གཅིག་སྒྲིལ་རྫོང་གིས་སློབ་གསོའི་ཐད་མ་དངུལ་གཏོང་བ་ཇེ་མང་དུ་བཏང་སྟེ། སློབ་ལོ་རན་པའི་བྱིས་པ་ཡོད་ཚད་སློབ་ཞུགས་ཐུབ་པར་ཁག་ཐེག་བྱས།
གསར་འགོད་པས་བཅར་འདྲི་བྱེད་སྐབས་གཅིག་སྒྲིལ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སྐྱབས་མགོན་རྡོ་རྗེ་ཡིས་བཤར་རྒྱུར། ཐག་རིང་འབྲོག་ཁུལ་གྱི་དབུལ་ཕོངས་སློབ་མ་ཡོངས་རྫོགས་སློབ་གྲྭ་ལ་འགྲོ་ཐུབ་པ་ཁག་ཐེག་བྱས་ཏེ། ཚང་མས་སློབ་ཁྲིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་ནས་བློ་བདེ་མོས་ངང་རིག་གནས་ཤེས་བྱ་སྦྱང་ཐུབ་པར་བྱ་རྒྱུ་ནི། ང་ཚོའི་སློབ་གསོའི་དབུལ་སྐྱོར་ལས་དོན་གྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་དང་། ཁྱིམ་ཚང་དབུལ་བོ་ཡིན་པ་ལ་རྐྱེན་བྱས་ཏེ་བྱིས་པ་སློབ་གྲྭར་འགྲོ་མི་ཐུབ་པ་གཏན་འགོག་བྱེད་རྒྱུ་ནི་ང་ཚོའི་འགན་ཁུར་ཡིན་ཟེར།
ལོ་འདི་དག་གི་རིང་ལ། གཅིག་སྒྲིལ་རྫོང་གིས་སློབ་གསོའི་ཐད་མ་དངུལ་གཏོང་བ་དེ་ནོར་སྲིད་ཀྱི་འགྲོ་སོང་གཏོང་ས་གཙོ་བོའི་ནང་གི་གཙོ་བོར་བཞག་ཡོད། རྨང་གཞི་ཞན་པའི་གཙོ་གནད་ཆེ་ས་འདིར་དམ་པོར་དམིགས་ཏེ། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱས། ལྷག་པར་ཉིས་སྟོང་དྲུག་ལོར་སློབ་གསོའི་ཐད་གནད་ཁེལ་དབུལ་སྐྱོར་བྱས་པའི་ཚུན་ལ། རྫོང་ཡོངས་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ལྷག་པའི་སྒོ་ནས་ཇེ་མགྱོགས་སུ་བཏང་བ་དེས། རྒྱང་རིང་དབུལ་ཕོངས་འབྲོག་ཁུལ་གྱི་མི་རིགས་སློབ་གསོ་ཁྱོན་ཡོངས་ནས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་ཆེན་པོ་བྱས།
ལོ་གསུམ་གྱི་རིང་ལ། རྫོང་ནོར་སྲིད་ཀྱི་སྔོན་རྩིས་ཁྲོད་སློབ་གསོའི་ཐད་འགྲོ་སོང་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བརྒྱད་བཏང་བ་དེས་ནོར་སྲིད་ཀྱི་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་བཅུ་གཅིག་ལྷག་ཟིན། སྔ་རྗེས་སུ་རིགས་མི་གཅིག་པའི་སློབ་གསོའི་ལས་གཞི་ཞེ་བདུན་ལག་བསྟར་བྱས་པ་དང་། སློབ་གྲྭའི་མལ་ཁང་མུས་གྲུ་བཞི་མ་ཁྲི་ལྔ་ལྷག་གསར་དུ་བསྣན། ལས་གཞི་འདི་དག་ལག་བསྟར་བྱས་པ་དེས་ཞང་རིམ་པའི་སློབ་གྲྭར་ཡང་རྩལ་སྦྱོང་ར་བ་དང་། ལུས་རྩལ་ཐང་ལས་པར་མ་ཟད། སློབ་ཁྲིད་ཐོག་ཁང་དང་། མལ་ཁང་། སློབ་མའི་ཁྲུས་ཁང་བཅས་འཛུགས་སྐྲུན་བྱས་ཏེ། ཞང་དང་གྲོང་རྡལ་གྱི་སློབ་གྲྭ་དྲུག་གི་རྣམ་པ་གསར་པར་ བརྗེ་རུ་བཅུག་པ་དང་། རྫོང་ཡོངས་ཀྱི་སློབ་རའི་རྨང་གཞིའི་སྒྲིག་ཆས་ནི་ཁུལ་ཡོངས་ཀྱི་ཨང་དང་པོ་རུ་ཐོད་བརྒལ་བྱེད་པ་མངོན་འགྱུར་བྱས།
སློབ་ཁྲིད་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་མཐོར་འདེགས་གཏོང་ཆེད། རྫོང་སྲིད་གཞུང་གིས་ད་དུང་ཆེད་དམིགས་རྣམ་གྲངས་ཀྱི་མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་གསུམ་ཁྲི་ལྔ་ལྷག་བཏང་སྟེ། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སློབ་གྲྭར་རྩིས་འཁོར་བདུན་བརྒྱ་དང་གཅིག་ཁ་སྣོན་བྱས་པ་དང་། སློབ་མའི་སྒྲོག་ཙེ་དང་རྐུབ་སྟེགས་ཆ་ཚང་སྟོང་གསུམ་དང་བཞི་བརྒྱ་ལྔ་བཅུ་དང་། དགེ་རྒན་གྱི་ཁྲིད་སྟེགས་ཆ་ཚང་བརྒྱ་དང་སོ་བཞི། འཛིན་གྲྭ་དང་འཛིན་གྲྭའི་བར་ཆ་འཕྲིན་མཉམ་སྤྱོད་ཀྱི་སྒྲིག་ཆས་ཆ་ཚང་བརྒྱ་དང་བཅུ་གསུམ་བཅས་ཁ་གསབ་ཉོ་སྒྲུབ་བྱས། བྱེད་ལས་མང་བའི་སློབ་ཁང་དུ་སྒྲིག་ཆས་དང་དེ་མིན་དཔྱད་ཆས་ཀྱི་སྒྲོམ་གཞི་མི་འདང་ས་ཁ་གསབ་བྱས་པ་དང་། སློབ་གྲྭའི་དྲ་བ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཤོང་ཆེ་བའི་དྲ་རྒྱ་སློབ་གྲྭ་ནས་སློབ་གྲྭའི་བར་མཐུད་པ་དང་། འཛིན་གྲྭ་ནས་འཛིན་གྲྭའི་བར་ཆ་འཕྲིན་སྤུས་ལེགས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས།
ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར། རྫོང་ཡོངས་ཀྱི་སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱས་ཚད་བརྒྱ་ཆའི་གོ་དགུ་ལ་སླེབས་པ་དང་། སློབ་ལོ་རན་པའི་ན་གཞོན་སློབ་འབྲིང་དུས་རིམ་དུ་སློབ་ཞུགས་བྱས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས་ཤིང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གྱ་ལྔ་ལྷག་ལ་སླེབས་པ་དང་། ལོ་བཅོ་ལྔ་ནས་ལྔ་བཅུའི་བར་གྱི་ན་གཞོན་དང་དར་མའི་ཡིག་རྨོངས་སེལ་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས་པ་བཅས་ཚང་མ་ལོ་རྒྱུས་ལས་ཆེས་མཐོ་བའི་ཚད་ལ་སླེབས།
གཅིག་སྒྲིལ་རྫོང་གིས་ཐོག་མར་ནན་ཏན་སྒོས་ཚད་ལྡན་གྱི་དགེ་རྒན་བསྐོ་འཇོག་ཞིབ་བཤེར་གཏན་འབེབས་བྱེད་པ་ནས་མགོ་བརྩམས་ཏེ། དགེ་རྒན་གདན་ཞུ་བྱེད་ཤུགས་དངོས་གནས་ཇེ་ཆེར་བཏང་། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། ཡོངས་བསྒྲགས་གདན་ཞུ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་བ་བཅས་ཀྱི་བྱེད་སྟངས་སྤྱད་དེ་དགེ་རྒན་བརྒྱ་དང་ཞེ་གཅིག་ལ་ཁ་གསབ་བྱས་པའི་གྲས་སུ། ཡོངས་བསྒྲགས་གདན་ཞུ་དང་དམིགས་བསལ་ལས་རྐང་གི་དགེ་རྒན་བརྒྱད་ཅུ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོས་ཏེ་གདན་ཞུ་བྱས་པའི་མི་རེ་གཅིག་ཡོད། དགེ་རྒན་ལུགས་མཐུན་ངང་བཀོད་སྒྲིག་བྱ་ཆེད། ཁུལ་ཡོངས་ཀྱིས་ཆེས་མཐོ་བའི་གླ་ཕོགས་བྱིན་ནས། ཞིང་ཆེན་ཡོངས་སུ་ཁ་གཏད་དེ་རོལ་དབྱངས་དང་རྩལ་སྦྱོང་། མཛེས་རྩལ་བཅས་སྦྱོང་ཚན་དཀོན་པོའི་དགེ་རྒན་གདན་ཞུ་བྱས། དེ་དང་ཆབས་ཅིག རེབ་ཐེངས་གཅིག་གིས་སྒྲིག་ཁོངས་སུ་ཡོད་པའི་བཟོ་བ་དང་། བདེ་སྲུང་། ཇ་མ་བཅས་མཁོ་སྒྲུབ་ལས་དོན་ཐད་ཀྱི་ལས་གཉེར་མི་སྣ་གོ་དྲུག་གདན་ཞུ་བྱས།
“དགེ་རྒན་གྱི་ནུས་པ་མཐོར་འདེགས་གཏོང་བའི”བཟོ་འགོད་ལྟར། རིམ་བསགས་ཀྱིས་དགེ་རྒན་རྩ་འཛུགས་བྱས་ཏེ་ཕྱི་རོལ་ཏུ་གསོ་སྦྱོང་དང་སློབ་སྦྱོང་དུ་སོང་བ་མི་ཐེངས་དགུ་བརྒྱ་དང་གྱ་གཉིས་ལ་སླེབས་པ་དང་། དེས་ནུས་ལྡན་ངང་གཅིག་སྒྲིལ་རྫོང་གི་ཡུན་རིང་ལ་ཁ་གསབ་བྱེད་མ་ཐུབ་པའི་མི་རིགས་སློབ་གསོ་སྤུས་ལེགས་དང་ནུས་ཆེ་ངང་འཕེལ་རྒྱས་སུ་གཏོང་བའི་མི་འདང་ས་ཁ་གསབ་བྱས་པས། རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་མྱུར་མོར་འཕེལ་རྒྱས་ཡོང་བར་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།
ད་ལྟ། རྫོང་ཡོངས་སུ་ལས་རྐང་དུ་ཡོད་པའི་ཆེད་འགན་འཁུར་བའི་དགེ་རྒན་སུམ་བརྒྱ་རེ་ལྔ་ཡོད་པ་དང་། དེའི་གྲས་སུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་ཉིས་བརྒྱ་རེ་བཞི་དང་། ལས་རྐང་ཆེད་བཙུགས་ཀྱི་དགེ་རྒན་བཅོ་ལྔ། ཚབ་ཁྲིད་དགེ་རྒན་གྱ་དྲུག་བཅས་ཡོད་པ་རེད། ལས་རྐང་དུ་ཡོད་པའི་ཆེད་འགན་འཁུར་བའི་དགེ་རྒན་སུམ་བརྒྱ་རེ་ལྔའི་གྲས་སུ་སློབ་གྲྭ་ཆེ་བ་དང་ཆེད་ཚན་སློབ་གྲྭ་ཆེན་མོའམ་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་མི་སུམ་བརྒྱ་དྲུག་ཅུ་ཡོད་པ་དང་། སློབ་གཉེར་བརྒྱུད་རིམ་ཚད་ཐིག་ལ་སླེབས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས་ཡོད་པ་རེད།
ལོ་ངོ་གསུམ་གྱི་རིང་ལ། རྫོང་ཡོངས་སུ་རིམ་བསགས་བྱས་ན་དབུལ་ཕོངས་སློབ་མར་རིགས་མི་གཅིག་པའི་ཁ་གསབ་རོགས་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་བྱིན་ནས། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཡོད་ཚད་ཆ་རྐྱེན་ཞན་པའི་དབང་གིས་སློབ་མཚམས་མི་འཇོག་པར་ཁག་ཐེག་བྱས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།