གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་རྟོན་ནུས་པ་མཐོར་འདེགས་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རླབས་ཆེན་ལེའུ་འབྲི། 
2018.11.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྤྱི་བསྡོམས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་ནས། གཙོ་རྒྱུགས་གླེང་ཕྱོགས་བསམ་བློ་སྟོབས་ལྡན་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་རྟོན་ནུས་པ་བཅས་མཐོར་འདེགས་གཏོང་བ་གནད་སར་བཟུང་སྟེ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ་དང“སྔོན་འགྲོ་གཅིག་དང་སྤུས་ལེགས”གཉིས་ཧུར་ཐག་གིས་སྐུལ་འདེད་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྟོབས་ཤུགས་འདོན་པར་ནུས་ཡོད་སྒོས་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་བདེན་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཁ་ཕྱོགས་གསལ་བོ་ཡིན་ཚེ། ད་གཟོདའགུལ་སྤྱོད་ཀྱི་ནུས་ཤུགས་ལྡན།  ཁ་ཕྱོགས་སྟོན་ན་ད་གཟོད་དྲང་ནུས་ལྡན། ཉེ་བའི་ལོའི་ནང་། ཞིང་ཆེན་ཡོངས་ཀྱི་སྨྱན་བྱད་སོ་སོ་དང་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་སྟོབས་ལྡན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ཏང་གི་གསུང་སྐད་བརྒྱུད་སྤྲོད་བྱས།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་པ་ནི་མཚོ་སྔོན་འཕེལ་རྒྱས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་རྡོ་རིང་ཞིག་བཞེངས་པ་ཡིན། ཞིང་ཆེན་གྱི་སྨྱན་བྱད་སྡེ་ཁག་གཙོ་གྲས་ཀྱིས་མགྱོགས་མྱུར་འགུལ་སྤྱོད་སྤེལ་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཞེས་པ་སྟེ། ༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བའི་དངོས་བྲིས།༽སོགས་ཕྱོགས་བསྡུས་གནས་ཚུལ་འགོད་པར་སྐུལ་འདེད་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོན་བྱེད་ཀྱི་ས་ཆ་སོ་སོར་བརྒྱུད་སྤྲོད་བྱས་ནས། “ཏན་ཏན་ཏིག་ཏིག་བཞིའི”་བླང་བྱ་གལ་ཆེན་དོན་འཁྱོལ་ཡོང་བར་བྱས།

ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་པར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་མགོ་བརྩམས། ཚོགས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་བྱ་བར་ཞུགས་པའི་གསར་འགོད་པ་རྣམས་ཀྱིས་དུས་ཚོད་མགྱོགས་ཤོས་ཀྱི་ནང་ཚོགས་ཆེན་གྱི་གནས་ཚུལ་དང་ཚོགས་འདུའི་དགོངས་དོན་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱས། “དུས་ཐོག་ཏུ་གསུང་སྐད་བརྒྱུད་སྒྲོག་བྱེད་རྒྱུ་ནི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་གི་འོས་འགན་ཡིན། ”ཞེས་ཚོགས་ཆེན་དྲིལ་སྒྲོག་བྱ་བར་ཞུགས་པའི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཞུའེ་ཅིན་གྱིས་གསར་འགོད་པའི་བསམ་ཚུལ་བཏོན།

ད་ལོ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་རེད། ཞིང་ཆེན་ཡོངས་ཀྱི་སྨྱན་བྱད་སྡེ་ཁག་སོ་སོས་གཅིག་མཐུན་ངང“བརྗིད་ཆགས་རྦ་རླབས་ཤར་དུ་འཕྱུར། དུས་རབས་གསར་བའི་ཀློང་ཡངས་གཅོད་ཞེས་པ་སྟེ། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ”དང“བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བ”སོགས་བསྟུད་འགོད་ཆེད་སྒྲིག་ལེ་ཚན་མང་པོ་སྤེལ་ནས་ མཚོ་སྔོན་གྱི་པར་རིས་རེ་རེ་དང་གྲངས་ཀ་རེ་རེ། རེའུ་མིག་རེ་རེས་ཀྲུང་གོ་གསར་བའི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་མཚར་སྡུག་མངོན་པར་བྱས།

ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སྟེ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་མཚོ་སྔོན་གྱི་སྲིད་ཇུས་བརྒྱུད་སྤྲོད་བྱེད་པ།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་གཙོ་བོས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི“ལྔ་བཞིའི་འཐབ་ཇུས།” “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ནུས་ཤུགས་ཡོད་དགུས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་དང་དབུལ་སྐྱོར་མཁྲེགས་གཏོར། སྐྱེ་ཁམས་དཔལ་ཡོན་སོགས་བྱ་བཞག་གཙོ་བོའི་གྲུབ་འབྲས་གསར་བ་དྲིལ་སྒྲོག་བྱེད་པ་དང་། ནུས་ཤུགས་ཡོད་དགུས་མཚོ་སྔོན་ཚོང་ཚོགས་དང་མཚོ་བསྐོར་ལྕགས་རྟ་འགྲན་རྒྱུགས། བོད་ལུགས་ས་གདན་འགྲེམ་ཚོགས་སོགས་བྱ་འགུལ་གཙོ་བོའི་ཐད་ཀྱི་གྲུབ་འབྲས་གསར་བ་དྲིལ་སྒྲོག་བྱེད་པ། ནུས་ཤུགས་ཡོད་དགུས་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། བང་ཁྲིན་ཡོན། རྒྱ་མཚོ་སོགས་སྔོན་ཐོན་གྱི་དཔེ་སྟོན་མི་སྣའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དྲིལ་སྒྲོག་བྱེད་པ། ནུས་ཤུགས་ཡོད་དགུས་ཏང་གི་མང་ཚོགས་ལམ་ཕྱོགས་དང་། “གཟབ་ནན་གསུམ་དང་དོན་དམ་གསུམ།” “སློབ་པ་གཉིས་དང་བྱེད་པ་གཅིག”སོགས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་དང་། གསར་འགྱུར་ཆེད་དོན་ལེ་ཚན་གལ་ཆེན་སྐོར་ཞིག་སྤེལ་བར་མ་ཟད། གོ་བདེ་ཞིང་གསོན་ཉམས་ལྡན་པའི་སྐད་ཆས“མཚོ་སྔོན་གྱི་གཏམ་བརྒྱུད”བརྗོད་དེ། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས།

ཉིས་སྟོང་བཅོ་ལྔ་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཞིའི་རིང་ལ“མཚོ་སྔོན་པོའི་གསེར་ཉ་ཕྱིར་རྒྱུ།”ཞེས་པའི་ཐད་གཏོང་ལེ་ཚན་ཆེ་གྲས་སྤེལ་བར་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག མཚོ་སྔོན་པོ། མདོ་ལ་རི་བོ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་དྲིལ་སྒྲོག་གཏིང་ཟབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཙོ་བོ་འགྲེམ་སྟོན་ལེགས་པོ་བྱས་པས། མི་རྣམས་ལ“ལྗང་མདོག་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”་འདུ་ཤེས་བརྟན་པོ་ཆགས་པར་བྱས།

རྒྱལ་སར་ཐེངས་གཅིག་བསྐྱོད་པ་མི་ཚེ་གཅིག་གི་རྒྱལ་གཅེས་འདུན་མ་ཡིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང༼བདེན་འཚོལ༽དུས་དེབ་ཁང་གཉིས་ཀྱིས་བསྟུད་མར་ལོ་བཞིའི་རིང་ལ་རྫ་སྟོད་རྫོང་གི་ཕུལ་བྱུང་སློབ་མ་བརྒྱ་དང་བརྒྱད་ཅུ་ལྷག་རྩ་འཛུགས་བྱས་ནས་གཞི་རིམ་ནས་ཆས་ཏེ་རྒྱལ་སར་བསྐྱོད། “དགའ་ཞེན་གསུམ”གྱི་བྱ་འགུལ་རྒྱ་བསྐྱེད་པ་དེ། གསར་འགོད་པས་རྗེས་འདེད་གནས་ཚུལ་དང་སྨྱན་བྱད་ཀྱི་ཁྱབ་ཆེ་བའི་དྲིལ་སྒྲོག་བརྒྱུད།“ཁ་འབྲལ་མི་ཐུབ་པ་གསུམ”དང“མོས་མཐུན་ལྔ” “བཟང་བོ་གསུམ”གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་ནུས་ལྡན་འདྲེན་བྱེད་དུ་གྱུར་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་བསྐྲུན་པར་ནུས་ཡོད་སྒོས་སྐུལ་འདེད་བྱས།

སྨྱན་བྱད་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་བྱས་ཏེ། མཉམ་འདྲེས་ཀྱི་བྱ་བཞག་ལེགས་པོར་བསྒྲུབ་དགོས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་གཙོ་བོས“སྤོ་འགུལ་སྔོན་ཐོབ”ལ་རྐང་བཙུགས་ནས། མཉམ་འབྲེལ་དྲ་བའི་བསམ་གཞིགས་ལ་ཤུགས་སྣོན་གྱིས་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བའི་ལེགས་ཆ་ཕན་ཚུན་གསབ་རེས་བྱེད་པ་དང་། དངོས་ཡོད་སྟོབས་ཤུགས་དང་བརྒྱུད་སྒྲོག་ནུས་པ། ཤུགས་རྐྱེན་ནུས་པ་ལྡན་པའི་རྣམ་པ་གསར་བའི་སྨྱན་བྱད་སྟེགས་བུ་སྐོར་ཞིག་བཏོན་པས། སྨྱན་བྱད་མཉམ་འདྲེས་ཀྱི་ཚད་སྔར་ལས་མཐོར་འདེགས་བྱུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་གླེང་ཕྱོགས་གནས་སྟངས་དང་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་སོང་།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་སྨྱན་བྱད་གཙོ་བོའི་ཁུངས་གཏོགས་ཀྱི་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་གསལ་བ། ལག་མཐིལ་གྱི་མཚོ་སྔོན་སོགས་སྤོ་འགུལ་མགྲོན་སྣེ་གཙོ་བོའི་རྒྱབ་སྐྱོར་བྱེད་མཁན་བསྡོམས་པས་མི་གྲངས་ས་ཡ་གཅིག་གི་ཡན་ལ་སླེབས་པ་དང་། བོད་སྐད་ཀྱི་སྨྱན་བྱད་གསར་བའི་ཉིན་རེར་ཀློག་གྲངས་འབུམ་ལྔའི་ཡན་དུ་སླེབས་པས། སྨྱན་བྱད་མཉམ་འདྲེས་ཀྱི་ཕན་ནུས་ཉིན་བཞིན་མངོན་གསལ་ཡིན་ལ། ཤུགས་རྐྱེན་ཐེབས་ཚད་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར། སྨྱན་བྱད་མཉམ་འདྲེས་ཁྲོད་ཀྱི་ལེ་ཚན༼མཚོ་སྔོན་གྱི་ཆེད་དུ་ཤུགས་རྒྱོབས༽ཞེས་པར་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་སྨྱན་སྦྱོར“སྤོ་འགུལ་སྔོན་ཐོབ”དབུ་ཚོགས་ཀྱི་སྨྱན་བྱད་མཉམ་འདྲེས་གསར་གཏོད་ལས་གཞིའི་ཨང་དང་པོ་ཐོབ་པ་དང་། ༼སོག་ཡུལ་གྱི་བུ་རྒོད་པོ༽ཅེས་པའི་གློག་བརྙན་ཐུང་གྲས་ལ་རྒྱལ་ཡོངས་སྐབས་དང་པོའི་ཚགས་པར་ལས་རིགས་ཀྱི་གློག་བརྙན་ཐུང་གྲས་འགྲན་བསྡུར་ཁྲོད་ཕུལ་བྱུང་གསར་རྩོམ་བྱ་དགའ་ཐོབ། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་དུག་གཅོད་པ་བརྗོད་གཞི་བྱས་པའི་གློག་བརྙན་ཐུང་གྲས༼འཁྱགས་ཞུ༽ཞེས་པར་ཞིང་ཆེན་ཕྱི་ནང་དུ་ཚུར་སྣང་དྲག་པོ་བྱུང་།

“ད་ལྟ། ‘ཀྲུང་གོ་བོད་ཀྱི་དྲ་བ’དང‘གངས་ལྗོངས་མེ་ལོང’སོགསAPPབརྒྱུད། རང་ཉིད་དགའ་སའི་བོད་སྐད་ཀྱི་ལེ་ཚན་གང་མང་ཞིག་ལ་ཉན་ཐུབ་ཅིང་། ཆེས་གསར་བའི་བོད་སྐད་ཀྱི་ཆ་འཕྲིན་ལ་ལྟ་ཐུབ་པ་དེས། ང་ཚོ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྟབས་བདེ་མི་ཉུང་བ་ཞིག་བསྐྲུན་ཡོད།”ཅེས་ཕ་ཡུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐོག་ཏུ་ཡོད་པའི་རྡོ་རྗེ་མཁར་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་དམ་པོར་བཅངས་སྟེ། བརྩེ་བ་རྣལ་མས་མི་དམངས་མང་ཚོགས་འབྲི་དགོས།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས“བསྐྱོད་བསྒྱུར་བཅོས་གསུམ”ལག་ལེན་བྱེད་པ་དང་། “ཉེ་བར་བཅར་བ་གསུམ”རྒྱུན་འཁྱོངས་བྱས་ཏེ། “མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་མཐའ་མཚམས་ས་ཁུལ་དུ་བསྐྱོད་པ”ཧུར་ཐག་གིས་སྤེལ་བ་དང“དགུན་དུས་མཚོ་བོད་གཞུང་ལམ་དུ་བསྐྱོད་པ”། “གཙང་གསུམ་འབྱུང་ཡུལ་དུ་བསྐྱོད་པ”སོགས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་མང་པོ་སྤེལ་བ་དང་། དུས་རབས་གྱི་འཕེལ་འགྱུར་སེམས་ཀྱིས་མྱངས་ཤིང་། དུས་རབས་ཀྱི་འཕོ་འགྱུར་གོམ་པས་འཇལ། ཞིང་ཆེན་གྱི་སྨྱན་བྱད་གཙོ་བོའི་གནད་སའི་གསར་འགྱུར་པར་ངོས་དང་ཡིག་ངོས། གསར་འགྱུར་མཉམ་སྒྲོག་གི་ཁྲོད། ལས་ཡུལ་དང་པོ་དང་གཞི་རིམ་གྱི་གསར་འགྱུར་རྩོམ་ཡིག་གིས་བརྒྱ་ཆའི་ལྔ་བཅུ་ལྷག་ཟིན་ཅིང་། གསར་འགྱུར་དེ་དག་ལ་གདེང་ཚོད་ཆེན་པོ་ལྡན་ཞིང་དམངས་སེམས་དང་དམ་དུ་འབྲེལ་ཡོད།

“གཞི་རིམ་དུ་སོང་ནས་བཀོད་པའི་གསར་འགྱུར་རྩོམ་ཡིག་ལ་ད་གཟོད་བློ་འགུག་གི་ནུས་པ་དང་། གསོན་ཉམས་ཆེ་ཞིང་ཡིད་སེམས་འཕྲོག་པའི་ནུས་པ་ལྡན།”ཞེས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་ཀུའོ་མིང་ཞིན་གྱིས་དེ་ལྟར་བཤད། ལོ་རེའི་ལོ་གསར་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་གཙོ་བོ་དག་གིས“ལོ་གསར་སྐབས་སུ་གཞི་རིམ་དུ་སྐྱོད་པ”ཞེས་པའི་བཅར་འདྲིའི་བྱ་འགུལ་རྩ་འཛུགས་བྱས་ཏེ། སྡོད་ཁུལ་དུ་བསྐྱོད་པ་དང་འབྲོག་ཁྱིམ་དུ་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ་བཅས་བྱས་ཏེ། དུས་ཆེན་གྱི་སྤྲོ་དགར་རོལ་བ་དང་། སྤྱི་ཚོགས་ཀྱི་ཡར་རྒྱས་དང་འཕོ་འགྱུར་ཟིན་ཐོར་བཀོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་སྒྲིལ་མ་ཐག་མཚོ་སྔོན་ཞིང་ཆེན་གྱིས“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་སྒྲོག་འགྲེལ་དང་། གསར་འགོད་པ་བརྒྱ་ཡི་ལམ་ཐིག་གཅིག་བརྒྱུད་པའི་བཅར་འདྲིའི་བརྗོད་གཞི་གཙོ་བོར་བཟུང་ནས་བྱེད་སྒོ་སྤེལ་ཞིང་། བཅར་འདྲིའི་ཚན་ཆུང་སུམ་ཅུ་ལྷག་ཁག་བགོས་ཏེ་ཞིང་སྡེ་དང་། འབྲོག་ཁུལ། ཁེ་ལས་སྡེ་ཁག  དགོན་སྡེ་སོགས་སུ་སོང་སྟེ་རྒྱུས་ལོན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་ཡོངས་ལ་གསར་འགྱུར་གྱི་ཁུངས་སྣེ་གསར་བ་ཞིག་འདོན་སྤྲོད་བྱས་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་ལག་བསྟར་དངོས་འབེབས་བྱེད་པར་སྟོབས་དང་ལྡན་པའི་སྐུལ་འདེད་བྱས།

དུས་རབས་གསར་བས་དགེ་མཚན་གསར་བར་འབོད་སྐུལ་བྱེད་པ་དང་། བགྲོད་ལམ་གསར་བས་རྣམ་པ་གསར་བ་གསར་འབྱེད་བྱེད་དགོས། ལོ་རྒྱུས་གསར་བ་འགོ་རྩོམ་སའི་ལམ་ཐིག་ནས་འགྲེངས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་བསམ་བློའི་ངེས་ཤེས་འདྲོངས་པར་བྱས་ནས། རང་འགུལ་གྱིས་འགན་འཁྲིའི་དར་ཆ་བསྒྲེངས་ཏེ། དམངས་སེམས་གོང་བུ་གཅིག་སྒྲིལ་དང་། མི་སྣ་གསར་བ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། ཧུར་བརྩོན་གྱིས་དུས་རབས་གསར་བའི་མཚོ་སྔོན་གསར་འགྱུར་གླེང་ཕྱོགས་ཀྱི་ལེའུ་གསར་བ་འབྲི་དགོས།

ལོ་ཙཱ་བ། རྟ་མགྲིན་སྐྱབས། སྟོབས་ལྡན་རྒྱལ།