རླབས་ཆེན་གྱི་བཟོ་འགོད་ལ་རྣམ་པ་གསར་པ་བཏོད་པ།
2018.11.12 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

ལོ་གཅིག་གི་ཡར་སྔོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་སྨྱུ་གུ་ཆེན་པོ་ཞིག་དང་འདྲ་བར་དུས་རབས་གསར་པའི་གནས་ཚད་སྟེང་ཏང་འཛུགས་སྐྲུན་གྱི་རླབས་ཆེ་བའི་བཟོ་འགོད་གསར་པར་བརྗིད་རྔམ་ལྡན་པའི་འཆར་འགོད་གསར་པ་བྲིས་བྱུང་།

ལོ་གཅིག་གི་རིང་ལ། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛུབ་སྟོན་འོག་ཏུ། ཏང་ཡོངས་ཀྱི་གོང་འོག་གིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་མགོ་ཁྲིད་ལ་བསམ་པའི་གོ་རྟོགས་གསར་པ་མངོན་པ་དང་། ཏང་གཟབ་ནན་སྒོས་སྐྱོང་བ་ཡོངས་ཁྱབ་ཀྱིས་གཏིང་ཟབ་ཏུ་སྤེལ་བ། ཏང་ཡོངས་ཀྱིས་སྙིང་སྟོབས་དང་དཔའ་ངར་ཆེ་རུ་སྐྱེད་པ་བཅས་བྱས་ནས། རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་རྣམ་པ་གསར་པ་བཏོད་པ་དང་། རླབས་ཆེ་བའི་རང་ཉིད་གསར་བརྗེ་བྱེད་པ་སྟོབས་ལྡན་དུ་བཏང་།

2017ལོའི་ཟླ10པའི་ཚེས18ཉིན། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྒྲགས་དོན། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་མཛད་པ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་མཛད་པ་དེ་ཡིན།”

“རྩ་བའི་ཁྱད་ཆོས”དང“ལེགས་ཆ་ཆེ་ཤོས”བཏོན་པ་དེས། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་གནས་བབ་ཆེན་པོའི་ཁྲོད་ཀྱི་གོ་གནས་དང་ནུས་པ་སྔར་ལས་གསལ་པོར་བྱས་ཏེ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་པ་རེད།

ཟླ་ངོ4ལྷག་གི་རྗེས་སུ། མི་དམངས་ཚོགས་ཁང་ཆེན་མོ་རུ་ཡང་བསྐྱར་བརྗིད་རྔམ་ལྡན་པའི་དུས་སྐབས་དེ་དཔང་དུ་བཞག་བྱུང་།

2018ལོའི་ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་བརྡས་ཐག་བཅད་དེ་འཐད་པ་བྱུང་།

ཐལ་མོ་རྡེབ་སྒྲའི་ཁྲོད། “ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཡིན”ཞེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བྲིས་ཏེ། ཏང་གི་མགོ་ཁྲིད་ཀྱི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ཏང་གིས་ཏང་ལ་དོ་དམ་དང་། ཏང་གཟབ་ནན་གྱིས་སྐྱོང་བ།

དུས་རབས་གསར་པར་ཏང་གི་མགོ་ཁྲིད་སྔར་ལས་བཟང་པའི་སྒོ་ནས་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་སམ། ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་རླབས་ཆེ་བའི་འཐབ་རྩོད་རྒྱག་པ་དང་རླབས་ཆེ་བའི་བྱ་གཞག་སྐུལ་སྤེལ་བྱེད་པ། རླབས་ཆེ་བའི་འདུན་མ་མངོན་འགྱུར་བཅས་ཇི་ལྟར་བྱེད་དགོས་སམ།

“རྒྱུན་འཁྱོངས”བྱེད་དགོས་ལ་དེ་བས་ཀྱང“ཤུགས་སྣོན”རྒྱག་དགོས། ཏང་གི་མགོ་ཁྲིད་ཡིན་དགོས་ལ་དེ་བས་ཀྱང“ཁྱོན་ཡོངས་མགོ་ཁྲིད”ཡིན་དགོས།

ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ཀྱིས་གོམ་སྟབས་གསར་པ་སྤོ་བ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་པ།

ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་དང་ཀྲུང་དབྱང་གི་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་མགོ་ཁྲིད་ཚན་ཆུང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་། ཀྲུང་དབྱང་ཕྱི་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་སོགས་ཚན་ཆུང4ནི་ཨུ་ཡོན་ལྷན་ཁང་ལ“རིམ་འཕར”བྱས་པ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཏང་སྲིད་ལས་ཁུངས་ཁ་ཤས་ཧྲག་སྡེབ་བསྐྱར་བསྒྲིགས་བྱས་ཏེ། སྒྲིག་གཞི་སྒྲིག་སྲོལ་གྱི་སྟེང་ནས་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པར་འགན་སྲུང་བྱས།

ཏང་ཀྲུང་དབྱང་གིས་བསྟུད་མར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ། དབུལ་ཐར་འགག་སྒྲོལ་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཇུས་ཆོད་ཆེན་པོ་རབ་དང་རིམ་པ་བཏོན་པས། ཁ་ཕྱོགས་འཛིན་པ་དང་སྤྱི་ཡོངས་འཆར་འགོད་བྱེད་པ། སྲིད་ཇུས་གཏན་འཁེལ་དང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར།

རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དེས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དུ་གཞུང་ཕྱོགས་ཀྱི་དབང་ཆར་ལྟ་སྐུལ་བྱེད་པ་དེ་སྲིད་དབང་གི་སྒྲིག་སྲོལ་ནང་ཐེངས་དང་པོར་བཞག་པ་ཡིན་ལ། དེས་ཏང་གིས་རུལ་སུངས་ལ་རྒོལ་བའི་བྱ་བར་གཅིག་གྱུར་མགོ་ཁྲིད་གནང་བར་ཁྱོན་ཡོངས་ནས་ཤུགས་བསྣན་པ་རེད།

གལ་ཏེ་རྒྱལ་སྐྱོང་སྲིད་གཉེར་དེ་མིག་མངས་ཤིག་ཡིན་པའི་དབང་དུ་བཏང་ཚེ། ཏང་ཀྲུང་དབྱང་ནི“བཀོད་འདོམས་དམག་གུར”དུ་བཞུགས་ཤིང་། དམག་དཔོན་སོ་སོས་རང་རང་གི་ནུས་པ་བཏོན་ནས་བཅོས་སྐྱོང་བྱེད་པའི་རྣམ་པ་ཉིན་བཞིན་གསལ་རྗེན་དུ་མངོན་ཡོང་།

དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་དགོས་པ་ནན་གྱིས་བསྟན་ཡོད།

ལོ་གཅིག་གི་རིང་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས“འདུ་ཤེས་བཞི”བརྟན་པོར་བཏང་སྟེ། མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”ལེགས་པར་བསྒྲུབས་པ་སྟེ།དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་གླེང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་གིས་སྔར་ལས་བརྟན་ཞིང་ཤུགས་དང་ལྡན་པའི་སྣེ་ཁྲིད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

ཏང་གི་འཛུགས་སྐྲུན་གྱི་བཀོད་སྒྲིག་གསར་པ།

གལ་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་ལས“གཞི་སྒྱུར་རྩ་སྒྱུར”བྱེད་པའི་ཕྱོགས་སུ་ཤུགས་བཏོན་པའི་དབང་དུ་བཏང་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེ་བའི་བཟོ་འགོད་གསར་པས“གཞི་སྲུང་གསར་སྐྲུན”གྱི་རྣམ་པ་གསར་པ་ཞིག་མངོན་པར་དོད་འདུག

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོས་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་ནང་ཞུགས་ཏེ་བགྲོ་གླེང་མཛད་སྐབས་ནན་གྱིས་བསྟན་དོན། “ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གནད་དོན་འདིའི་སྟེང་ནས། ང་ཚོར་དེ་ག་ཙམ་རེད་དང་སེམས་ལྷོད་ཙམ་བྱེད་པ་ངལ་གསོ་ཅུང་ཙམ་བྱེད་པ་སོགས་ཀྱི་དྲན་ཚུལ་ཡོད་མི་རུང་ལ། འཐབ་འཛིང་གཅིག་ལེགས་པར་བརྒྱབ་རྗེས་དཀའ་བ་ཐེངས་གཅིག་མྱངས་ནས་གཏན་གྱི་བདེ་བ་རེ་བའི་བསམ་ཚུལ་ཡོད་མི་རུང་ཞིང་། ཐོག་མའི་ཕན་འབྲས་མཐོང་བ་ཙམ་གྱིས་བློ་ཡིད་ཚིམ་ཆོག་སྙམ་པའི་འདོད་བློའང་གཏན་ནས་ཡོད་མི་རུང་།”

“ཡོད་མི་རུང་བ་གསུམ”གཏན་ཆགས་སུ་ཡོང་བར་བྱས་ཏེ་རིག་པ་གསལ་ཞིང་བློ་བདེ་བག་ཕེབས་ཀྱི་ངང་ཚུལ་མངོན་དགོས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་ལས“ཕུགས་ཀྱི་བྱས་རྗེས་ཆེན་པོ”འཇོག་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་སྒྲིལ་ནས་ཡུན་རིང་མ་ཕྱིན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་སྣང་ཚུལ་གསར་པ10ལ་དམིགས་ནས་མཛུབ་སྟོན་གནང་དོན། “སྤྱོད་ཚུལ་བཞི”ཡི་གོམ་མཚམས་འཇོག་མི་རུང་བར། སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་ལམ་དུ་ཡོད་དགོས་པ་ནན་གྱིས་བསྟན། ལོ་གཅིག་གི་རིང་ལ། སྤྱོད་གཙང་སྒྲིག་གཅུན་ལ་དལ་ལྷོད་དང་ཕྱི་འགྱངས་སྤུ་ཙམ་ཡང་མ་བྱས་པར་མ་ཟད། གཅིག་བསྡུས་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དག་ཐེར་བཅོས་སྐྱོང་བྱེད་པའི་ཁྲོད་ཡོངས་ཁྱབ་ཏུ་སྤེལ།

ལོ་མགོར་བསྡུས་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་ཡོངས་ལ“བསྐྱར་དུ་གྲ་སྒྲིག་བྱས་ནས་ལམ་དུ་ཆས་པ་དང་། ནམ་ཡང་ལམ་དུ་ཡོད་པའི་འདུན་མ་བརྟན་པོས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་གཏིང་ཟབ་ཏུ་སྤེལ་དགོས”ཞེས་བཀའ་རྒྱ་བསྒྲགས།

རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཐད་ནས་ཟིལ་གྱིས་གནོན་པའི་གནས་བབ་གཏན་འཇགས་སུ་བཏང་ཞིང་། ཟིལ་གྱིས་གནོན་པའི་སྒོ་ནས་རྒྱལ་ཁ་བརྩོན་ལེན་བྱེད་པའི་རྣམ་འགྱུར་དེ་ནམ་ཡང་སྲ་མོ་རྡོ་བཞིན་བརྟན་པར་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སུ་སྤྱི་བསྒྲགས་བྱས་པའི་ཆ་འཕྲིན་ནང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བརྟག་དཔྱད་བྱས་པའི་འབྲིང་རིམ་དོ་དམ་ལས་བྱེད་པ20ལས་བརྒལ་འདུག་པ་བཀོད་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱས།སྔོན་གྱི་ཏང་གི“འཛུགས་སྐྲུན་ཆེན་པོ་ལྔ”ཇེ་མང་དུ་བཏང་ནས“ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན།རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ཀྱི་སྟེང་།ལམ་ལུགས་འཛུགས་སྐྲུན་དེའི་ནང་དུ་བསྟར་ལ་བརྒྱུས་ཏེ། རུལ་འགོག་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”བཀོད་སྒྲིག་གསར་པ་རུ་བསྒྱུར་ཡོད།

ཆབ་སྲིད་སྐོར་ཞིབ་ཀྱི་ངོ་བོའི་ཁྱད་ཆོས་རྒྱུན་མི་ཆད་པར་འབུར་དུ་བཏོད་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ།ཏང་ནང་གི་ལྟ་སྐུལ་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན་པའི་སྐོར་ཞིབ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པར་སྲུང་སྐྱོང་བྱེད་པ་དེ་སྐོར་ཞིབ་ཀྱི་རྩ་བའི་ཆབ་སྲིད་ལས་འགན་དུ་བརྩི་དགོས་པ་གསལ་པོར་ནན་གྱིས་བསྟན།

སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།དམིགས་གཏད་རང་བཞིན་བཅས་རྒྱུན་མི་ཆད་པར་ཇེ་མཐོར་བཏང་བ།གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དཔར་འགྲེམ་ལག་བསྟར་བྱས་པ་དང་།ཏང་ཀྲུང་དབྱང་གིས་ལོ་གསུམ་གྱི་ནང་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་འདི་ལ་བཟོ་བཅོས་ཐེངས་གཉིས་བྱས་པས།ལམ་ལུགས་ཀྱི་འགོག་རགས་སྲ་བརྟན་ནས་སྲ་བརྟན་དུ་བཏང་།

དུས་རབས་གསར་པའི་རྩ་འཛུགས་འཛུགས་སྐྲུན་གྱི་རྩེ་གྲས་ཇུས་འགོད་བཏོན་པ། ལོ་ལྔ་འགོར་རྗེས་རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཡང་བསྐྱར་བསྡུས་པ་དང་།གསར་གཏོད་རང་བཞིན་ཡོད་པའི་སྒོ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་ནས། རྩ་འཛུགས་མ་ལག་གི་འཛུགས་སྐྲུན་གཙོ་གནད་ཡིན་པ་དང་།ལྷག་བསམ་དཀར་ཞིང་ཁག་ཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ།རྒྱལ་གཅེས་གསོལ་འབུལ་ཅན་གྱི་ཕྱོགས་ཡོངས་ཕུལ་བྱུང་འཇོན་མི་གཅིག་ཏུ་བསྡུ་བ།ན་གཞོན་ལས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་བཅས་ཀྱི་ཐད་བཀོད་སྒྲིག་གསར་པ་བཏོན།

དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལམ་ཐིག་རི་མོ་སྔར་ལས་གསལ་བ།རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་གནས་བབ་གསར་པའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་གོ་གནས་དང་འགན་འཁྲིའི་ལས་འགན་རྒྱས་བཤད་ཟབ་མོ་བྱས་ཏེ། ཏང་གིས་འདུ་ཤེས་འཛིན་སྟངས་བྱ་བར་མགོ་ཁྲིད་བྱེད་ཤུགས་སྔར་ལས་ཚན་རིག་དང་མཐུན་ལ་ནུས་པ་དང་ལྡན་པར་བཏང་།

འགྱུར་བ་དང་མི་འགྱུར་བའི་ཁྲོད་དུ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན།དངོས་ཕན་རང་བཞིན་བཅས་སྔར་ལས་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར།

ཟླ10པའི་ཚེས9ཉིན།ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་སྐོར་གཟིགས་ཐེངས་གཉིས་པ་མགོ་བརྩམས་ཏེ།“ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དམིགས་སྐོར་གཟིགས”ཐོག་དང་པོ་མི་རྣམས་ཀྱི་མིག་མདུན་དུ་མངོན། འདི་ནི་ཏང་གི་ལོ་རྒྱུས་སྟེང་གི་བརྗོད་གཞི་གཅིག་གི་ཐད་ནས་སྤེལ་བའི་སྐོར་གཟིགས་ལྟ་སྐུལ་ཐོག་མ་ཡིན།

ནུས་ཤུགས་ཡོད་ཚད་ནང་ཁུལ་དུ་འདོན་པའི་རང་སྟེང་གི་གསར་བརྗེ་ཡིས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྐུལ་འདེད་བཏང་བ་དང་།འདི་ནི་ཀྲུང་གོ་གུང་ཁྲན་ཏང་ཆུང་བ་ནས་ཆེ་བ་དང་།ཞན་པ་ནས་དྲག་པར་འགྱུར་བའི་རྒྱལ་ཁའི་མན་ངག་ཡིན།

སྤྱིར་བཏང་མ་ཡིན་པའི་འགན་འཁྲི་ལ་སྤྱིར་བཏང་མ་ཡིན་པའི་ནུས་པ་ཞིག་ཡོད་ཁོ་ཐག་རེད།

ཆབ་སྲིད་བརྟན་པོ་ཡིན་པར་མ་ཟད་འཇོན་ཐང་དྲག་པོ་ཞིག་ལྡན་པ་སྟེ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཏང་གི་དུས་རབས་གསར་པའི་འགན་འཁྲི་གསར་པར་དམིགས་ནས།སློབ་སྦྱོང་གི་ནུས་པ་དང་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ།བཅོས་བསྒྱུར་གསར་སྐྲུན་གྱི་ནུས་པ་སོགས་ཀྱི་སྲིད་སྐྱོང་ནུས་པ་ཆེན་པོ་བརྒྱད་ཇེ་དྲག་ཏུ་གཏོང་དགོས་པ་གསལ་པོར་བཏོན་ཡོད།

འདི་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་གཞུང་ལུགས་རང་རྟོགས་ཡིན།ལོ་གཅིག་གི་རིང་ལ།ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏེ།ཀླད་པར་དྲག་ཆས་སྤྲས་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས།

འདི་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལག་ལེན་གྱི་རང་རྟོན་ཡིན།ལོ་གཅིག་གི་རིང་ལ། ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་ནས། ཏང་ཀྲུང་དབྱང་གིས་འཕྲལ་མར་ཇུས་གཞི་འདོན་པ་དང་ཞི་ལྷོད་ཀྱིས་ཁ་གཏད་འཇལ་བ། འགུལ་ཚད་ཆེ་ལ་གཏོར་འཛུགས་མཉམ་སྤེལ་བྱེད་པ་བཅས་ཀྱིས།ནང་ཁུལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བཟང་པོ་ལེན་པ།ཁྲིམས་སྐྱོང་ཀྲུང་གོར་ལམ་ཚད་རྡོ་རིང་གསར་པ་སྐྲུན་པ་བཅས་བྱས་ཏེ།ཕྱི་རོལ་ལ་ཁ་གཏད་གཟབ་ནན་བྱེད་པའི་ཐད་ནས་སྔར་ཡོད་མ་མྱོང་བའི་ཉེན་ཁའི་འགྲན་རྩོད་བྱས་ཤིང་།ཆར་རྡུང་ལྷགས་རྒྱག་གི་ཁྲོད་ནས་དཀའ་བ་ཇི་ལྟར་ཆེ་ན་དེ་ལྟར་མདུན་སྐྱོད་བྱས།

སྤྱིར་བཏང་མ་ཡིན་པའི་འགན་འཁྲི་ལ་སྤྱིར་བཏང་མ་ཡིན་པའི་བླང་བྱ་ཡོད་ཁོ་ཐག་རེད།

“ལྕགས་རྡུང་བར་ཐོ་བ་སྲ་དགོས”ཞེས་པ་ནས“ལྕགས་རྡུང་བར་ངེས་པར་དུ་ཐོ་བ་སྲ་དགོས”ཞེས་པའི་བར།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་སྟེང་ཡིག་འབྲུ་གཅིག་གི་ཁྱད་པར་ལས་མེད་ནའང་།དེས་སྔར་ལས་བརྟན་པོའི་ཆོད་སེམས་དང་།སྔར་ལས་གཟབ་ནན་གྱི་ཚད་གཞི།སྔར་ལས་དྲག་པའི་ཁག་ཁུར་བཅས་མཚོན་ཡོད།

ལོ་འདིར་ཏང་ཡོན་ལས་བྱེད་པའི་ནག་འབྲེལ་ངན་འབྲེལ་དང་རུལ་སུངས།“སྲུང་གདུགས”བཅས་ཀྱི་གནད་དོན་རྩད་གཅོད་ནན་མོ་བྱེད་པ་དང་།སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་འགན་མི་འཁུར་བ་དང་བྱ་བ་མི་བསྒྲུབ་པ།འགན་འཛོལ་ནོར་འཛོལ་བྱུང་བ་སོགས་ཀྱི་གནད་དོན་ཐད་སྔར་བྱས་མ་མྱོང་བའི་རྩད་གཅོད་ནན་མོ་བྱས་པས།ཏང་གི་ལས་འགན་ཡོད་ས་ནི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་གནད་ས་ཁུལ་ཡིན།

སྤྱིར་བཏང་མ་ཡིན་པའི་འགན་འཁྲི་ལ་སྤྱིར་བཏང་མ་ཡིན་པའི་སྙིང་སྟོབས་ཡོད་ཁོ་ཐག་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཐོག་དང་པོར་པེ་ཅིན་ཕྱི་རོལ་གྱི་བྱ་འགུལ་ལ་ཞུགས་པ་དང་།ཀྲུང་གུང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཚོགས་ཡུལ་དང་ཅ་ཞིན་ནན་ཧུའུ་མཚོ་མོའི་གྲུ་དམར་ལ་གཟིགས་ཤིང་།ཕུགས་འདུན་དོན་གཉེར་བྱེད་ས་ནས་ཏང་ཡོངས་ལ“ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་།འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས།ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་དགོས་པའི”འབོད་སྐུལ་སྒྲོག་པ་མི་རྣམས་ཀྱི་ཡིད་ལ་བཟུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་ཀྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་འཕྲད་གནང་བ་དང་།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཞིབ་གྲོས་ཚོགས་འདུ།དེ་ནས2018ལོའི་ལུགས་གསར་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་བཅས་ཀྱི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་ཡོངས་ཀྱིས་ནམ་ཡང་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་སེམས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་ཡང་ནས་བསྐྱར་དུ་གསུངས་ཏེ།ཛ་དྲག་ཆེ་བའི་ལག་ལེན་ཁྲོད་ནམ་ཡང་ལྷོད་པ་མེད་པའི་བསམ་བློའི་གནས་བབ་དང་མདུན་སྐྱོད་ལྷོད་མེད་བྱེད་པའི་བསམ་བློའི་རྣམ་པ་ཞིག་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་པ་ཀུན་གྱི་སེམས་ལ་བཟུང་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ནམ་ཡང་དུས་རབས་ཀྱི་སྔོན་དུ་སྐྱོད་པ་དང་མི་དམངས་ཀྱིས་སེམས་བསམ་པས་བཀུར་བ།རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ།ཉམས་སད་སྣ་ཚོགས་ཐེག་ཐུབ་པ།གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་དུས་རབས་ཀྱི་སྔོན་གྲས་སུ་འགྲེངས་ཏེ།མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ཧུར་བརྩོན་གྱིས་མདུན་སྐྱོད་བྱེད་པ་དང་།མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་ལྡན་པའི་རི་མོ་འབྲི་བཞིན་ཡོད་དོ།