དབུལ་ཐར་ཁྱིམ་ཚང་ཕག་མོ་དོན་འགྲུབ་ཚང་གི་འདས་ད་ལྟ།
2018.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

  ཞོགས་པའི་ཉི་རྩེ་རི་རྩེར་མ་བརྒྱབ་གོང་ཕག་མོ་དོན་གྲུབ་སྔ་མོ་ནས་མལ་ལས་ལངས་ཏེ་བྱ་བའི་ལས་ལ་བྲེལ་མགོ་བརྩམས། ཁོ་ཚང་གི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་དེ་རིང་སྒོར་ཅོག་གཉིས་ལྷག་ཡོད་པའི་མགྲོན་པོ་སྐོར་ཞིག་ལ་མགྲོན་བསུ་བྱེད་དགོས་པ་རེད། ཉོ་ཆ་རྒྱག་པ་དང་སྔོ་ཚོད་ཀྱི་རིགས་བཀྲུ་གཏུབ་བྱེད་པ། ཟས་གཡོ་སྐོལ་བྱེད་པ་སོགས་ལས་ཀ་ཙག་ཙིག་གིས་ཁོ་རང་ངལ་དུབ་ཀྱིས་མནར་ན་ཡང་ཁོའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ནས་འདུག  རྒྱུ་མཚན་ནི་དུས་ཡུན་རིང་བོར་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་ཕག་མོ་དོན་གྲུབ་ཚང་གིས་ད་ལོར་གཞི་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པས་རེད།

ཕག་མོ་དོན་གྲུབ་ནི་ཆི་ལེན་རྫོང་རྫ་དམར་ཞང་སྒོ་མེ་སྡེ་བའི་ཡིན། ཁོ་ཚང་ལ་བཟའ་མི་བཞི་ཡོད་ཅིང་ཕག་མོ་དོན་གྲུབ་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པས་དུས་རྒྱུན་ལས་ཀ་ལྗིད་མོའི་རིགས་ལས་ཐུབ་ཀྱི་མེད་པས་ཁྱིམ་གྱི་ཡོང་འབབ་དམའ་བ་དང་། དེའི་ཁར་བྱིས་པ་གཉིས་སློབ་གྲྭར་བསྐྱལ་དགོས་ཁར་ཁོ་བཟའ་མི་གཉིས་ཀྱི་རིག་གནས་བྱང་ཚད་ཀྱང་ཞན་ལ་བསམ་བློ་ཡང་བག་འཁུམས་ཡིན་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མེད་སྟབས།  སྔོན་ཆད་ནས་ཕྱུག་པོ་མིན་པའི་ཁྱིམ་ཚང་དེ་སྔར་ལས་ཀྱང་དབུལ་ཕོངས་ཀྱི་གནས་སུ་ལྷུང་།

དོན་ངོ་མའི་འགྱུར་ལྡོག་དེ་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོ་ནས་བཤད་དགོས་པ་ཞིག་རེད། གནད་འཁེལ་ངོས་འཛིན་བརྒྱུད་ནས་ཕག་མོ་དོན་གྲུབ་ཚང་ཡིག་ཚགས་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་རེད། ཡིན་ནའང་དབུལ་ཐར་ནི་དེ་འདྲའི་ལས་སླ་མོའི་དོན་དག་ཅིག་ག་ལ་ཡིན། སྒོར་མོ་མེད་པ་དང་ངལ་རྩོལ་ནུས་ཤུགས་ཀྱང་མེད་པས་དབུལ་ཐར་བྱ་བ་དེ་ཁ་ནས་བཤད་པ་ཙམ་གྱིས་ག་ལ་ཆོག ཏག་ཏག་ཕག་མོ་དོན་གྲུབ་ཀྱིས་དོན་དག་དེ་དག་ལ་སེམས་ཁུར་བྱེད་བཞིན་པའི་སྐབས་སུ། དབུལ་སྐྱོར་བྱ་བའི་རུ་ཁག་གིས་ཁོ་ལ་ཐབས་བཀོད་ཅིག་བསྟན་པ་སྟེ། “ཁྱོད་ལ་ཐབ་ཚང་ལག་གཡོག་བྱེད་པའི་ཉམས་མྱོང་ཡོད་པས་ཁྱོད་རང་ཕྱུག་པོར་འགྱུར་འདོད་ན་མདོ་ལ་རྫོང་གི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཁྱད་སྟོབས་དམ་འཛིན་བྱས་ནས།  སྒོ་མེ་སྡེ་བ་དེ་གནས་སྐོར་བ་མང་པོ་བ་དམ་གངས་དཀར་ལ་གནས་སྐོར་དུ་འགྲོ་བའི་ལམ་འགྲམ་དུ་ཆགས་པའི་ས་བབ་ཀྱི་ཁྱད་སྟོབས་ལ་གཞིགས་ཏེ་ཞིང་ཁྱིམ་གླིང་ཞིག་བཙུགས་ན་ཤིན་ཏུ་ལེགས། གལ་ཏེ་མ་དངུལ་བསྐྱི་བར་དཀའ་ཁག་ཡོད་ན་ང་ཚོས་ཁྱོད་ལ་རོགས་སྐྱོར་བྱས་ཆོག”ཟེར།

སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། དབུལ་སྐྱོར་བྱ་བའི་རུ་ཁག་བཅས་ཀྱི་རོགས་སྐྱོར་འོག  སྡེ་བའི་རོགས་སྐྱོར་མ་དངུལ“530”ལས་གཞིའི་བསྐྱི་དངུལ་བརྒྱུད་ནས། ཕག་མོ་དོན་གྲུབ་ལ་མ་དངུལ་སྒོར་མོ་ཁྲི་དྲུག་བསྡུ་རུབ་བྱས་ནས“ཕག་གྲུབ་བོད་ཟས་ཞིང་ཁྱིམ་གླིང”ཞེས་པ་ཞིག་ཕྱེས། ཉིན་དེ་ནས་བཟུང་སྟེ་ཁོ་བཟའ་མི་གཉིས་ནམ་རྒྱུན་ནངས་སྔ་ལངས་དང་དགུང་འཕྱི་ཉལ་བྱས་ནས་ཁོམ་ལོང་ཅུང་ཙམ་ཡང་མེད་པར་བློ་སེམས་རྩེ་གཅིག་གིས་ཟ་མ་ཟ་རུ་ཡོང་བའི་མགྲོན་པོ་རེ་རེར་སྣེ་ལེན་གང་ལེགས་བྱས། ལོ་མཇུག་ཏུ། དབུལ་ཐར་ལམ་གྱི་སྒོར་མོ་ཐོག་མ་དེ་ཕག་མོ་དོན་གྲུབ་ཀྱི་ལག་ཏུ་འབྱོར་བ་སྟེ། ཞིང་ཁྱིམ་གླིང་དེའི་ཁེ་སྤོགས་སྒོར་མོ་ཁྲི་གཉིས་དང་སྟོང་དྲུག་ལ་སླེབས། དང་ཐོག་སྦྲ་གུར་གཉིས་དང་ཅོག་ཙེ་ལྔ་དྲུག་ཙམ་ལས་མེད་པ་དེ་ད་ལྟ་སྦྲ་གུར་ལྔ་ལྷག་དང་མི་ལྔ་བཅུ་ཙམ་གྱིས་མཉམ་དུ་ཟ་མ་ཟ་ཆོག་པའི་གཞི་ཁྱོན་ཅན་དུ་འཕེལ་རྒྱས་བྱུང་ཡོད་པ་རེད། ད་ལྟ་ཕག་མོ་དོན་གྲུབ་བཟའ་མི་གཉིས་ཀྱིས་སྒྲུབ་བཞིན་པའི་ཕག་གྲུབ་བོད་ཟས་ཞིང་ཁྱིམ་གླིང་ལ་ལོ་རེ་བཞིན་སྒོར་མོ་ཁྲི་གསུམ་ལྷག་གི་ཡོང་འབབ་ཡོད་པ་དང་། དེའི་སྟེང་དུ་ནགས་སྲུང་མི་སྣའི་ཟླ་ཕོགས་བསྣན་ཚེ་ཁོ་ཚང་གི་ཁྱིམ་ཚང་གི་སྤྱིའི་ཡོང་འབབ་ཐད་འཕར་སྣོན་ཆེན་པོ་བྱུང་བཞིན་ཡོད་པ་རེད། དེ་དང་མཉམ་དུ་གནས་སྐོར་བ་མང་བའི་སྐབས་སུ་དབུལ་ཕོངས་ཁྱིམ་ཚང་གཞན་པའི་མི་ཁོ་ཚང་གི་ཞིང་ཁྱིམ་གླིང་དུ་ཡོང་ནས་ཟས་གཡོ་སྐོལ་བྱེད་པ་སོགས་ཀྱི་ལས་ཀའི་ཐད་དུ་གླ་རྒྱག་བཞིན་ཡོད་པས་དབུལ་ཕོངས་ཁྱིམ་ཚང་གཞན་པའི་ཡོང་འབབ་ཀྱང་འོས་འཚམ་གྱིས་འཕར་སྣོན་བྱུང་བཞིན་ཡོད་པ་རེད།

ད་ལྟ་ཕག་མོ་དོན་གྲུབ་ཀྱི་སེམས་སུ་སྤོབས་པས་ཁེངས་ཡོད་པ་ནི་ཁོའི་བུ་ཆེ་བ་དོན་གྲུབ་ཚེ་རིང་མི་འགྱངས་པར་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་འོང་བ་དེ་རེད། ཁོའི་བུ་དོན་གྲུབ་ཚེ་རིང་གིས་ཀོང་ཏུང་ཞིང་ཆེན་གནས་སྐོར་ལས་རིགས་ལག་རྩལ་སློབ་གྲྭ་ན་སློབ་གཉེར་བྱེད་བཞིན་ཡོད་པ་རེད། “ཤེས་བྱ་ཁོ་ནས་ད་གཟོད་གཏིང་ཟབ་པའི་སྒོ་ནས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་རེད། ང་ཚོ་མི་རབས་འདི་དཀའ་སྡུག་སྣ་ཚོགས་ཤིག་ལ་འཕྲད་ཀྱིན་ཡོད་ནའང་བྱིས་པ་རྣམས་ལ་དཀའ་སྡུག་མྱོང་དུ་འཇུག་མི་རུང་བར་ཁོ་ཚོར་ཤེས་བྱ་སྔར་ལས་མང་པོ་ཞིག་བསླབ་ཏུ་འཇུག་དགོས། ”ཕག་མོ་དོན་གྲུབ་ཀྱིས་དེ་ལྟར་བཤད།

ད་ལྟ། ཕག་མོ་དོན་གྲུབ་ཀྱིས་ཞིང་ཁྱིམ་གླིང་དེར་བརྟེན་ནས་ཉིས་སྟོང་བཅུ་བདུན་ལོར་གཟི་བརྗིད་ངང་དབུལ་ཐར་བྱུང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར་དབུལ་ཐར་རོགས་སྐྱོར་གྱི་སྔོན་ཐོན་བྱ་དགའ་ཐོབ། “ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་ནི་འདི་འདྲ་ཞིག་ཡག་གི ང་ཚོ་རང་གིས་ལས་ཀ་ཡག་པོར་མ་སྒྲུབ་ན་དངོས་གནས་ཏང་དང་སྲིད་གཞུང་ལ་འོས་མེད་བྱས་པ་རེད།” དེ་ནི་ཕག་མོ་དོན་གྲུབ་ཀྱིས་རྒྱུན་པར་མི་གཞན་ལ་བཤད་བཞིན་པའི་སྐད་ཆ་ཞིག་རེད། གཙོ་བོ་ནི་མི་ཞིག་གི་སྙིང་སྟོབས་མ་ཉམས་ཚེ་དཀའ་ཁག་ཅི་འདྲ་ཞིག་ལ་འཕྲད་ཀྱང་དེ་ལས་རྣམ་པར་རྒྱལ་ཐུབ་པ་རེད། དེ་ལྟར་ཕག་མོ་དོན་གྲུབ་ཀྱིས་དགེ་མཚན་ལྡན་པའི་སྔོན་ཐོན་གྱི་བསམ་བློ་ལ་བརྟེན་ནས་དབུལ་ཕོངས་དང་སྡུག་བསྔལ་གྱི་མུན་པ་ལས་ཐར་དེ་བདེ་སྐྱིད་ཀྱི་འཚོ་བའི་སྐྱ་རེངས་བསུས་བྱུང་།

                                                                                ལོ་ཙཱ་བ། གཡང་འབུམ་རྒྱལ།