རྫ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱ་ཆེད་དང་བོད་ཁུལ་མང་ཚོགས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན།
2018.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

མདོ་དབུས་མཐོ་སྒང་གི་གོས་དང་འདྲ་བའི་རྩྭ་ཐང་སྔ་མོ་ནས་གསེར་མདོག་ཏུ་གྱུར་ཡོད་ལ། སྒང་གཤོངས་ཀྱི་རི་རྒྱུད་དག་ནི་དངུལ་མདོག་གི་ཁ་བས་གཡོགས་ཡོད། ལོ་ལྔའི་སྔོན་ལ། ཚེ་བརྟན་འབྲུག་གིས་རེ་བ་ཆེན་པོ་བཅངས་ཏེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་རྫོང་དཔོན་གྱི་འགན་ཁུར་བ་དང་། དེའི་རྗེས་རྫོང་ཏང་ཨུའི་ཧྲུའུ་ཅི་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་དཔེ་སྟོན་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་གནས་ཐོག་མ་ཡིན་ལ་ཉམས་མྱོང་གཅིག་ཀྱང་མེད་པ་དང་། “དབྱར་རྩྭ་དགུན་འབུའི་ཕ་སའི”བདེ་འཇགས་ཅུང་རྙོག་འཛིང་ཆེ་ལ། འབྲི་ཆུ་དང་རྨ་ཆུའི་འགོ་ཁུངས་ཀྱི་གད་སྙིགས་གང་སར་ཡོད་པ་སོགས་ཀྱི་དཀའ་ཁག་མང་པོར་ཁ་གཏད་ནས། ཚེ་བརྟན་འབྲུག་གིས་བློ་བརྟན་འགྱུར་མེད་དང་བསམ་པ་རྣམ་དག་གིས་རྫ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ལྕི་མོ་དང་དུ་བླངས།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་སྐྲུན་དང་འཚོལ་ཞིབ་བྱས།

རྫ་སྟོད་རྫོང་ནི་མཚོ་སྔོན་དང་བོད་ལྗོངས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། མཐོ་ཚད་ཆ་སྙོམས་བྱས་ན་མུས་སྟོང་བཞི་དང་ཉིས་བརྒྱ་ལས་བརྒལ་ཡོད་ལ། “རྫ་ཆུའི་འགོ་ཁུངས་ཀྱི་རྫོང་དང་པོའི”མཚན་སྙན་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་ཀྱི་དཔེ་སྟོན་ས་ཁུལ་རྫོང་དེ་རུ་ཡོད།

“རྫ་སྟོད་རྫོང་གི་ཞང་དང་གྲོང་རྡལ་བརྒྱད་ཀྱི་ཁྲོད་ཞང་ལྔ་ལམ་ལུགས་ཚོད་ལྟའི་མངའ་ཁོངས་ཀྱི་གྲས་སུ་ཚུད་ཡོད་པ་དང་། མི་གྲངས་ཕལ་ཆེར་ཁྲི་གསུམ་དང་སྟོང་ལྔ་ཙམ་ཡོད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ས་ཁུལ་གྱི་མི་གྲངས་ཕྱེད་ཀའི་ཡན་ཟིན་ཡོད།”ཚེ་བརྟན་འབྲུག་གིས་བཤད་རྒྱུར། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། རང་བྱུང་དང་སྐྱེ་ཁམས་རིག་གནས་རྒྱུད་འཛིན་བྱེད་པ་ནི་རྫ་ཆུའི་འགོ་ཁུངས་ཀྱི་དཔེ་སྟོན་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གིས་མདུན་དུ་ལྷགས་པའི་ཆེས་ཆེ་བའི་འགྲན་རྩོད་རེད།

འགྲན་རྩོད་དེར་ཁ་གཏད་ནས། ཚེ་བརྟན་འབྲུག་གིས་རྫོང་དང་ཞང་གི་ལས་བྱེད་མི་སྣའི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་བེད་སྤྱོད་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ད་ལོར་རྫ་ཆུའི་འགོ་ཁུངས་ཀྱི་འབྲོག་པའི་སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་སུ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཡོད་པ་མངོན་འགྱུར་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་མི་སྣ་སྟོང་བདུན་དང་བདུན་བརྒྱ་ལྷག་གིས་འབྲི་ཆུ་དང་རྨ་ཆུའི་འགོ་ཁུངས་སུ་ཕྱོགས་ཡོངས་ནས་དོ་དམ་སྲུང་སྐྱོབ་ཀྱི་མ་ལག་ཆགས་སུ་བཅུག

རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བའི་ལོ་ང་གཅིག་ཅན་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་ཡང་ཐར་གྱིས་བཤད་རྒྱུར། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་ཐོབ་ཐང་ལས་གཞན། ཁོ་ནི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མི་སྣ་ཞིག་ཀྱང་ཡིན་ལ། ཁོ་ཚང་ཡང་རྣམ་སྲས་ཞང་གི་སྐྱེ་ཁམས་ཉམས་ལེན་ཚོད་ལྟའི་གནས་ཀྱི་ཁྱིམ་ཚང་གཅིག་གི་གྲས་སུ་ཚུད་ཡོད།

དོན་དངོས་སུ་དེ་ནི་ཚེ་བརྟན་འབྲུག་གིས་གོ་རིམ་ཡོད་པ་དང་ལས་ཀ་ཞིབ་ཏུ་ལས་པའི་གྲུབ་འབྲས་རེད། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚེ་བརྟན་འབྲུག་གིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་གོ་རིམ་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱེད་པའི་ལམ་ལུགས་བཙུགས་པ་དང་། རི་དྭགས་གསའ་གཙོར་ཡིན་པའི་ས་ཁོངས་ཧྲིལ་བོ་ཅན་གྱི་ཉམས་ཞིབ་རྟེན་གཞི་གསར་བཟོ་བྱས་ལ། “རྫ་ཆུའི་རྣམ་སྲས་གྲོག་རོང་ཆེན་པོའི་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན”སོགས་བྱ་འགུལ་རབ་དང་རིམ་པར་བརྟེན་ནས། དམངས་ཡོངས་ཀྱིས་མཉམ་སྤྱོད་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཟབ་ཞུགས་བྱེད་པ། སྤྱི་དམངས་ཀྱི་རང་བྱུང་ཚན་རིག་སོགས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས།

མང་ཚོགས་ཀྱི་བློ་རིག་བཀོལ་སྤྱོད་ལེགས་པོ་བྱས་ཏེ། དབྱར་རྩྭ་འཚོལ་བསྡུ་དོ་དམ་གྱི་རྣམ་པ་གསར་བ་བཙུགས།

རྫ་སྟོད་རྫོང་ནི་མདོ་དབུས་མཐོ་སྒང་གི་དབྱར་རྩྭའི་ཐོན་ཁུལ་གཙོ་བོ་དང་དབྱར་རྩྭའི་སྤུས་ཀ་ཆེས་ལེགས་པའི་ས་ཁུལ་ཡིན་ལ། གནས་འདིའི་དབྱར་རྩྭའི་ཐོན་ཚད་མཐོ་བ་དང་སྤུས་ཀ་ལེགས་པ། རིན་གོང་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན། འདས་པའི་ལོ་མང་པོའི་རིང་ལ། དུས་རྒྱུན་ཕྱི་ནས་ཡོང་བའི་མི་མང་པོ་རྫ་སྟོད་རྫོང་དུ་དབྱར་རྩྭ་བརྐོ་རུ་ཡོང་བ་དང་། འགལ་བ་དང་གནད་དོན་རྒྱུན་མི་ཆད། ལོ་རེའི་དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་སླེབས་དུས། ལས་བྱེད་མང་ཚོགས་རྣམས་སྡོད་མི་བཟོད་པའི་གནས་སུ་སླེབས་ཡོད།

“རྫོང་ཡོངས་ཀྱི་ལས་བྱེད་ཡོངས་ཀྱིས་བྱ་བ་དང་དུ་བླངས་སྟེ། ལམ་འགྲམ་དུ་ས་ཚིགས་བཙུགས་པ་དང་། ཞིབ་བཤེར་བྱེད་པའི་གནས་བཙུགས་ནས། རིམ་པ་རེ་རེ་བཞིན་ཞིབ་བཤེར་ནན་མོ་བྱས།”རྫ་སྟོད་རྫོང་དུ་ལོ་ངོ་ཉི་ཤུའི་རིང་བྱ་བ་སྒྲུབ་པའི་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ལིས་ལེན་ཧྥུའུ་ཡིས་བཤད་རྒྱུར། བྱ་བ་དེ་ལྟར་ནན་མོ་སྒྲུབ་རུང་། 2013ལོའི་སྔོན་གྱི་ལོ་རེའི་དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་སླེབས་དུས། ཚོགས་པ་རང་བཞིན་གྱི་དོན་རྐྱེན་དང་གྱོད་དོན་འབྱུང་སྲིད་ཟེར།

རྫ་སྟོད་རྫོང་སུ་རུག་ཞང་སྟོད་ཤོག་སྡེ་བའི་སྔོན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་བྷ་ཡིས་བཤད་རྒྱུར། ཧྲུའུ་ཅི་ཚེ་བརྟན་འབྲུག་ལ་དུས་ཚོད་དང་ཁོམ་ལོང་རེ་ཡོད་ཚེ་སྡེ་བའི་ལས་བྱེད་དང་མང་ཚོགས་རྣམས་དང་མཉམ་དུ་རྩྭ་ཐང་ནས་ཁ་བརྡ་བྱེད་སྲིད་པ་དང་། གནད་དོན་ཡོད་ཚད་གྲོས་མོལ་བྱས་ཏེ་ཐབས་བཀོད་འཐེན་སྲིད། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་ཧྲུའུ་ཅི་ཚེ་བརྟན་འབྲུག་གིས་དུས་རྒྱུན་བསམ་གཞིགས་གཏོང་བའི་གནད་དོན་ཡིན་ལ། 《རྫ་སྟོད་རྫོང་གི་དབྱར་རྩྭ་བརྐོ་བའི་དོ་དམ་བྱེད་ཐབས》ལོ་རེར་ཁ་གསབ་བྱས་ནས་འཐུས་ཚང་དུ་གཏོང་བཞིན་ཡོད་ཟེར།

ལོ་ལྔའི་རིང་ལ། རྫ་སྟོད་རྫོང་གིས་དབྱར་རྩྭ་འཚོལ་བསྡུ་དོ་དམ་བྱ་བའི་དཀའ་ཁག་གི་གནད་དོན་ལ་ཁ་གཏད་ནས། ཚེ་བརྟན་འབྲུག་གིས་དེ་སྔོན་གྱི་འགན་གཙང་ལེན་གྱི་བྱེད་ཐབས་བསྒྱུར་ཏེ། དབང་ཆ་སྡེ་བ་དང་རུ་ཁག་ལ་སྤྲད་པ་དང་། མང་ཚོགས་ཀྱི་རང་འགུལ་སྒོས་དོ་དམ་བྱེད་དུ་བཅུག སྲིད་གཞུང་གིས་སྤྱི་ཁོག་ཚོད་འཛིན་དང་ཞབས་ཞུར་མཛུབ་སྟོན་བྱེད་པ་དང་ཆབས་ཅིག ཉེ་འགྲམ་གྱི་གྲོང་ཁྱེར་དང་རྫོང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་དབྱར་རྩྭ་བརྐོ་བའི་མཐུན་སྦྱོར་མཉམ་ལས་ཀྱི་ལམ་ལུགས་བཙུགས་ནས། མང་ཚོགས་ཕན་ཚུན་བར་གྱི་འཁོན་འཛིན་དང་འགལ་ཟླ་སེལ་རོགས་བྱས།

“མང་ཚོགས་ནི་ཧ་ཅང་བློ་རིག་ལྡན་པ་ཞིག་རེད། དཔེར་ན་རྣམ་སྲས་ཞང་གིས་འགན་འཁྲིའི་ཡི་གེ་བྲིས་ནས་མཐའ་མཚམས་ས་ཁུལ་གྱི་རྩྭ་ས་ངེས་ཅན་ཞིག་བོགས་ལེན་བྱས་པ་དང་། ཁྱིམ་མཚེས་ཀྱི་ནང་ཆེན་རྫོང་སྐྱོབ་བྲག་ཞང་། ཡུལ་ཤུལ་གྲོང་ཁྱེར་རག་ཤེད་ཞོལ་མ་ཞང་གི་མང་ཚོགས་སྐོར་ཞིག་ལ་དབྱར་རྩྭ་དགུན་འབུ་བརྐོ་རུ་བཅུག་ལ། མང་ཚོགས་དེ་དག་གིས་སྒོར་བརྒྱ་ཕྲག་འགའ་ནས་སྟོང་གཅིག་དང་གཉིས་ལྷག་གི་རྩྭ་སའི་ཁ་གསབ་སྤྲད།”ཚེ་བརྟན་འབྲུག་གིས་བཤད་རྒྱུར། དེ་ལྟར་བྱས་པས། མཐའ་མཚམས་ས་ཁུལ་གྱི་དབྱར་རྩྭ་འཚོལ་བསྡུའི་དོ་དམ་འཆམ་མཐུན་མཉམ་གནས་དང་མཉམ་རྒྱལ་གྱི་རྣམ་པ་གསར་བ་མངོན་འགྱུར་བྱུང་ཡོད་ཟེར།

གད་སྙིགས་ཀྱི་རྫོང་མཁར་ནས་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གི་གྲོང་ཁྱེར་དུ་གྱུར།

2013ལོར། ཚེ་བརྟན་འབྲུག་དང་ཐོག་རྫ་སྟོད་དུ་ཐོན་དུས་དཀའ་ཁག་ལ་འཕྲད། ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་ཀྱིས་རྫ་སྟོད་རྫོང་གི་གད་སྙིགས་ཀྱི་ཚབས་ཆེའི་རྣམ་པ་དྲིལ་སྒྲོག་བྱས། མང་ཚོགས་རྣམས་ཀྱིས་བཤད་རྒྱུར། ཕྱི་རུ་འགྲོ་ན་གད་སྙིགས་ཀྱི་རི་བརྒལ་དགོས་ལ། ཆུ་བརྒལ་ན་གད་སྙིགས་ཀྱི་ཆུ་བརྒལ་དགོས་པ་དང་། དབྱར་ཁར་གད་སྙིགས་ཆུའི་སྟེང་དུ་གཡེང་བཞིན་ཡོད་ལ། དགུན་ཁར་གད་སྙིགས་ལམ་དུ་དར་འཁྱགས་སུ་སོང་ཡོད་ཅེས་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་སྡོད་ཁུལ་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཨ་དབྱིན་གྱིས་དེ་ལྟར་བཤད།

ཨ་དབྱིན་གྱིས་བཤད་རྒྱུར། 2000ལོའི་ཚུན་ལ། འབྲོག་ཁུལ་གྱི་མཁར་གྲོང་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། རྫ་སྟོད་རྫོང་མཁར་གྱི་གད་སྙིགས་བསྡུ་བ་དང་སྐྱེལ་འདྲེན། ཐག་གཅོད་སོགས་ཀྱི་ནུས་པས་དགོས་མཁོ་སྐོང་མི་ཐུབ་པར་གྱུར། རྫོང་ཡོངས་སུ་མི་གྲངས་ཁྲི་བདུན་དང་སྟོང་གཅིག་ཡོད་པ་དང་། རྫོང་མཁར་དུ་མི་གྲངས་ཁྲི་བཞི་དང་སྟོང་བརྒྱད་ཡོད་ལ། ཉིན་རེར་གད་སྙིགས་ཏུན་ལྔ་བཅུ་ཡོད་པས། 2013ལོར་རྫོང་མཁར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་བཞི་བཅུ་དང་གད་སྙིགས་ཐག་གཅོད་གནས་གཅིག་ལས་མེད་ཟེར།

“གལ་ཏེ་གད་སྙིགས་ཀྱང་ཐག་གཅོད་བྱེད་མ་ཐུབ་ན། ང་ཚོས་ཅི་ཞིག་སྒྲུབ་ཐུབ་བམ།”ཚེ་བརྟན་འབྲུག་གིས་འབྲི་ཆུའི་འགོ་ཁུངས་ཀྱི་གད་སྙིགས་ཀྱིས་བཀང་བའི་རྣམ་པ་ཐག་གཅོད་བྱེད་རྒྱུའི་སེམས་ཐག་བཅད་དེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་ཇེ་མང་དུ་གཏོང་བ་དང་གད་སྙིགས་སྐྱེལ་འདྲེན་གྱི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། རིགས་དགར་ནས་གནོད་པ་མེད་པར་ཐག་གཅོད་བྱེད་པ། ཁོས་གད་སྙིགས་ཀྱི་ཐད་ཐག་གཅོད་བྱེད་དཀའ་བའི་གནད་དོན་གོ་སྐབས་སུ་བརྩིས་ནས་དྲིལ་སྒྲོག་དང་སྣེ་ཁྲིད་བྱེད་ཀྱིན་ཡོད།

ཨ་དབྱིན་གྱིས་བཤད་རྒྱུར། “སྐབས་དེར། དབུལ་ཕོངས་འབྲོག་པའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་སུམ་བརྒྱ་བདམས་པ་དང་། བསྟུད་མར་ཉིན་བདུན་གྱི་རིང་། ཉིན་རེར་གད་སྙིགས་རླངས་འཁོར་ཉི་ཤུ་སྐྱེལ་འདྲེན་བྱས་ཏེ་གཙང་སེལ་བྱས།”2015ལོར། ཧྲུའུ་ཅི་ཚེ་བརྟན་འབྲུག་གིས་གད་སྙིགས་ཕྱི་རུ་མི་སྐྱེལ་བ་དང་། ཕྱི་རུ་བསྐྱལ་ན་རིགས་དགར་དགོས་ཞེས་བཤད། ད་ལྟ། རྫ་སྟོད་རྫོང་མཁར་གྱི་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་གད་སྙིགས་རིགས་དགར་ནས་ཐག་གཅོད་བྱེད་ཐུབ་པའི་བྱ་བ་མངོན་འགྱུར་བྱས།

གསར་འགོད་པས་རྫ་སྟོད་རྫོང་སྐྱིད་གནས་ཐང་སྡོད་ཁུལ་གྱི་འབྲོག་པ་ཟླ་ཚེ་རིང་གི་ཁྱིམ་གྱི་ར་སྐོར་གྱི་གྲུ་ཟུར་ཞིག་ཏུ། ཁོས་ཁྱིམ་གྱི་གད་སྙིགས་རིགས་བཞི་རུ་དགར་ཡོད་པ་དང་། གཅིག་ནི་ཕྱིར་བསྡུ་ལེན་བྱས་ཆོག་པའི་སྐོམ་ཆུའི་སྣོད་ཡིན་ལ། གཅིག་ནི་གནོད་པ་ཡོད་པའི་གད་སྙིགས་སྟེ་དཔེར་ན་གློག་གཡིས་དང་དུས་ལས་བརྒལ་བའི་སྨན་རྫས་སོགས་ལྟ་བུ་ཡིན་པ་དང་། ད་དུང་རིགས་གཉིས་ནི་སོལ་ཐལ་དང་ཟས་རིགས་ཀྱི་གད་སྙིགས་རེད།

“དེ་སྔོན་དབྱར་རྩྭ་བརྐོ་བའི་སྐབས་སུ་གད་སྙིགས་གང་སར་ཁྱབ་ཡོད་མོད། དེ་ལ་དོ་སྣང་བྱེད་མཁན་གཅིག་ཀྱང་མེད”ཞེས་རྫ་སྟོད་རྫོང་སྤྱི་སྟོད་ཞང་ཙང་དགའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུན་རན་གྱིས་བཤད་རྒྱུར། ད་ལྟ་འབྲོག་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཧ་ཅང་བཟང་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཐེངས་གཉིས་ནས་གསུམ་ལ་ཁོར་ཡུག་གཙང་སེལ་ཆེན་པོ་བྱེད་རྒྱུ་རྩ་འཛུགས་བྱེད་བཞིན་ཡོད་པ་དང་། ད་ལོར་དབྱར་རྩྭ་བརྐོ་བའི་དུས་སྐབས་སུ་ཙང་དགའ་སྡེ་བས་གཅིག་བསྡུས་སྒོས་གད་སྙིགས་སྐྱེལ་འདྲེན་རླངས་འཁོར་བཅུ་བཞི་གཙང་སེལ་བྱས།

རྫ་སྟོད་རྫོང་གི་རྫོང་དཔོན་གཞོན་པ་ཀྲོང་པའོ་ཅའེ་ཡིས་བཤད་རྒྱུར། ལོ་ལྔའི་རིང་ལ། རྫ་སྟོད་རྫོང་གི་རྣམ་པ་རྩ་བ་ནས་འགྱུར་ལྡོག་བྱུང་བ་དང་། ཧྲུའུ་ཅི་ཚེ་བརྟན་འབྲུག་གིས་དེའི་ཁྲོད་བྱེད་ནུས་གཙོ་བོ་ཐོན་བཞིན་ཡོད། རྫ་སྟོད་རྫོང་མཁར་ཆུང་རུང་། འོན་ཀྱང་། ཁེ་ཕན་གྱི་འབྲེལ་བ་རྙོག་འཛིང་ཡིན་པས། ཁོ་རང་ཉིད་ཀྱི་སྙིང་སྟོབས་དང་འགན་ལེན། མི་དམངས་ལ་བཅངས་བའི་བརྩེ་བ་བཅས་མེད་ཚེ། དོན་དག་མང་པོ་ཞིག་རྒྱུན་སྐྱོང་དཀའ་བ་ཞིག་རེད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།