དུས་རབས་གསར་བར་བྱས་རྗེས་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཆེད་དུ་སེམས་ཤུགས་གཅིག་ཏུ་བསྡུས།
2018.11.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 54

—ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་ཞིང་གི་དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་གྱི་གནས་ཚུལ་ཕྱོགས་བསྡུས།

རླབས་ཆེ་བའི་དུས་རབས་ཀྱིས་རླབས་ཆེ་བའི་སྙིང་སྟོབས་ལ་འབོད་སྐུལ་གཏོང་བ་དང་། རླབས་ཆེ་བའི་སྙིང་སྟོབས་ཀྱིས་རླབས་ཆེ་བའི་ལས་དོན་ལ་སྐུལ་འདེད་གཏོང་།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་ཐད་རབ་དང་རིམ་པའི་གསུང་བཤད་གལ་ཆེན་གནང་བ་དང་། དྲིལ་སྒྲོག་རིག་གནས་ལས་དོན་གྱི་རྒྱང་རིང་འཕེལ་རྒྱས་དང་འབྲེལ་བའི་རྩ་དོན་རང་བཞིན་དང་འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་ལྟར་བཀའ་ལན་གནང་བ་དང་། གནས་བབ་གསར་བའི་འོག་གི་དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་བཟང་བོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་། གཞི་འཛིན་ས་འདོན་སྤྲོད་བྱས།

འདས་པའི་ལོ་ལྔའི་རིང་། མཚོ་སྔོན་གྱི་ཡུལ་གྲུ་ཀུན་དུ་དབྱངས་རྟ་གཙོ་བོའི་འགྱུར་ཁུགས་དགོང་ན་སྙན་ཞིང་དྲང་ཕྱོགས་ཀྱི་བྱེད་ནུས་པ་སྔར་ལས་དྲགས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱས་ནས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་འཕེལ་རྒྱས་དང་། བཅོས་སྒྱུར་གསར་སྐྲུན་བྱེད་པ། དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་སྣ་ཚོགས་ཏན་ཏིག་དང་ཕན་ནུས་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་ཁག་ཐེག་དང་བསམ་པའི་ནུས་ཤུགས། ཀུན་སྤྱོད་རྒྱབ་བརྟེན། རིག་གནས་ཀྱི་ཆ་རྐྱེན་བཅས་འདོན་སྤྲོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བགྲོད་ལམ་གསར་བ་གསར་གཏོད་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་ཡར་སྐུལ་བཏང་།

“ཐེངས་འདིའི་གསོ་སྦྱོང་ནི་ཐོབ་དཀའ་བའི་ཏང་གི་སློབ་ཁྲིད་ཞིག་ཡིན་ལ། ཆབ་སྲིད་ཀྱི་ངེས་སྦྱོང་འཆད་ཁྲིད་གལ་ཆེན་ཐེངས་ཤིག་ཀྱང་རེད།”ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་བའི་སྟེང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་མི་སྣ་གཙོ་བོས་སྣེ་ཁྲིད་དེ་སློབ་མ་རྣམས་དང་བཞུགས་མོལ་ཞིབ་བསྡུར་བྱས་ནས། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་ཕན་ཚུན་བར་གླེང་མོལ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་བཞི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཙོ་བོར་དམ་པོར་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་ལ་རྐང་འཛུགས་པ་དང་། རང་ཉིད་ཀྱི་བསླབ་པའི་བློ་བསྐྱེད་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་འགན་འཁྲི་ལས་བགོས་ལྟར་དུ། སློབ་མ་རྣམས་ལ་ཆེད་སྒྲིག་ཟུར་ཁྲིད་བྱས་ཏེ། ཁོ་ཚོར་བསམ་གཞིགས་ཀྱི་སྣེ་བཙལ་ཞིང་གོ་དོན་གསལ་བོར་རྟོགས་སུ་བཅུག་པ་དང་། སྦྱངས་པ་ལག་ལེན་དུ་འདེབས་པའི་གནས་བཙལ།

གཞུང་ལུགས་གསར་སྐྲུན་གོམ་གང་མདུན་དུ་སྤོས་ན། གཞུང་ལུགས་ངེས་ཤེས་གོམ་གང་མདུན་དུ་སྤོ། ཞིང་ཆེན་ཏང་ཨུས་དཔེ་སྟོན་སྣེ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་ཚན་ལྡན་གྱི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། གསར་སྐྲུན་ཁྲོད་ཡར་སྐྱེད་བཏང་སྟེ། ཆེད་དོན་སློབ་སྦྱོང་དང་ཞིབ་བསྡུར་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་ན་བློ་ལ་ངེས་པའི་སྣེ་ཁྲིད་མི་སྣར་བརྩོན་ལེན་བྱས་ཏེ། ཚན་རིག་གི་གཞུང་ལུགས་དེ་དངོས་གནས་ལག་ལེན་མཛུབ་སྟོན་གྱི་བསམ་བློའི་ངེས་ཤེས་གལ་ཆེན་དུ་བསྒྱུར། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་པས་སྣེ་ཁྲིད་དེ་སྒྲོག་ཁྲིད་བྱེད་པ་དང་། ཅིག་ཤོས་ལ་རྗེས་འདེད་སྒྲོག་ཁྲིད་བྱེད་པ། ཏང་གི་འཐུས་མིར་ཟུང་འབྲེལ་གྱིས་སྒྲོག་ཁྲིད་བྱེད་པ། རིམ་པ་སོ་སོའི་སྒྲོག་ཁྲིད་ཚོགས་པས་གཏིང་ཟབ་ཏུ་དྲིལ་སྒྲོག་བྱེད་པ། མི་རིགས་ཁག་གི་མང་ཚོགས་རང་འགུལ་དུ་སྒྲོག་ཁྲིད་བྱེད་པ། གཞུང་ལུགས་ཀྱི་ཀློག་དེབ་དང་ཟུང་དུ་སྦྲེལ་ཏེ་སྒྲོག་ཁྲིད་བྱེད་པ། དྲ་ཐོག་དུ་གཅིག་ལ་གཅིག་བརྟེན་གྱིས་སྒྲོག་ཁྲིད་བྱེད་པ་བཅས་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་གྲུབ་འབྲས་དེ་མང་ཚོགས་ཀྱི་ཧ་གོ་བ་དང་གོ་བ་ལོན་པ། དངོས་འབེབ་ཐུབ་པ་བཅས་ལ་འགན་སྲུང་བྱས།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ཕུལ་བ་བརྙན་འཕྲིན་ལས་མཐོང་མྱོང་ནའང་། ནང་དོན་མང་པོ་ཞིག་ལ་རྒྱུས་ལོན་གསལ་བོ་བྱེད་མི་ཐུབ་པར་བརྟེན། ས་གནས་རིག་གནས་ཁྱད་ཆོས་དང་མཐུན་པའི་གཞས་མ་གཏམ་དང་མགྱོགས་བཤད་ལྟར་བཤད་ན། ང་ཚོས་ནང་དོན་ཧ་ཅང་གསལ་བོར་ཤེས་ཐུབ་ལ། སྤྲོ་སྣང་ཡང་ཡོད་པ་ཞིག་རེད”ཅེས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལིས་ཅཱ་མའོ་སྡེ་བའི་ལིས་ཧྥུའུ་ཧེ་ཡིས་དེ་ལྟར་བཤད། མཚོ་སྔོན་གྱི་ཡུལ་གྲུའི་སྟེང་། ག་ས་གང་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བཞིན་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཙོ་འཛིན་གྱི་སྐུ་པར་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བདུན་བྱིན་ཏེ། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་རེ་རེའི་ཆེས་མཐོ་ས་དང་ཆེས་གཙོ་ས་རུ་བཀལ་ཡོད། དེ་ལས་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་ཞེན་ཆེ་བ་ཀུན་ནས་མཚོན། གཙང་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་ས་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ནས་ཡངས་པའི་རྩྭ་ཐང་སོགས་གནས་ཀུན་ཏུ་ཆུ་ཚད་མཐོ་ཞིང་དྲོད་ཚད་ལྡན་པའི་སྒྲོག་འགྲེལ་བྱས་པས། དགུན་ཁའི་ཉི་མས་འོད་སྣང་སྦྱིན་པ་དང་མཚུངས་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱི་སེམས་སུ་སིམས་ཡོད།

སྟོན་གཞུང་གི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་རའི་ནང་དུ། ཚོན་མདོག་རྣམ་པར་བཀྲ་ཞིང་། ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་གི་འགྲེམ་བྱང་ཐོག་ཁང་རེ་རེའི་མདུན་དུ་གྲལ་ལྟར་བཀྲམས་ཡོད་པས། ན་གཞོན་སློབ་བུ་མང་པོའི་མིག་དབང་བཀུག་ནས་ལྟད་མོ་ལྟ་བཞིན་མགོ་བོ་ལྡེམ་ཞོར་དཔྱད་འཇོག་མང་པོ་བྱེད་བཞིན་ཡོད། 2017ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རང་ཞིང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་ཐོག་མ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བཙུགས། ད་ལྟ། ཞིབ་འཇུག་ལྟེ་གནས་དེ་ཡིས་མཐོ་རིམ་སློབ་གྲྭའི་གཞུང་ལུགས་ཁྱབ་སྤེལ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་པའི་སྒང་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཆེས་གསར་བའི་གྲུབ་འབྲས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ལ་བསམ་བློར་གོ་ཆ་བགོ་ཆེད། ལོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭ་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་དང་མཉམ་འབྲེལ་བྱས་ཏེ། སྔ་རྗེས་སུ《བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་དྲུག་ཅུ》དང《ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་དྲུག་ཅུ》《འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་དྲུག་ཅུ》《བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞི་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་དྲུག་ཅུ》སོགས་རྒྱ་བོད་སྐད་གཉིས་ཀྱི་གོ་བདེ་ཤིང་ཤེས་སླ་བའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཞང་དང་གྲོང་རྡལ། སྡེ་བ་དང་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་བཅས་སུ་བྱིན་པས། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

རྒྱུན་སྲོལ་རྟོགས་ཤིང་འགྱུར་བར་བསྟུན་མཁན་རྒྱལ། བདེན་ལུགས་སྲུང་ཞིང་གསར་གཏོད་བྱེད་མཁན་འཕེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུའི་དགོངས་དོན་དང་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག སྤྱི་ཚོགས་ཀྱི་དོ་ཁུར་བྱེད་བཞིན་པའི་གནད་དོན་དང་དཀའ་ཁག་སོགས་ལ་དམིགས་ནས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་གཞུང་ལུགས་མཆན་འགྲེལ་གྱི་རྩོམ་ཡིག་བརྒྱ་ལྷག་སྤེལ་ཏེ། དོགས་གནད་སེལ་འགྲོལ་དང་དོ་འཁུར་བྱེད་པའི་དོན་ལ་ལན་སྤྲད།《མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁྱབ་བརྡལ་སྲོལ་ཡིག》འགྲེམ་སྤེལ་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་གསར་བའི་རིག་མཛོད་གསར་འཛུགས་བྱས་ནས། སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ལས་གཞིའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་པ་དང་། གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་འཇུག་བྱ་བ་སྤེལ་པས། སྤུས་ཚད་མཐོ་བ་དང་། ཁྱད་ཆོས་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་སྐོར་ཞིག་གྲུབ། རྒྱལ་ཁབ་ཚན་རྩལ་ཐེབས་རྩར་ཚུད་ཚད་ནུབ་བྱང་གི་ཞིང་ཆེན་ལྔའི་རྩེ་གྲས་སུ་བསླེབས་པ་དང་། 《མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་དང་ལག་ལེན་ཞིབ་འཇུག》སོགས་ཞིབ་འཇུག་གྲུབ་འབྲས་ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞབས་ཞུ་འདོན་སྤྲོད་བྱས།

ད་ལྟ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ཚན་རིག་གི་ཆོད་གཏམ་དེ་སྤྱིར་བཏང་གི་ཁྱིམ་ཚང་དུ་དངོས་འབེབ་བྱས་པ་དང་། རྒྱང་རིང་ལ་དམིགས་པ་དང་ཡིད་ཆེས་སྒོ་འབྱེད། མཐུན་སྒྲིལ་ཤུགས་འདོན། འབད་བརྩོན་ལྷོད་མེད་ཀྱི་མཚོ་སྔོན་གྱི་སྙིང་སྟོབས་གསར་བ་མི་སེམས་ཀྱི་ཟབ་སར་སིམས་ཡོད།

“སློབ་སྦྱོང་དང་སྒྲོག་འགྲེལ། རྟོག་ཞིབ”བཅས་ཀྱི་བྱ་འགུལ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་མྱུར་མོར་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀླད་པར་གོ་ཆ་བགོ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་སྣེ་ཁྲིད་བྱས།

དམངས་སེམས་གཅིག་ཏུ་སྒྲིལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དག་མཐུན་སྒྲིལ་དང་འབད་འཐབ་ཀྱིས་མདུན་དུ་སྐྱོད་པའི་སྤྱོད་བཟང་ལ་སྐུལ་སློང་ཐེབས།

མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ་ནི་དུས་རབས་ཀྱི་བརྗོད་གཞི་ཞིག་ཡིན་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་ནི་འགན་འཁྲི་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གིས་ཤུགས་ཆེན་པོས་གསར་འགྱུར་གླེང་ཕྱོགས་དང་ལས་དོན་གསར་གཏོད་ལ་སྐུལ་འདེད་བྱས་ཤིང་། མུ་མཐུད་དུ་གཙོ་ཁྲིད་ཀྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དུ་བཏང་བ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ངར་ཤུགས་ལ་སྐུལ་མ་དང་། སྙིང་སྟོབས་དར་སྤེལ། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་གཟི་རྔམ་ལྡན་པའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

དུས་རབས་གསར་བར་བྱས་རྗེས་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཆེད་དུ་སེམས་ཤུགས་གཅིག་ཏུ་བསྡུས།

ཚགས་པར་ནས་རྒྱང་སྒྲོག་དང་བརྙན་རིས། སྨྱུག་རྩེ་ནས་མཛུབ་སྣེའི་དྲ་བ། གྲོང་ཁྱེར་གྱི་ཁོངས་གཏོགས་སྨྱན་བྱད་ཀྱིས་རང་འགུལ་སྒོས་གླེང་གཞི་རྩ་འཛུགས་བྱས་ཏེ། དཀའ་གནད་དང་གཙོ་གནད་ལ་དཔྱད་འཇོག་དང་། གཙོ་ཁྲིད་ཀྱི་ནུས་པ་ཇེ་ཆེར་བཏང་ནས། མཚོ་སྔོན་གྱི་མི་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲིག་བྱེད་པའི་མཉམ་སྒྲོག་རོལ་མོ་དཀྲོལ།

“མཐུན་སྒྲིལ་བརྟན་འཇགས་ཡར་སྐུལ་དང་། དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོར་འཛིན་པ་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་ངེས་པར་སྲུང་བྱའི་གཞི་རྩའི་བྱེད་ཕྱོགས་རེད།”ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་གཙོ་བོས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན། ཞིང་ཆེན་ཏང་ཨུའི“ལྔ་བཞིའི་འཐབ་ཇུས།”“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ནུས་ཤུགས་ཡོད་དགུས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། དབུལ་སྐྱོར་མཁྲེགས་གཏོར། སྐྱེ་ཁམས་དཔལ་ཡོན། བོད་ཁུལ་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། ཏང་གི་འཛུགས་སྐྲུན་སོགས་ཀྱི་ཐད་གྲུབ་འབྲས་གསར་བ་བླངས་པ་དང་། ནུས་ཤུགས་ཡོད་དགུས་མཚོ་སྔོན་ཚོང་ཚོགས་དང་མཚོ་བསྐོར་ལྕགས་རྟ་འགྲན་རྒྱུགས། བོད་ལུགས་ས་གདན་འགྲེམ་ཚོགས། རིག་གནས་གནས་སྐོར་དུས་ཆེན། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སོགས་ཉོ་འཚོང་འགྲེམ་སྤེལ་ཚོགས་འདུ་གལ་ཆེན་དང་། རིག་གནས་དང་ལུས་རྩལ་འགྲན་སྡུར་ཐད་གྲུབ་འབྲས་གསར་བ་བླངས་པ་དང་། ནུས་ཤུགས་ཡོད་དགུས་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། བཱང་ཁྲིན་ཡོན། ངག་དགའ། རྒྱ་མཚོ་སོགས་སྔོན་ཐོན་གྱི་དཔེ་མཚོན་ལྡན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་སྒྲོག་བྱས། ནུས་ཤུགས་ཡོད་དགུས་ཏང་གི་མང་ཚོགས་ལམ་ཕྱོགས་དང་། “གཟབ་ནན་གསུམ་དང་དོན་དམ་གསུམ།”“སློབ་པ་གཉིས་དང་བྱེད་པ་གཅིག”སོགས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་དང་། གསར་འགྱུར་གནས་ཚུལ་གལ་ཆེན་སྐོར་ཞིག་སྤེལ་བར་མ་ཟད། གོ་བདེ་ཞིང་གསོན་ཉམས་ལྡན་པའི་སྐད་བརྡས་མཚོ་སྔོན་གྱི་གཏམ་བརྒྱུད་བརྗོད། དུས་ལྟར་ཕྱོགས་མང་པོ་ནས་ཡང་དག་པར་མཚོ་སྔོན་གྱི་སྐད་སྙན་བསྒྲགས་པས། འབྱོར་ཕྱུག་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས།

བསྟུད་མར་ལོ་བཞིའི་རིང་ལ“མཚོ་སྔོན་པོའི་གསེར་ཉ་ཕྱིར་རྒྱུའི”ཐད་གཏོང་གི་བྱ་འགུལ་ཆེན་པོ་སྤེལ་བས། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བླངས་བའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་ལ། མཚོ་སྔོན་གྱི་མཚན་སྙན་དང་བག་ཆགས་སྔར་ལས་ཇེ་མཐོར་བཏང་བར་མ་ཟད། རང་ཞིང་གི་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བྱས། བསྟུད་མར་ལོ་བཞིའི་རིང་ལ《བདེན་འཚོལ》དུས་དེབ་ཁང་དང་མཉམ་འབྲེལ་བྱས་ཏེ། “དགའ་ཞེན་གསུམ”བརྗོད་བྱ་གཙོ་བོ་ཡིན་པའི་སློབ་གསོའི་བྱ་འགུལ་སྤེལ་བ་དང་། རྫ་སྟོད་རྫོང་གི་བོད་ཡིག་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཉིས་བརྒྱ་ལྷག་པེ་ཅིན་དུ་མངག་ནས་བྱ་འགུལ་ལ་ཞུགས་པ་དང་། “ཁ་འབྲལ་མི་ཐུབ་པ་གསུམ”དང“མོས་མཐུན་ལྔའི”བསམ་བློ་དགེ་སློབ་ཡོངས་ཀྱི་སེམས་སུ་ཕབས་ཤིང་། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱས་པ་དང་། མི་སེམས་གོང་བུར་འགྲིལ་བའི་དཔེ་མཚོན་ཞིག་ཏུ་གྱུར། “རྫ་ཆུ་དང་མེ་གུང་གཙང་བོའི་བཞུར་རྒྱུད་ཀྱི་ན་གཞོན་ལས་སྒོ་གསར་སྐྲུན་སྦྱོང་བརྡར”བྱ་འགུལ་རིམ་པ་འཕར་ནས་རྒྱལ་ཁབ་རིམ་པར་གྱུར་ཏེ། མཚོ་སྔོན་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་སུ་ཞུགས་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། རང་ཞིང“རྒྱུད་གཅིག་ལམ་གཅིག”ཁྲོད་ཞུགས་པར་ནང་དོན་གསོན་ཉམས་ལྡན་པ་ཁ་སྣོན་བྱས།

“སྤྱོད་ཚུལ་ལེགས་བསྒྱུར་བྱེད་ན་རྩོམ་གཤིས་ཡག་པོར་བསྒྱུར་དགོས་ལ། གཞི་རིམ་དུ་སྐྱོད་པ་དང་། སེམས་གནད་ལ་ཕབས་པ། གནས་ཚུལ་ངོ་མར་བརྟག་པ། སྐད་ཆ་དྲང་མོར་བཤད་པ། བརྩེ་དུང་ལྷད་དུ་མེད་པ་བཅས་བྱས་ནས། བསམ་བློ་དང་ནང་དོན། སྤུས་ཚད་བཅས་ལྡན་པའི་བརྩམ་ཆོས་མང་པོ་ཧུར་ཐག་སྒོས་གསར་རྩོམ་བྱ་དགོས”། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱིས“ཉེ་བར་བཅར་བ་གསུམ”རྒྱུན་འཁྱོངས་བྱས་ཏེ། “མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་མཐའ་མཚམས་ས་ཁུལ་དུ་བསྐྱོད་པ”ཧུར་ཐག་གིས་སྤེལ་བ་དང“དགུན་དུས་མཚོ་བོད་གཞུང་ལམ་དུ་བསྐྱོད་པ”། “གཙང་གསུམ་འབྱུང་ཡུལ་དུ་བསྐྱོད་པ”སོགས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་མང་པོ་སྤེལ་བ་དང་། དུས་རབས་གྱི་འཕེལ་འགྱུར་སེམས་ཀྱིས་མྱངས་ཤིང་། དུས་རབས་ཀྱི་འཕོ་འགྱུར་གོམ་པ་འཇལ། ཞིང་ཆེན་གྱི་སྨྱན་བྱད་གཙོ་བོའི་གནད་སའི་གསར་འགྱུར་པར་ངོས་དང་གསར་འགྱུར་མཉམ་སྒྲོག་གི་ཁྲོད། ལས་ཡུལ་དང་པོ་དང་གཞི་རིམ་གྱི་གསར་འགྱུར་རྩོམ་ཡིག་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་དང་། ཚགས་པར་གྱི་པར་ངོས་དང་། དྲ་ངོས། ཁ་པར་གྱི་འཆར་ངོས་བཅས་སུ་གཞི་རིམ་གྱི་འཕོ་འགྱུར་དང་གནས་ཚུལ་དངོས་གང་ལེགས་སྒོས་མཚོན་པའི་བརྩམས་ཆོས་བཟང་བོ་མང་པོ་ཞིག་སྤེལ་བ་དང་། གསར་འགྱུར་དེ་དག་ལ་གདེང་ཚོད་ཆེན་པོ་ལྡན་ཞིང་དམངས་སེམས་དང་དམ་དུ་འབྲེལ་ཡོད།

རྟགས་མཚན་མང་པོ་དང་དོན་གཉེར་གྱི་བྱེད་ཐབས་རེ་རེ་ཡིས། སྨྱན་བྱད་མཉམ་འདྲེས་ལས་དོན་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་ཡོལ་བ་ཆེན་པོ་ཕྱེས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གསར་འགྱུར་སྨྱན་བྱད་བརྒྱུད་སྒྲོག་ལྟེ་གནས་ཀྱིས་པར་རིས་དང་ཡི་གེ སྒྲ་ལམ། བརྙན་ལམ་སོགས་གཞི་གཅིག་ཏུ་འདུས་པའི་སྨྱན་བྱད་ཐོན་རྫས་སྟེ《མཚོ་སྔོན་ལ་ཤུགས་རྒྱོབ་ཅིག མཚོ་སྔོན་ཉིན་རེའི་ཚགས་པར་གསར་འགྱུར་སྨྱན་བྱད་ཀྱིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱེད》ཅེས་པ་སྤེལ་བར། དུས་ཚོད་གཅིག་གི་ནང་ཀློག་ཚད་ཁྲི་གཉིས་སྟོང་བརྒྱད་ལ་བསླེབས། དྲ་གྲོགས་དག་གིས་ལང་ལོང་སྒོས་དེ་ལ་དཔྱད་བརྗོད་སྤེལ་བ་དང་་གཟེངས་བསྟོད་བྱས། དེ་ནི་ཕན་ཚུན་མཉམ་འགུལ་གྱི་ནུས་པ་ཆེན་པོ་ལྡན་པའི་གསར་འགྱུར་ཅིག་ཡིན་ལ། ལྷག་ཏུ་ཕྱི་ཕྱོགས་སུ་མཛེས་སྡུག་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་རིམ་གྲས་སྤར་བའི་པར་གཞི་ཞིག་ཀྱང་ཡིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གསར་འགྱུར་སྨྱན་བྱད་སྟེགས་བུའི་བརྙན་རིས་ཐད་གཏོང་དེ་རྒྱུན་རྣམ་གྱི་རྣམ་པར་ཞུགས་ཏེ། 《ལིས་ཅ་ཧྲན་སྡེ་བའི་རྒྱ་འཆམ་དང་དེའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད》དང《གྲོ་མོ་ཆེའི་བོད་སྡེ་རྩམ་པ་དུས་ཆེན》། 《ཀྲུང་གོའི་གླུ་སྐད་གསར་བ》སོགས་བྱ་འགུལ་ཆེ་གྲས་བཅུ་ལྷག་སྐད་འཕྲིན་དང་པོད་འཕྲིན། གཙང་གསུམ་འབྱུང་ཡུལAPPསྟེགས་བུ་ཆེན་པོ་གསུམ་བཅས་ཀྱིས་མཉམ་འབྲེལ་སྒོས་ཤུགས་བཏོན་ཏེ། གཞི་གྲངས་སྣ་ཚོགས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་ཁང་དེའི་དྲ་ཚིགས་སྟེགས་བུའི་ཐད་གཏོང་གི་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བསྐྲུན། དེའི་ནང་རྒྱལ་ཡོངས་ཀྱི་བྱ་རིགས་ཀྱི་བརླན་ས་ཐད་གཏོང་གི་སྟེགས་བུ་ཐོག་མ་དེར་ཟླ་གཅིག་གི་ནང་ལྟ་མཁན་གྱི་མི་གྲངས་ས་ཡ་གཅིག་ལས་བརྒལ། མིག་སྔར། “སྤོ་སྒུལ་སྔོན་འགྲོའི”འཐབ་ཇུས་ལ་ཐོག་མར་གྲུབ་འབྲས་ཐོབ་པ་དང་། སྲོལ་རྒྱུན་སྨྱན་བྱད་དང་གསར་འགྱུར་སྨྱན་བྱད་ཀྱི་ཁྱད་སྟོབས་ཕན་ཚུན་ཁ་གསབ་བྱས་ཏེ། དངོས་ཤུགས་དང་བརྒྱུད་སྒྲོག་ནུས་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ལྡན་པའི་རྣམ་པ་གསར་བའི་སྨྱན་བྱད་སྟེགས་བུ་སྐོར་ཞིག་འཛུགས་སྐྲུན་བྱས་པས། སྨྱན་བྱད་མཉམ་འདྲེས་བྱེད་ཚད་སྔར་ལས་མཐོར་འདེགས་བྱུང་བ་དང་། གོམ་གང་མདུན་སྤོས་སྒོས་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།

ཤུགས་ཆེན་པོས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱས།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། དངོས་པའི་རྒྱུ་ནོར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ལ། བསམ་པའི་རྒྱུ་ནོར་དེ་བས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

མཚོ་སྔོན་གྱི་ཡུལ་གྲུ་ཆེན་པོ་འདིའི་ག་ས་གང་དུ་དྲང་ཕྱོགས་ཀྱི་ནུས་པ་གཅིག་བསྡུས་དང་དབྱངས་རྟ་གཙོ་བོ་དར་སྤེལ་བྱེད་པའི་དཔལ་ཡོན་གྱི་གཏམ་རྒྱུད་ཀྱིས་ཕྱུག་ཡོད། ལོ་ངོ་བརྒྱད་ཀྱི་རིང་ལ་འབད་བརྩོན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་སྟེ་ཟི་ལིང་གྲོང་ཁྱེར་གསར་སྐྲུན་ལེགས་འགྲུབ་བྱུང་བ་ནས། དམར་པོའི་རིག་གནས་དར་སྤེལ་གྱི་དུས་རབས་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་རྡལ་ཞིན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཞང་ཧོང་ཀོང་སྡེ་བ་གོང་མ་དང་། དེ་ནས་དྲིན་བཟོའི་སློབ་གསོ་དེ་ཀུན་སྤྱོད་ལེགས་པོས་མི་གཞི་གསོ་སྐྱོང་བྱེད་པའི་ལག་ལེན་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་སློབ་ར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་ཆུང་། ཨ་མ་རྒྱབ་ཏུ་ཁུར་ནས་སློབ་ཆེན་འགྲིམ་པའི་བྱ་སྤྱོད་ཀྱིས་འཇིག་རྟེན་གྱི་གུས་སྲོལ་ཡོངས་སུ་མཚོན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་པེ་ཡུང་ཧོ་སོགས་ལྟ་བུའི་སྔོན་ཐོན་གྱི་དཔེ་མཚོན་མང་པོ་མཚོ་སྔོན་དུ་བགྲང་ལས་འདས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་དངོས་འབེབས་ཞིབ་ཚགས་དང་དངོས་འབེབས་ནན་མོ་བྱེད་པར་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་སྤྱི་དམངས་ཀྱི་བྱང་ཚད་མཐོར་འདེགས་གསར་བ་བྱུང་།

དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་གྲོང་རྡལ། དཔལ་ཡོན་ལས་རིགས། དཔལ་ཡོན་སྡེ་ཁག དཔལ་ཡོན་ཁྱིམ་ཚང་བཅས་གསར་སྐྲུན་བྱེད་པ་རྒྱུན་མཐུན་ངང་སྤེལ་བ་དང་། ཀུན་སྤྱོད་འཆད་ཁྲིད་དང་སྤྱི་ཕན་ཆ་འཕྲིན། དཔལ་ཡོན་སློབ་སྟོན། དཔལ་ཡོན་འགྲིམ་འགྲུལ་སོགས་དཔལ་ཡོན་དར་སྤེལ་དང་སྲོལ་བཟང་འཛུགས་པའི་བྱ་འགུལ་ལང་ལོང་གིས་སྤེལ་ཞིང་། གཞན་ལ་སེམས་ཁུར་དང་སྤྱི་ཚོགས་ལ་དོ་ཁུར། རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པའི་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ། དམངས་ཡོངས་ཀྱིས་དཔེ་ཀློག་དང་དམངས་ཡོངས་ཀྱིས་ལུས་སྦྱོང་། ཐང་ཆེན་རིག་གནས། མི་རིགས་གླུ་གར་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྣ་ཚོགས་ སྤེལ།  ལོ་ལྔའི་རིང་ལ་རིམ་པ་སོ་སོ་དང་རིགས་སྣ་ཚོགས་ཀྱི་ཀུན་སྤྱོད་དཔེ་ལེགས་དང་ཉེ་འགྲམ་གྱི་མི་བཟང་པོ་སྟོང་གསུམ་ལྷག་བདམས་ཐོན་བྱུང་བ་དང་། བློ་མཐུན་སྐལ་བཟང་གི་མཛད་རྗེས་དེ་གཏམ་བརྗོད་ཟློས་གར་དང་ཆིན་ཆང་ཟློས་གར་དུ་བཅོས་སྒྲིག་བྱས་ནས། ཐེངས་ཆིག་བརྒྱ་ཉི་ཤུ་ལྷག་འཁྲབ་སྟོན་བྱས་པ་དང་། མཚོ་སྔོན་ཉིང་རྡུལ་མཁར་གྲོང་གི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དྲིལ་སྒྲོག་ཚོགས་པས་ཞིང་ཆེན་ནང་ཁུལ་དུ་སྐོར་སྐྱོད་སྒྲོག་སྦྱོང་ཐེངས་ཉིས་བརྒྱ་དོན་དྲུག་བྱས་ཤིང་། མི་འབུམ་གཅིག་ཁྲི་ལྔ་ཡིས་སྙན་ཞུར་ཉན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི《ཁྱིམ་གྱི་བསླབ་བྱ་དང་ཁྱིམ་གྱི་སློབ་གསོ། ཁྱིམ་དོན།》ཞེས་པའི་དཔེ་ཆའི་ཁྲོད། ཁྱིམ་ཚང་དཀྱུས་མ་སུམ་བརྒྱ་ལྷག་གི་མི་སེམས་འགུལ་བའི་གཏམ་རྒྱུད་ཞིབ་ཏུ་བྲིས་ཡོད་པས། སྤྱི་ཚོགས་ཡོངས་སུ་གྲགས་འགུལ་ཆེན་པོ་བྱུང་། ཞིང་སྡེའི་སྲང་ཤར་དང་སྡོད་ཁུལ་སོགས་གཞི་རིམ་སྡེ་ཁག་ཏུ་སྤྱོད་བཟང་མིག་དཔེ་ཁྱབ་སྤེལ་བྱས་ཏེ། ཧུར་ཐག་གིས་ཉེ་འགྲམ་གྱི་མི་བཟང་པོ་ལེགས་འདེམས་དང་དྲིལ་སྒྲོག  གཟེངས་བསྟོད་བཅས་བྱས། ཀུན་སྤྱོད་དཔེ་ལེགས་ལ་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ། སྐབས་བཞི་བའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཐའོ་ཨུན་ཏི་ལ་འཚིག་རྨས་གསོ་བཅོས་ཀྱི་སྨན་རིན་སྒོར་ས་ཡ་གཅིག་འབུམ་གཉིས་ལྷག་བསྡུ་རུབ་བྱས་ནས། འཚིག་རྨས་གསོ་བཅོས་བྱེད་པར་ཕན་ནུས་ལེགས་པོ་ཐོན་པས། མི་བཟང་ལ་དྲིན་ལན་འཇལ་བའི་རིན་ཐང་ལྟ་བ་ཡོངས་སུ་མངོན་པར་བྱས།

“རང་ཉིད་དང་བླངས་པ་ཞིག་བྱས་ནས་གཅེས་སེམས་དང་ཐུགས་ཁུར་དེ་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས”། སྤྱི་ཚོགས་ཀྱི་དྲང་བདེན་ནུས་སྟོབས་གཅིག་བསྡུས་བྱེད་པའི་དང་བླངས་ཞབས་ཞུ་རེ་རེ་ཡིས་མཚོ་སྔོན་ལ་གསོན་ཤུགས་སྩོལ་གྱིན་ཡོད་ལ། དཔལ་ཡོན་གྱི་ཚད་གཞི་དང་གཅེས་སེམས་ཀྱི་དྲོད་འཁོལ་མཚོན་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱི་ས་ཁུལ་སོ་སོས་ཧུར་ཐག་གིས་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་སྐུལ་སྤེལ་བྱས་པ་དང་། དང་བླངས་པ་བསྡུ་རུབ་དང་ཐོ་འགོད་བྱས་ཏེ། ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དང་བླངས་རུ་ཁག་བཙུགས། མིག་སྔར་ཞིང་ཆེན་ཡོངས་སུ་ཐོ་འགོད་བྱས་པའི་དང་བླངས་པ་མི་འབུམ་གཅིག་ཁྲི་ལྔ་ལས་བརྒལ་ཞིང་། དང་བླངས་ཞབས་ཞུའི་བྱེད་སྒོ་མིང་གྲགས་སྐོར་ཞིག་བསྐྲུན་པ་དང་། ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུ་ལས་གཞི་དང་བྱ་འགུལ་སྣ་ཚོགས་ཀྱིས་དྲོད་ཁོལ་བསྐྱེལ་བ་དང་འཆམ་མཐུན་ལ་ཡར་སྐུལ་བྱས།

དམངས་སེམས་བཟོ་སྐྲུན་གྱིས་དམངས་ལ་ཕན་ཁེ་སྐྲུན། མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གིས2009ལོ་ནས་བཟུང་། ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་གི་ལོ་འཁོར་གྱི་དོན་དངོས་ལས་གཞི་བཅུ་ལག་བསྟར་བྱས་ཏེ། དམངས་ཚིས་ལ་འབྲེལ་བའི་ལས་གཞི་དག་དོན་དངོས་ཀྱི་ལས་གཞིའི་ཁྲོད་བཀོད་པ་དང་། 2017ལོ་ཁོ་ནར་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་གིས་མ་དངུལ་སྒོར་དུང་ཕྱུར་བཞི་བཅུ་ལྷག་ཧྲིལ་བསྡུས་བྱས་ཏེ། ཐུམ་འབུའི་ནད་བརྟག་བཅོས་དང་། གནས་སྐོར་སྤྱོད་ཁང་། ལུས་སྦྱོང་ཐང་ཆེན། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས།

ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པ་དང་། དུས་རབས་ཀྱི་མི་སྣ་གསར་བ་གསོ་སྐྱོང་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སྣ་ཚོགས་སུ་དཔལ་ཡོན་སློབ་ར་གསར་སྐྲུན་བྱེད་སྒོ་སྤེལ་བ་དང་། ཡུལ་ཤུལ་དར་དམར་སློབ་ཆུང་སོགས་སློབ་གྲྭ་གསུམ་ལ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་སློབ་རའི་མཚན་སྙན་ཐོབ། ཕྱོགས་ཡོངས་ནས་ན་གཞོན་ལོ་ཆུང་གི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་རམ་འདེགས་བྱས་ནས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ན་གཞོན་ལོ་ཆུང་གི་བསམ་བློའི་ཀུན་སྤྱོད་སློབ་གསོའི་དྲ་རྒྱ་བཙུགས་པ་དང་། གུང་ཧོ་རྫོང་དང་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས་ལ་རྒྱལ་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་ས་ཁུལ་དང་སྔོན་ཐོན་སྡེ་ཁག་གི་མཚན་སྙན་ཐོབ། “ང་ཚོའི་དུས་ཆེན”དང“ཡ་རབས་སྤྱོད་བཟང་གི་མི་ཞིག་བྱེད་པའི”བྱ་འགུལ་དེ་ནང་དོན་གཙོ་བོར་བརྩིས་ནས། ན་གཞོན་ལོ་ཆུང་གི་ཁྲོད་ཧུར་ཐག་གིས་དཔལ་ཡོན་སྤྱི་ཕན་འཕྲིན་ཐུང་བརྒྱུད་སྤྲོད་དང་ཀྲུང་ཧྭའི་བརྩམ་ཆོས་གྲགས་ཅན་ཀློག་འདོན། ཕུལ་བྱུང་བྱིས་གླུ་གསར་རྩོམ། བྱིས་བློ་ཏང་ལ་ཕྱོགས་པའི་གླུ་ལེན་འཁྲབ་སྟོན། རྒྱལ་དར་ལ་གུས་འདུད་ཞུ་བ། དྲ་ཐོག་ནས་མིང་འགོད་ཞལ་གདམས་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཕུན་སུམ་ཚོགས་པའི་བྱ་འགུལ་ཁྲོད་ནས་རྒྱ་ཆེའི་ན་གཞོན་ལོ་ཆུང་ལ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོར་དུ་བཅུག་པ་དང། བསམ་བློའི་ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱས།

དྲོད་སྐྱིད་ལྡན་པའི་བྱ་འགུལ་རེ་རེ་ཡིས་མཚོ་སྔོན་གྱི་རིགས་སོ་སོའི་བུ་ཕྲུག་དག་གི་སེམས་སུ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་ཞིང་།  ཁོ་ཚོ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་བའི་ནང་རང་རྟོགས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཀྱི་དད་མོས་མཁན་དང་ཧུར་བརྩོན་གྱི་བརྒྱུད་སྒྲོག་མཁན། དཔེ་སྟོན་གྱི་ལག་ལེན་མཁན་བཅས་བྱེད་པར་ཡང་སྣེ་ཁྲིད་བྱེད་ཀྱིན་ཡོད། །

རིག་གནས་དར་སྤེལ་དང་མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་འཚོ་བའི་རེ་སྒུག་གསར་བ་བསྐངས།  “ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ཚེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ”།

“སྤྱི་ཁྱབ་ཧྲུའུ་ཅིས་མང་ཚོགས་ལ་གཏམ་བཟང་བསྒྲགས་ཡོང་བ་སྟེ། ཁོང་གིས་བཏོན་པའི‘ཏན་ཏན་ཏིག་ཏིག་བཞི’ཧ་ཅང་གལ་ཆེ་ལ། གསུང་བཤད་རེ་རེ་ཡིས་མི་སེམས་ལ་དྲོད་འཁོལ་སྦྱིན་པ་དང་། ཁོང་གིས་ང་ཚོ་མང་ཚོགས་ལ་རེ་བ་གསར་བ་མཐོང་དུ་བཅུག་བྱུང་།” རི་གླུ་ལེན་མཁན་གྲགས་ཅན་མཱ་ཅོན་གྱིས་བླངས་བའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད》ཅེས་པའི་རི་གླུ་དེས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་“ ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་བཞིན་པ་དང་། ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ ཞིག་བྲིས་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས།

“འགྲེམ་སྟོན་ལ་བལྟ་བ་དང་འཁྲབ་སྟོན་ལ་བལྟ་བ། དཔེ་མཛོད་ཁང་དུ་འགྲོ་བ་བཅས་རང་ཁྱིམ་གྱི་སྒོ་ཁར་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ལོངས་སུ་སྤྱོད་ཐུབ་པ་དེས། ང་ཚོ་མང་ཚོགས་སྤྲོ་སྣང་གིས་ཁེངས་པར་བྱས། ”2016ལོར། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་གནད་སའི་རིག་གནས་དམངས་ཕན་བཟོ་སྐྲུན་སྟེ་ཞིང་ཆེན་དཔེ་མཛོད་ཁང་དང་ཞིང་ཆེན་རིག་གནས་ཁང་། ཞིང་ཆེན་མཛེས་རྩལ་ཁང་བཅས་དངོས་སུ་སྤྱི་དམངས་ལ་རིན་མི་ལེན་པར་སྒོ་ཕྱེས་པས།  བསམ་པའི་རིག་གནས་འཚོ་བར་ལོངས་སུ་སྤྱོད་པ་དེ་རིམ་བཞིན་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་ཁྲོད་ཀྱི་དར་སྲོལ་ལེགས་པོ་ཞིག་ཏུ་གྱུར།

རིག་གནས་དམངས་ཕན་གྱི་རྣམ་པ་ཉིན་བཞིན་ཕུམ་སུམ་ཇེ་ཚོགས་སུ་གྱུར། 《དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིག་གནས་འཕེལ་རྒྱས་འཆར་འགོད》གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། འཛུགས་སྐྲུན་གྱི་ཚད་གཞི་དང་ལས་འགན་གསལ་བོར་བྱས་པ་དང་། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་སྙོམས་མཚུངས་ཅན་ཏུ་སྐུལ་འདེད་བཏང་། སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་སོགས་བཟོ་སྐྲུན་ལག་བསྟར་བྱས་ཏེ། གཞི་རིམ་གྱི་རིག་གནས་ཞབས་ཞུའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི“མཇུག་མཐའི་སྤྱི་ལེ་གཅིག”གི་རྣམ་པ་གསར་གཏོད་བྱས། ཞང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད། རྒྱང་སྒྲོག་བརྙན་འཕྲིན་སོགས་ཁྱིམ་ཚང་རེ་རེར་ཐོན་པའི་བཟོ་སྐྲུན་དང་། བོད་ལྗོངས་དང་ཞིན་ཅང་སོགས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱང་སྒྲོག་བརྙན་འཕྲིན་ཁེབས་པའི་བཟོ་སྐྲུན།  རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱེལ་བ། ཞིང་བའི་དཔེ་ཁྱིམ། དགོན་པའི་དཔེ་ཁང་། སྤྱི་པའི་གློག་རྡུལ་དཔེ་ཀློག་ཁང་། གཞི་གྲངས་དཔེ་མཛོད་ཁང་། གྲངས་ཉུང་མི་རིགས་གསར་འགྱུར་དཔེ་སྐྲུན་གྱི“ ཤར་རླུང་བཟོ་སྐྲུན”སོགས་རིག་གནས་དམངས་ཕན་བཟོ་སྐྲུན་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ་དང་། དཔེ་མཛོད་ཁང་དང་རིག་གནས་ཁང་། རྟེན་མཛོད་ཁང་། ཞང་གྲོང་རིག་གནས་ས་ཚིགས་བཅས་རིན་མི་ལེན་པར་སྒོ་འབྱེད་པའི་བྱ་བ་བདེ་བླག་ངང་སྤེལ་ནས། ཞིང་ཆེན་ཡོངས་སུ་རིན་མི་ལེན་པར་སྒོ་འབྱེད་བྱས། “ཟློས་གར་ཞིང་སྡེར་བསྐྱེལ་བ”སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་ཁྱབ་ཆེ་ཞིང་གཏིང་ཟབ་ཏུ་སྤེལ་ཏེ། མཁར་གྲོང་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཕུལ་བྱུང་རིག་རྩལ་བརྩམས་ཆོས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།གཞོན་བྱིས་ཅིན་ཅུས་ཟློས་གར《བོད་གཙོད》དང་མི་རིགས་གླུ་གར《རེབ་གོང་མཚར་ཉམས》གཉིས་སོ་སོར་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་རྩེ་གྲས་བཟོ་སྐྲུན་གྱི་གཙོ་གནད་ཟློས་གར་རྣམ་གྲངས་ནང་བདམས་ཐོན་བྱུང་བ་དང་།རྩལ་རྩེད་ཟློས་གར《གསའ་ཡི་རྒྱལ་སྲས》དང་བོད་ཀྱི་རྣམ་ཐར《སྲོང་བཙན་སྒམ་པོ》ཞབས་བྲོའི་ཟློས་གར《ཐང་ཀ》ཕིན་རྒྱུད་ཟློས་གར《གསེར་དངུལ་ཐང་དུ་བརྒྱུས་པའི་རྣམ་ཤེས》བྱིས་པའི་རྩལ་རྩེད་ཟློས་གར《སྤྱང་གྲུང་ལྡན་པའི་དམག་འཐབ་རུ་ཁག》བྱིས་པའི་ཟློས་གར《གངས་ལྷ་མེ་ཏོག་བཞད་སོང》སོགས་ལ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་ཀྱིས་རྒྱབ་སྐྱོར་ཐོབ། དཔེ་དེབ《མཚོ་སྔོན་གྱི་གཞི་སྡོད་གྲངས་ཉུང་མི་རིགས་ཀྱི་གཞོན་བྱིས་སྒྲུང་རིང་དཔེ་ཚོགས》དང《ནུབ་ཕྱོགས་ནི་གསེར་ར་ཡིན།》《མེ་ཏོག་ཅིའི་ཕྱིར་འདི་འདྲའི་དམར་པ་ལ།》《ཡུལ་ཤུལ་གྱི་སྐྱེ་འཆི་དེབ་ཐེར།》སོགས་ལ་ཀློག་པ་པོས་གདེང་འཇོག་བཟང་པོ་ཐོབ། གློག་བརྙན《མཁའ་དབྱིངས》ལ་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་ཐོབ་པ་དང་།《ཕྱག་མེད་སློབ་དཔོན》དང《ཚེ་ལོའི་མཚོ་སྔོན་པོ།》《ཁྱི་རྒན།》《དབུས་ལམ་གྱི་ཉི་མ》བཅས་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་གློག་བརྙན་དུས་ཆེན་ཁྲོད་བྱ་དགའ་ཐོབ་པ་རེད།

འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་རྐང་འཛུགས་པ་བརྗོད་དོན་ཡིན་པའི་ལག་ལེན་བྱ་འགུལ་དང་ཀྲུང་གོའི་ཕུགས་འདུན་བརྗོད་དོན་ཡིན་པའི་རིག་རྩལ་གསར་རྩོམ་གཉིས་ཀྱི་ལེགས་ཆ་ཟུང་འབྲེལ་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ།ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱེད་པ་དཀྱིལ་སྙིང་ཡིན་པའི་ལས་ཚན་ལ་དམ་པོར་དམིགས་པ་དང་།ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་དུས་རབས་ཀྱི་བརྗོད་དོན་འདིར་དམིགས་ནས་རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་དང་མཐུན་སྒྲིལ་བྱས་ཏེ་འཚོ་བར་ཟབ་ཞུགས་བྱས་ལ། གསར་རྩོམ་དང་གསོན་ཉམས་ལྡན་པའི་རྒྱུ་ཆ་སྔོག་འདོན་བྱས་ཏེ་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་པར་ཁྲིད་སྟོན་བྱས།《མཚོ་སྔོན།ང་ཡི་ཕ་གཞིས》དང《སྐལ་བཟང་གི་མཛད་རྗེས།》《ཀྲུང་གོའི་ཕུགས་འདུན།མཚོ་སྔོན་གྱི་གཏམ་རྒྱུད།》《མྱ་ངམ་ཐང་དུ་ཕུགས་འདུན་སྙེགས་པ།》《ཐང་ཀ》སོགས་བརྩམས་ཆོས་གྲགས་ཅན་མང་པོ་གསར་རྩོམ་བྱས་ཏེ་སྤྱི་ཚོགས་སྟེང་ཚུར་སྣང་དྲགས་པོ་བྱུང་། བསྟུད་མུར་ལོ་བཞིའི་རིང་ལ་རྩ་འཛུགས་བྱས་པའིཀྲུང་གོའི་ཕུགས་འདུན།མཚོ་སྔོན་གྱི་གཏམ་རྒྱུདཅེས་པའི་རྩོམ་བསྡུ་བྱ་འགུལ་སྤེལ་བ་དེར་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལ་མོས་པ་ཡོད་མཁན་དག་གིས་དགའ་བསུ་དང་རྒྱབ་སྐྱོར་ཐོབ།

ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། ཡུལ་ཤུལ་ས་འགུལ་གནོད་འཚེ་རྗེས་ཀྱི་རིག་གནས་དངོས་རྫས་ལ་མྱུར་སྐྱོབས་རང་བཞིན་གྱི་སྲུང་སྐྱོབས་དང་སླར་གསོ་བྱེད་པ་དེ་བདེ་བླགས་ངང་ལེགས་གྲུབ་བྱུང་། ཞིང་ཆེན་ཡོངས་སུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་དཀར་ཆག་དུ་ལས་གཞི་ལྔ་ཚུད་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་ནང་ལས་གཞི་དོན་གསུམ་དང་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་མི་སྣ་ང་བདུན་ཚུད། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གསུམ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཐོན་སྐྱེད་སྲུང་སྐྱོབ་རྟེན་གཞི་ལྔ་བཅས་དང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་བཞི་ཡི་གཟུགས་འདས་ཤུལ་བཞག་དཀར་ཆག་སྲུང་སྐྱོབ་མ་ལག་ཕལ་ཆེར་འཛུགས་སྐྲུན་བྱས་ཟིན།

རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། “དཀྱིལ་སྙིང་གཅིག་དང་ས་ཁུལ་ལྔ”ཡི་རིག་གནས་ཐོན་ལས་སྤྱིའི་རྣམ་པ་ཕལ་ཆེར་ཆགས་པ་དང་། བོད་ཀྱི་རིག་གནས་སྒྱུ་རྩལ་དང་བོད་ལུགས་ས་གདན། གསེར་དངུལ་རྒྱན་ཆ། ཁུ་ནུའི་གཡང་ཊི་བཅས་ནི་རང་ཞིང་གི་བཟོ་རྩལ་མཛེས་རྩལ་གྱི་འདེགས་སྐྱོར་ཆེན་པོ་བཞི་རུ་གྱུར་ཡོད། ཐང་ག་དང་ཁུ་ནུ་གཡང་ཊི། མི་རིགས་གཙགས་དྲུབ། རྡོ་བརྐོས་སོགས་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་ཐོན་ལས་རང་བཞིན་གྱི་ཐོན་སྐྱེད་རྣམ་པ་མངོན་འགྱུར་བྱུང་ཞིང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་བརྒྱད་ཅུ་བཙུགས་ནས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་ཚོང་རྟགས་གྲགས་ཅན་ཉེར་གསུམ་གཉེར་སྐྱོང་བྱས་པ་དང་། དེའི་ནང་དུ་སྐུ་འབུམ་གྱི“པད་མ་འདབ་བརྒྱད”ཀྱི་བཟོ་རྩལ་ཐོན་རྫས་དང་། བོད་ལུགས་ས་གདན། པུ་ཧ་ལའི་མི་རིགས་གྱོན་ཆས། པའོ་ཀོང་གསེར་དངུལ་རྒྱན་ཆ་བཅས་ཀྲུང་གོའི་མིང་གྲགས་ཆེ་བའི་ཚོང་རྟགས་སུ་བདམས། གཞི་ཁྱོན་ཅན་གྱི་རིག་གནས་ཁེ་ལས་ཞེ་བརྒྱད་དུ་བསླེབས་པ་དང་། དེའི་ནང་མི་སྣ་འབུམ་གསུམ་ལྷག་ལས་ཞུགས་བྱས་ཡོད།

འཛམ་གླིང་ལ་མཛེས་སྡུག་མཚོ་སྔོན་གྱི་སྣང་བརྙན་ཞིག་མངོན་པར་བཀྲམ།

མཚོ་སྔོན་གླེང་མ་ཐག མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། སྐུ་འབུམ་དགོན་པ། ཀྲུང་ཧྭའི་ཆུ་མཛོད། གཙོད། དབྱར་རྩྭ་དགུན་འབུ་སོགས་ནི་མཛེས་སྡུག་མཚོ་སྔོན་གྱི་མཚོན་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཟླ་དགུ་བའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་ཕྱོགས་བསྡུས་འཕྲིན་ལམ། ཀྲུང་དབྱང་བརྙན་འཕྲིན་དྲ་བ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི《ཀྲུང་གོའི་པར་དེབ》ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པའི་མཉམ་འབྲེལ་འགུལ་སྐྱོད་ཟི་ལིང་ནས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན། ཀྲུང་དབྱང་བརྙན་འཕྲིན་ཁང་ཕྱོགས་བསྡུས་འཕྲིན་ལམ་ལེ་ཚན་གྱི་ཀྲུའུ་རིན་བུའུ་ཞའོ་པིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་རིན་ཡོང་ལུའུ། གློག་བརྙནཉིན་དོན་བདུནགྱི་འཁྲབ་ཁྲིད་པ་ཀྲའོ་ཧན་ཐང་སོགས་ཀྱིས་ཐུན་མོང་གིས་པར་དེབ་ཀྱི་གཏམ་རྒྱུད་རྒྱས་བཤད་བྱས་ནས། བྱ་འགུལ་མགོ་བརྩམས་པ་བདེན་དཔང་བྱས། དྲ་རྒྱའི་ཐད་གཏོང་བརྒྱུད་ནས་དྲ་གྲོགས་རྣམས་ཀྱིས་མི་རབས་རེ་རེའི་མཚོ་སྔོན་པས་རང་གི་ཚེ་སྲོག་ལ་བརྟེན་ནས་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་བསྟོད་བསྔགས་ཕུལ།

སྐུལ་སློང་མཉམ་ལས་ལ་བརྟེན་ནས་མཚོ་སྔོན་དྲིལ་སྒྲོག་བྱས། “ཀྲུང་གོའི་དབུལ་སྐྱོར་མཁྲེགས་གཏོར་མཚོ་སྔོན་དུ་བསྐྱོད་པདང་། 2016ལོའི་ཀྲུང་གོར་བསྐྱོད་པ་ཞེས་པའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་བྱད་མཚོ་སྔོན་དུ་བསྐྱོད་པ། ཁུ་ནུ་རི་བོར་བསྐྱོད་པ་སྟེ་མཚོ་འགག་འགྲམ་གཉིས་དང་ས་ཁུལ་བཞིའི་གཙོ་རྒྱུག་སྨྱན་བྱད་མཚོ་སྔོན་དུ་བསྐྱོད་པ།” རྒྱལ་ཁབ་ཕྱི་ནང་གི་པར་མཁན་ཆེན་པོའི་མཛེས་སྡུག་མཚོ་སྔོན་གྱི་པར་ལེན་འཚོལ་བསྡུ། ཀྲུང་གོའི་དབུལ་སྐྱོར་མཁྲེགས་གཏོར་མཚོ་སྔོན་དུ་བསྐྱོད་པ། མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་ཏེ། 2017སྨྱན་བྱད་ཚོགས་པ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ། ཕྱི་རྒྱལ་གྱི་ཕྱི་འགྲིམ་སློབ་མ་ཀྲུང་གོའི་ནུབ་རྒྱུད་འགྲིམ་པ་སྟེ་མཚོ་སྔོན་དུ་བསྐྱོད་པ། 2018ལོའི་ཁ་མཱེ་ལུང་གི་གསར་འགྱུར་སྨྱན་བྱད་ཀྱི་འགན་འཁྲི་མི་སྣའི་ཞིབ་འཇུག་དང་གསོ་སྦྱོང་འཛིན་གྲྭས་ཀྲུང་གོ་ལ་ལྟ་བ་ཞེས་པའི་ཕྱི་རྒྱལ་གྱི་ན་གཞོན་གྱི་བརྙན་རིས་འཆར་བཀོད། རྒྱའི་རིག་གནས་དང་དེང་རབས་ཀྲུང་གོའི་རིག་གནས་བརྗེ་རེས་སོགས་བྱ་འགུལ་བརྒྱུད་ནས། ལོ་རེར་ཆ་སྙོམས་ཀྱིས་རྒྱལ་ཁབ་ཉི་ཤུ་ལྷག་གི་སྨྱན་བྱད་སྡེ་ཁག་བཅུ་ལྷག་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་དང་ཞིང་ཆེན་གྱི་སྨྱན་བྱད་སྣ་ཚོགས་བྱ་འགུལ་ལ་ཞུགས། དེ་དང་མཉམ་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྒྲུབས་པའི་ཨ་ཧྥེ་རི་ཁ་གླིང་གི་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་གསར་འགྱུར་དང་གསར་འགོད་པའི་ཞིབ་འཇུག་དང་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་དུ་ཡོང་ནས། ལྟ་ཞིབ་དང་འཚམས་འདྲི་བྱེད་པའི་བྱ་འགུལ་སྟེང་ཧུར་བརྩོན་ཆེན་པོས་མཉམ་འབྲེལ་བྱས་ཏེ། རང་ཞིང་གིས་ཨ་ཧྥེ་རི་ཁ་གླིང་གི་གསར་འགྱུར་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བྱས། ལོ་ལྔའི་རིང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་སྨྱན་བྱད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། བཅར་འདྲི་དང་པར་ལེན་བྱ་འགུལ་སྣ་ཚོགས་སྐབས་ཐེངས་བཅུ་ལྷག་སྤེལ། ”

མཛེས་པའི་མཚོ་སྔོན་གྱི་སྙན་གྲགས་དང་ཟོང་རྟགས་ཀྱི་ཁྱད་སྟོབས་བེད་སྤྱོད་ལེགས་པོ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་མཉམ་ལས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་བཏང་། “མཚོ་འགག་འགྲམ་གཉིས་ཀྱི་བརྩེ་སེམས་གཅིག་ཏུ་བཅངས། སེམས་པ་གཅིག་ཏུ་སྦྲེལ། མཚོ་སྔོན་གྱི་རི་གླུའི་འཁྲབ་སྟོན་འདུ་ཚོགས། ཀྲུང་གོའི་མཚོ་སྔོན་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན། ཀྲུང་གོའི་ཚོར་འདུ། མཛེས་པའི་མཚོ་སྔོནསོགས་པར་རིས་དང་ཐང་ག  བོད་ཀྱི་ས་གདན། དངོས་བཤུས་གློག་བརྙན། མི་རིགས་ཀྱི་གླུ་གར་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས།  རིམ་པ་མི་འདྲ་བ་དང་ཟུར་མང་པོ་ནས་ཀྲུང་གོའི་མཚོ་སྔོན་གྱི་རང་བྱུང་མཛེས་སྡུག་གི་རྣམ་པ་དང་མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་མངོན་པར་བསྟན། ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོབ་མཚམས་སྦྱོར་བྱས་ཏེ། མཚོ་སྔོན་གྱི་ཉེ་བའི་ལོ་འགའི་རིང་གི་དཔལ་འབྱོར་སྤྱི་ཚོགས་དང་རིག་གནས་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་མཚོན་པར་བྱས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འབུར་ཐོན་བྱས་རྗེས་དྲིལ་སྒྲོག་བྱས་ནས། ཕྱི་ཕྱོགས་སུ་མཚོ་སྔོན་གྱི་འབོད་སྐུལ་བརྒྱུད་སྒྲོག་དང་མཚོ་སྔོན་གྱི་གནས་བབ་བཟང་བོ་འགྲེམ་སྟོན་བྱེད་པ། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་བརྗེ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ལ་དགེ་མཚན་ཆེན་པོ་འདོན་སྤྲོད་བྱས།

དུས་རབས་གསར་བའི་རྣམ་པ་གསར་བར་འབོད་སྐུལ་གཏོང་བ་དང་། རྒྱང་བསྐྱོད་གསར་བའི་བྱེད་སྟངས་གསར་བ་བསྐྲུན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་བགྲེང་སྟེ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། རང་རྟོགས་སྒོས་དར་ཆ་བསྒྲེངས་པ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ། མི་སྣ་གསར་བ་གསོ་སྐྱོང་བྱེད་པ། རིག་གནས་དར་རྒྱས་སུ་གཏོང་བ། སྣང་བརྙན་གསར་བ་བསྐྲུན་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་ཁུར་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་བྱེད་སྟངས་གསར་བ་བསྐྲུན་པ་དང་། དུས་རབས་གསར་བའི་རང་རློམ་གྱི་བསམ་པ་དང་རང་རྟོགས་རང་བཞིན་ཡར་སྐུལ་བཏང་སྟེ། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་ཏུ་གཏང་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་མཚོ་སྔོན་གསར་བའི་རྒྱལ་ཁ་གསར་བ་ལེན་པར་བློ་སྤོབས་ཆེན་པོ་འདོན་སྤྲོད་བྱས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་རིག་གནས་དྲིལ་སྒྲོག་གི་ལེའུ་གསར་བ་འབྲི་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད། ཨ་བརྟན་རྒྱལ།