ཏང་གི་གསུང་སྐད་སྙན་མོ་ཁྱིམ་ཚང་ཁྲི་སྟོང་མང་པོའི་སྙན་དུ་སྒྲོན།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད་པའི་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔྱད་བརྗོད་ཁག་གསུམ་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་དང་ནུས་ཤུགས་གང་ཡོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། བློ་ཐག་རྦད་ཆོད་དང་ནུས་ཤུགས་གང་ཡོད་ཀྱིས“འདུ་ཤེས་བཞི“དང“རང་རྟོན་བཞི” “སྲུང་སྐྱོང་གཉིས“བཅས་ལག་བསྟར་མཐའ་འཁྱོལ་བྱས་པ།  བློ་ཐག་རྦད་ཆོད་དང་ནུས་ཤུགས་གང་ཡོད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབ་མཐའ་འཁྱོལ་བྱས་ཏེ། འགན་འཁྲི་གསར་བ་དང་སྒྲུབ་སྟངས་གསར་བ། གྲུབ་འབྲས་གསར་བ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་བཅོས་བསྒྱུར་གསར་སྐྲུན་ལ་སྐུལ་འདེད་བྱས། དེང་སྐབས་འགན་འཁྲི་ཧུར་ཐག་སྒོས་སྒྲུབ་པ་དང་ཕན་ཚུན་གཞོགས་འདེགས་དང་མཉམ་དུ་འབད་བརྩོན་བྱེད་པའི་དུས་སྐབས་སུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་དམངས་ལ་སློབ་གསོ་གཏོང་བ་དང་མི་དམངས་ལ་སྣེ་ཁྲིད་བྱེད་པ། མི་དམངས་ལ་སྐུལ་ལྕག་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཏང་གི་གསུང་སྐད་སྙན་མོ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱས་ནས་ཏང་གི་སྲིད་ཇུས་དེ་མངས་ཚོགས་ཀྱི་འགུལ་སྐྱོད་དང་ཏང་དང་དམངས་སེམས་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

དྲིལ་སྒྲོག་བསམ་བློ་བྱ་བས་མི་དམངས་ལ་སློབ་གསོ་གཏོང་དགོས།  གོ་བ་ལོན་པ་དང་ཁོང་དུ་ཆུད་པ། ལེགས་པོར་བསྒྲུབ་པ་དང་གཏིང་ཟབ་པ། གསར་བ་དང་གསོན་ཤུགས་ལྡན་པ་བཅས་རྒྱུན་འཁྱོངས་བྱས་ནས་ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པ་དང་མི་དམངས་ལ་སློབ་གསོ་བཏང་ནས་བསམ་བློ་གཅིག་མཐུན་གྱི་ཟླུམ་གོར་ཆེན་པོ་འབྲི་དགོས། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ་དང་། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་རང་འགུལ་གྱིས་གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གྱི་འགྱུར་མེད་དད་མོས་མཁན་དང་བློ་དཀར་གྱི་ལག་ལེན་མཁན་དུ་འགྱུར་བར་སློབ་གསོས་སྣེ་ཁྲིད་བྱེད་དགོས། དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་སྣོན་བྱས་ཏེ་རིམ་པ་བཞི་བའི་སྒྲོག་བཤད་སྟོབས་ཤུགས་ཀྱི་མ་ལག་གྲུབ་པར་བྱས་ནས་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་བཤད་དཔུང་སྡེ་ཆེན་མོས་མང་ཚོགས་ཀྱི་བློ་ཁ་དང་འཚམ་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གོ་བདེ་བའི་གཞུང་ལུགས་ཀློག་དེབ་འགྲེམ་སྤེལ་བྱེད་པ་དང་། མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བྱེད་ཐབས་སྤྱད་དེ་དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་དྲིལ་སྒྲོག་བྱ་བ་སྤེལ་ནས། མི་དམངས་མང་ཚོགས་ཀྱིས་གོ་ཐུབ་པ་དང་བློ་ངོར་འབབ་པ། ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། 《མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྐོར་གྱི་སྲོལ་ཡིག》གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནན་ཏན་སྒོས་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ལ་སྐུལ་འདེད་དང་ཚན་རིག་གི་བསམ་བློ་བརྒྱུད་སྒྲོག་བྱས་ནས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བྱེད་དགོས།

བསམ་བློ་དྲིལ་སྒྲོག་བྱ་བས་མི་དམངས་ལ་སྣེ་ཁྲིད་བྱེད་དགོས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན་མི་སེམས་གཙོ་བོར་འཛིན་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཚན་རིག་ལྟར་གནས་བབ་གསར་བ་ཁོང་དུ་ཆུད་པར་བྱས་ནས། བྱེད་ཐབས་སྣ་མང་སྤྱད་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་བཤད་ལེགས་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་སྲིད་ཇུས་སྐོར་འགྲེལ་བཤད་གསལ་བོ་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་གནད་དོན་དོན་འཁྱོལ་ཡོང་བར་བྱས་ནས་ཕྱོགས་ཡོངས་ཀྱི་བྱ་བ་དོན་འཁྱོལ་ལག་བསྟར་བྱེད་དགོས། “ལངས་གཟུགས་ཚུལ”གྱི་གཡུལ་ས་བསྐྲུན་ནས་ཚན་རྩལ་གཡུལ་ས་ཇེ་བརྟན་དུ་གཏོང་བ་དང་། གསར་འགྱུར་གྱི་གཡུལ་ས་ཆེན་མོ་བསྐྲུན་ཏེ་རིག་གནས་ཀྱི་གཡུལ་ས་ལེགས་བཅོས་བྱེད་པ། དྲྭ་རྒྱའི་གཡུལ་ས་བཀོལ་སྤྱོད་ལེགས་པོ་བྱས་ཏེ་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་ཀྱིས་གླེང་ཕྱོགས་སྣེ་ཁྲིད་དང་དམངས་ཀྱི་འདོད་བློ་ལེགས་པོར་བསྒྲུབ་དགོས།

དྲིལ་སྒྲོག་བསམ་བློ་བྱ་བས་དམངས་ལ་སྐུལ་ལྕག་གཏོང་དགོས། ངར་ཤུགས་བསྐྱེད་པ་དང་མི་སེམས་གཅིག་འདྲེས་ཡོང་བར་བྱེད་པ་ནི་དྲིལ་སྒྲོག་བསམ་བློ་བྱ་བའི་འགན་འཁྲི་ཡིན། མཐོ་ས་ནས་རྒྱང་རིང་ལ་ལྟ་བ་དང་ཡིད་རྟོན་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་བརྩོན་ལྷོད་མེད་བཅས་ཀྱི་མཚོ་སྔོན་གསར་བའི་སྙིང་སྟོབས་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློར་བརྩིས་ནས། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་བྱེད་པར་རྒྱུན་ཆད་མེད་པར་གོང་བུ་གཅིག་འདྲིལ་བྱེད་དགོས། མུ་མཐུད་དུ་སྔོན་ཐོན་གྱི་མིག་དཔེ་དང་དུས་རབས་ཀྱི་མིག་དཔེ་སྐོར་ཞིག་བདམས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འགྱུར་མེད་ཡིད་རྟོན་དང་དཔའ་སེམས་ཆེར་བསྐྱེད།  བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བཅས་ལ་སྐུལ་ལྕག་གཏོང་དགོས། ཡང་དག་པའི་གླེང་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་ཇེ་ཆེ་དང་ཇེ་དྲག་ཏུ་གཏོང་དགོས་ལ། དབྱངས་རྟ་གཙོ་བོ་སྔར་ལས་སྙན་ཞིང་དྲང་ནུས་གཙོ་བོ་སྔར་ལས་ཤུགས་དྲག་ཏུ་བཏང་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་ངར་ཤུགས་སྐྱེ་རུ་འཇུག་པ་དང་སྙིང་སྟོབས་རྒྱས་སུ་བཅུག་ནས། ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་རྔམ་བརྗིད་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་དུ་བསྐྱོད་དགོས།

བསམ་བློ་དྲིལ་སྒྲོག་བྱ་བ་ནི་ངོ་མ་བཤད་ན་ཏང་གི་མང་ཚོགས་བྱ་བ་ཡིན། ཏང་ཡོན་ལས་བྱེད་པས་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བས་ཏང་གི་གསུང་སྐད་སྙན་མོ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱས་ནས་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དམངས་སེམས་གཅིག་འདྲིལ་དང་མི་སེམས་བདེ་སྐྱིད་ལྡན་པ། བློ་སེམས་གཅིག་འདྲིས་ཡོང་བ་བཅས་བྱེད་དགོས།

                                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།