་བཙུགས་ནས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་སྐུད་ལམ་ནས“ཕྱིར་སྐྱོད་པར”རྨང་གཞི་བཏིངས། གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱེད་པ་དེ་གཞི་རིམ་གྱི་ཏང་འཛུགས་བྱ་བའི་འགན་འཁྲི་དམིགས་འབེན་ནང་བཞག་པར་མ་ཟད། གཞི་རིམ་ཏང་འཛུགས་ཀྱིས་གློག་རྡུལ་ཚོང་དོན་དབུལ་སྐྱོར་ཐད་རང་འགུལ་གྱི་བྱེད་ལས་ནུས་པ་ཐོན་པར་ཁྲིད་སྟོན་བྱས། གློག་རྡུལ་ཚོང་དོན་དབུལ་སྐྱོར་ཐབས་ལམ་བསྐྲུན་ནས། མ་དངུལ་སྒོར་ཁྲི་ཉིས་བརྒྱ་དང་གོ་དྲུག་བཏང་ནས། རྫོང་མཁར་དུ་ཏུའུ་ལན་རྫོང་གློག་རྡུལ་ཚོང་དོན་འཁོར་སྐྱོད་ཚོང་གཉེར་ལྟེ་གནས་དང་གཞུང་ལས་བྱེད་ཡུལ་ལས་པ་དང་། མིག་སྔར། ཞང་གྲོང་ཞབས་ཞུ་ལྟེ་གནས་ལྔ་དང་སྡེ་བ་རིམ་པའི་ཞབས་ཞུ་དྲ་གནས་བཅོ་ལྔ་ཙམ་འཛུགས་སྐྲུན་བྱས་ནས་ལེགས་པར་གྲུབ་ཡོད་ཅིང་། རྫོང་དང་ཞང(གྲོང་རྡལ)སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་འཐུས་ཚང་དུ་བཏང་ནས། གེགས་མེད་ཤར་གཏོང་ཐུབ་པའི་ལྗང་མདོག་གི་བགྲོད་ལམ་ཡངས་པོ་ཞིག་ཕྱེས་ཡོད།
འཇོན་མིའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི“སྒུལ་བྱེད་འཕྲུལ་འཁོར་གསར་བ”བསྐྲུན་པ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་དེ་མིན་ཟླ་བ་རེ་རེའི་ཚེས་བཅོ་ལྔ་ཉིན་གྱི“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་ཀྱི་བྱ་འགུལ་དེ་གོ་སྐབས་སུ་བརྩིས་ཏེ། ཏང་ཡོན་རྐང་འཛིན་པ་དང་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ“གཅིག་དང་ཁ་ཤས”ཞེས་པའི་རོགས་ཁྲིད་ལམ་ལུགས་བཙུགས་པ་དང་། ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་མྱོང་ཚོར་ངོ་མ་ཉམས་སུ་བླངས་པ་བརྒྱུད་ནས། རང་འགུལ་ངང་ཆ་རྐྱེན་ཅུང་ཟད་ལྡན་པའི་དབུལ་ཕོངས་ལས་ཐར་བའི་ཁྱིམ་ཚང་གཅིག་ནས་བཞི་ཙམ་ལ་གློག་རྡུལ་ཚོང་དོན་སྐོར་གྱི་གཞི་རྩའི་རྒྱུན་ཤེས་ཁོང་དུ་ཆུད་པར་རོགས་སྐྱོར་བྱས་པར་མ་ཟད། གློག་རྡུལ་ཚོང་དོན་གྱི་ཐོན་ལས་ལ་མཉམ་འདྲེས་ཐུབ་པར་བྱས་ཡོད། རང་ས་ཆའི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དེ“ འཇོན་མིའི་སྟོབས་ཤུགས་གཅིག་ཏུ་སྡུད ”པའི་ལས་གཞི་མ་ལག་གི་འཛིན་ཐག་གལ་ཆེན་ཞིག་ཏུ་བརྩིས་ནས། “ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པ”ཕན་ཚུན་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་པ་དང་། གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་མི་ཐེངས་ཉིས་བརྒྱ་དང་དྲུག་ཅུ་གསོ་སྦྱོང་བྱས་པས། ནུས་ལྡན་ངང་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཐར་མང་ཚོགས་རྣམས་གློག་རྡུལ་ཚོང་དོན་གྱི་ལས་ཀར་ཞུགས་པ་དང་ལས་སྐྲུན་བྱེད་པའི་སྤྲོ་སེམས་ཀུན་ནས་བསླངས་ཏེ་སྐུལ་ཁྲིད་ལེགས་པོ་བྱས།
ཆ་སྡེབ་མཉམ་སྐྲུན་བྱས་ནས། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ། སྡེ་བ་སོ་སོའི་ཏང་རྩ་འཛུགས་དེ་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་ས་ཚིགས་འཁོར་སྐྱོད་ཚོང་གཉེར་གྱི་གཙོ་དོན་དུ་བཟུང་ནས། སྡེ་བར་སྡོད་པའི་དབུལ་སྐྱོར“ཧྲུའུ་ཅི་དང་པོ”དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པའམ་ཡང་ན་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གྱིས་དྲ་ཚིགས་ཀྱི་འགན་འཁུར་པའི་ལས་འགན་ཕྲག་ཏུ་ཁུར་ནས། གློག་རྡུལ་ཚོང་དོན་གྱི་ལས་སྒྲུབ་མཁན་དང་དབུལ་ཕོངས་ཁྱིམ་ཚང་། གློག་རྡུལ་ཚོང་དོན་གྱི་ཁེ་ལས་དང་དབུལ་ཕོངས་ལས་ཐར་བའི་སྡེ་བ་ཕན་ཚུན་བར་ཆ་སྡེབ་རོགས་སྐྱོར་བྱེད་པའི་འགན་ཁུར། གཞི་རིམ་གྱི་ཏང་རྩ་འཛུགས་ལ་རྒྱབ་རྟེན་བཅོལ་བ་བརྒྱུད་ནས། ཧུར་ཐག་གིས “ཏང་ཀྲི་པུའུ་དང་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་། ཁེ་ལས་དང་གློག་རྡུལ་ཚོང་དོན་འཕྲིན་སྟེགས”ཞེས་པའི་འཕེལ་རྒྱས་གཏོང་སྟངས་ཀྱི་དཔེ་དབྱིབས་གསར་པ་ཞིག་འཚོལ་ཞིབ་བྱས་ནས། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཐར་མང་ཚོགས་རྣམས་རྩ་འཛུགས་བྱས་ཏེ་གློག་རྡུལ་ཚོང་དོན་གྱི་ཁེ་ལས་ནང་སོང་སྟེ་དབྱེ་གསེད་བྱེད་པ་དང་ཐུམ་རྒྱག་པ། གསོས་ཉར་བྱེད་པ་ལ་སོགས་པའི་ཞིང་ཞོར་ཐོན་རྫས་ལ་ལས་སྣོན་རགས་ཙམ་གྱི་བྱ་བ་མཐའ་དག་སྒྲུབ་ཏུ་བཅུག་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མང་ཚོགས་རྣམས་གློག་རྡུལ་ཚོང་དོན་གྱི་ཐོན་ལས་སྦྲེལ་ཐག་ཁྲོད་ལས་ཞུགས་བྱེད་ཐུབ་པར་སྐུལ་ཁྲིད་བྱས་པར་བརྟེན། དབུལ་ཕོངས་ལས་ཐར་བའི་ཁྱིམ་ཚང་གི་ཡོང་སྒོ་རྒྱུན་མཐུད་དང་བརྟན་འཇགས་ངང་གོང་དུ་འཕར་བ་མངོན་འགྱུར་བྱས།
རྩོམ་སྒྲིག་པ། སྐར་མ་མཚོ།