མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་འདོད་གསར་བ་སྔར་ལས་བཟང་པོར་བསྐང་དགོས།
2018.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་དཔྱད་བརྗོད་ཁག་ལྔ་བ།

མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྙེག་མངོན་འགྱུར་བྱ་རྒྱུ་ནི། ང་ཚོའི་ཏང་གི་རྟག་བརྟན་འགྱུར་མེད་ཀྱི་འབད་འཐབ་དམིགས་འབེན་ཡིན། རིག་གནས་ནི་མི་སེམས་གཅིག་སྦྲེལ་གྱི་བསམ་པའི་སྒྲོག་ཐག་ལྟ་བུ་ཡིན་ལ། དམངས་ཚིས་བདེ་སྐྱིད་ཆེ་རུ་བསྐྱེད་པའི་གནད་འགག་གི་རྒྱུ་རྐྱེན་ཡང་ཡིན། ཡང་གཅིག་བཤད་ན། མཛེས་སྡུག་འཚོ་བར་ཚད་འཇལ་བ་ལ། རིག་གནས་ནི་ཚད་ཐིག་གལ་ཆེན་ཞིག་ཡིན་པར་མ་ཟད། མཚོན་རྟགས་གསལ་པོ་ཞིག་ཀྱང་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་འཕེལ་རྒྱས་སུ་སོང་བ་དང་། མི་དམངས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་བྱུང་ནས། མི་རྣམས་དངོས་པོའི་ཕྱོགས་ནས་ཡིད་ཚིམས་ཡོད་པ་ལས་གཞན། མཛེས་སྡུག་འཚོ་བའི་རེ་སྙེག་སྔར་ལས་ཇེ་དྲག་ཏུ་སོང་སྟེ། སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བར་རེ་སྨོན་བྱས་ཡོད་པར་བརྟེན། ང་ཚོས་ངེས་པར་དུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་ནན་མོ་བྱེད་པ་དང་། “རིག་གནས་སྤེལ་བ”དེ་དྲིལ་སྒྲོག་བསམ་བློ་བྱ་བའི་ལས་འགན་དང་འགན་འཁྲི་གལ་ཆེན་དུ་བརྩིས་ནས། མུ་མཐུད་དུ་རིག་གནས་གཡུལ་ས་ལེགས་སྒྱུར་བྱེད་པ་དང་། རིག་གནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་ནུས་ལྡན་བྱས་ཏེ། རིག་གནས་ཐོན་རྫས་ཀྱི་དོན་སྙིང་དང་རྒྱུ་སྤུས་ཧུར་ཐག་གིས་མཐོ་རུ་གཏང་དགོས། མི་དམངས་རྩ་བར་འཛིན་པ་དང་། གསར་རྩོམ་གཞི་རྩར་འཛིན་པ། བཅོས་སྒྱུར་སྔོན་འགྲོར་འཛིན་པ། གསར་གཏོད་གནད་དུ་འཛིན་པ་བཅས་གཙོ་གནད་དུ་བཟུང་ནས་རྒྱུན་འཁྱོངས་བྱེད་པ་དང་། “བཟང་མི་བཟང”དང“ཞིབ་མི་ཞིབ”ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་པ། རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་དྲག་ཏུ་གཏང་དགོས།

མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་འདོད་གསར་བ་སྔར་ལས་བཟང་པོར་བསྐང་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱིས་སྒྱུར་སྤོར་བྱེད་པ་དང་གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་གཏོང་བ། གསར་བརྗེའི་རིག་གནས་རྒྱུད་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་དགོས། རྒྱ་ཆེའི་རིག་གནས་སྒྱུ་རྩལ་ལས་དོན་པ་རྣམས་འཚོ་བར་ཟབ་ཞུགས་དང་། མི་དམངས་ཁྲོད་དུ་རྐང་ཚུགས་པར་ཁྲིད་སྟོན་བྱས་ནས། རྒྱུ་སྤུས་མཐོ་རུ་འདེགས་པ་དེ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩར་བྱེད་ཅིང་། ཏང་དང་མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་འབུལ་བའི་བརྩམས་ཆོས་ལེགས་པོ་མུ་མཐུད་དུ་སྤེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་གསར་པ་རྩོམ་དགོས།

མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་འདོད་གསར་བ་སྔར་ལས་བཟང་པོར་བསྐང་ན། རིག་གནས་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱེད་དགོས། བཅོས་སྒྱུར་ནི་རིག་གནས་དར་རྒྱས་དང་རིག་གནས་གོང་འཕེལ་གྱི་སྒུལ་ཤུགས་ཡིན་པས། རིག་གནས་དཔལ་འབྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ད་སྔའི་ཐོན་ལས་འཕེལ་རྒྱས་ཐེབས་རྩ་ལེགས་བསྡུས་བྱས་ནས། རིག་གནས་ཐོན་ལས་འཕེལ་རྒྱས་ལ་མ་རྩའི་རྒྱབ་སྐྱོར་ཆེན་པོ་བྱེད་དགོས། སྲོལ་རྒྱུན་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། གསར་དར་རིག་གནས་ལས་རྣམ་གསོ་སྐྱོང་བྱེད་པ་གནད་དུ་བཟུང་སྟེ། རིག་གནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་མུ་མཐུད་དུ་བསྐྱེད་དགོས། རྒྱལ་དབང་རིག་གནས་ཁེ་ལས་ཀྱི་བཅོས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཚོང་གཉེར་རྣམ་པ་དང་དོ་དམ་རྣམ་པ། ཐོན་སྐྱེད་རྣམ་པ་བཅས་ལེགས་བཅོས་འཐུས་ཚང་དུ་བཏང་ནས། ཚོང་རའི་འགྲན་རྩོད་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་གཏང་དགོས། རིག་གནས་ཐོན་ལས་གླིང་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྱད་ལྡན་རིག་གནས་ཁེ་ལས་སྐོར་ཞིག་དར་རྒྱས་སུ་བཏང་ནས། ཁྱད་ལྡན་རིག་གནས་ཐོན་ལས་རྟེན་གཞི་སྐོར་ཞིག་བསྐྲུན་དགོས་ཤིང་། རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དེ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩར་འཛིན་པ། ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་ཤུགས་སྣོན་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་གསར་རྩོམ་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཕན་འབྲས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཀྱིས“ཕྱི་ཚུལ་ཙམ་འཛིན་པ”སྤོང་བ་དང་། “མིའི་སེམས་སྒུལ་བར”བརྩོན་ལེན་བྱས་ཏེ། དྲ་རྒྱའི་རིག་རྩལ་གསར་རྩོམ་སོགས་ཐད་ནས་སྤུས་ལེགས་བརྩམས་ཆོས་སྐོར་ཞིག་ཧུར་ཐག་གིས་སྤེལ་དགོས་ལ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་ཟབ་མོ་བཅས་བྱས་ཏེ། “སྲ་ཆས”འཛུགས་སྐྲུན་དང“མཉེན་ཆས”འཛུགས་སྐྲུན་ཟུང་སྦྲེལ་དང་། “གཞན་སྐྱོར”དང“རང་སྐྱོར”ཟུང་སྦྲེལ་གྱིས་གཞི་རིམ་གྱི་རིག་གནས་ར་བ་དང་རིག་གནས་ཁང་གི་འཛུགས་སྐྲུན། སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་དགོས། རིག་གནས་རྨང་གཞིའི་སྒྲིག་ཆས་ཀྱི་དོ་དམ་དང་སྲུང་སྐྱོབ་བྱེད་པར་གཙིགས་འཛིན་བྱེད་པ་དང་། རིག་གནས་ར་བ་དང་རིག་གནས་ཁང་སྣ་ཚོགས་ཀྱིས་རིན་མི་ལེན་པར་སྒོ་འབྱེད་པར་སྐུལ་འདེད་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གི་འཛུགས་སྐྲུན་ཚད་ལྡན་ཅན་དང་དོ་མཉམ་ཅན་དུ་བཏང་ནས། སྤོབས་པ་ཆེན་པོ་དང་ཀུན་སྤྱོད་བརྟན་པོས་རིག་གནས་མུ་མཐུད་དུ་དར་སྤེལ་དང་དཔལ་ཡོན་རྒྱུན་མཐུད་ནས་འཛིན་སྐྱོང་བྱས་ཏེ། དུས་རབས་གསར་བའི་རྣམ་པ་གསར་བ་ལེགས་པར་མཚོན་པའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།