མཚོ་སྔོན་གྱིས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་སྔར་ལས་དྲོ་ཞིང་སྔར་ལས་ལེགས་པོ་ཞིག་ཏུ་བསྒྱུར་རྒྱུ་རེད།
2018.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

དགུན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་ལས་དོན་ལ་ཤུགས་སྣོན་བྱེད་ཆེད། ཉེ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་ཆེད་མཁས་པ་རྣམས་རྩ་འཛུགས་བྱས་ཏེ་རྨ་ལྷོ་དང་མཚོ་ལྷོ་སོགས་ཀྱི་ས་ཆར་མངགས་ནས། ཡུལ་སྐོར་ལས་གཉེར་པ་རྣམས་ལ“སློབ་གསོ་གཞི་རིམ་དུ་སྐྱེལ་བ”ཞེས་པའི་བྱ་འགུལ་སྤེལ།

སྣེ་ཤན་གྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་སྣེ་ཤན་པའི“ནང་གི་ཡོན་ཏན་དང་ཕྱིའི་སྣང་བརྙན”གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཉེ་ལམ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་སྣེ་ཤན་པ་དྲུག་ཅུ་ལྷག་རྩ་འཛུགས་བྱས་ཏེ་དུས་ཡུན་ཉིན་བདུན་རིང་ལ་ཡུལ་དངོས་གསོ་སྦྱོང་བྱེད་པའི་བྱ་འགུལ་སྤེལ།

2006ལོར། རང་ཞིང་གིས་མཚོ་འགྲམ་བོད་མཁར་རྐང་ཚ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་སྐབས་དང་པོ་སྤེལ་བའི་མཛད་སྒོ་བསྡུས་པ་དང་། དེ་ནི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཐད་ནས་གོམ་པ་དང་པོ་སྤོས་པ་རེད།

དེ་ནས་བཟུང་། ལོ་ཡི་ཁར་ལོ་མཐུད་ནས་ཕྱོགས་མང་པོས་ཧུར་བརྩོན་གྱིས་མཉམ་ལས་བྱས་འོག རང་ཞིང་གི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་ཡུལ་སྐོར་དུས་གཞུང་གི་རྒྱུན་མུ་མཐུད་དུ་ཇེ་རིང་ལ་བཏང་།

ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་མི་ཐེངས་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུའི་ཡན་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་ཆ་སྙོམས་ཀྱིས་བརྒྱ་ཆའི་སུམ་ཅུའི་ཡན་འཕར།

ཕྱོགས་མང་པོ་ནས་སྟོབས་ཤུགས་བཏོན་ཏེ་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར“སྔར་ལས་དྲོ”རུ་བཅུག

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་སོ་སོ་དང་མཉམ་འབྲེལ་བྱས་ཏེ། ས་ཆ་སོ་སོའི་དགུན་དཔྱིད་དུས་ཚིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་མུ་མཐུད་དུ་འཚོལ་སྙེག་དང་སྔོག་འདོན་བྱས་པ་དང་ཡུལ་སྐོར་ལམ་ཐིག་མཉམ་སྡེབ་དང་བསྐྱར་སྒྲིག་བྱས་ནས། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་དགུན་དཔྱིད་དུས་ཚིགས་ཀྱི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་སྣ་ཚོགས། དགུན་དཔྱིད་དུས་ཚིགས་ཀྱི་ངོ་མཚར་བའི་ཁྱད་ལྡན་ཡུལ་སྐོར་གཞན་ལ་ངོམ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི2018ལོ་ནས2019ལོའི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་བྱ་འགུལ་ཇུས་གཞི》བཏོན་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར“སྒེར་འཁོར་བསྐོར་བའི་མཛེས་ལྗོངས་ཡུལ་སྐོར”དང“སྤྲོ་སྐྱིད་ཀྱི་དགུན་ཁའི་གངས་འཁྱགས་ཡུལ་སྐོར” “ཞིང་སྡེའི་ཡུལ་སྐོར་དང་རིག་གནས་ཡུལ་སྐོར”“ཡུལ་སྐོར་ལས་རིགས”སོགས་རིགས་ཆེན་པོ་བཅུའི་སྣ་ཁ་བརྒྱ་ཙམ་གྱི་ཡུལ་སྐོར་བྱ་འགུལ་སྤེལ་རྩིས་ཡོད། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཐོན་རྫས་གསར་བ་དང་ལམ་ཐིག་གསར་བ། དེ་མིན་དམངས་སྲོལ་ཡུལ་སྐོར་དང་སྒེར་འཁོར་ཡུལ་སྐོར། ཞིང་སྡེའི་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། འདྲ་ལེན་བརྙན་ཕབ་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཁྱོན་ཡོངས་ནས་ངོམ་རྒྱུ་རེད། དགུན་དཔྱིད་དུས་ཚིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དང་བྱ་འགུལ་བཏོན་ནས། མཚོ་སྔོན་ཡུལ་སྐོར་གྱི་དགུན་འཁྱགས་ལ་ཡང་བསྐྱར་མེ་དཔུང་སྦར་ནས། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཚོང་ཁྲོམ་བསྲོས་ཏེ། ཡུལ་སྐོར་ཐོན་ལས་ཆ་འགྲིག་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཟླ10པའི་ཚེས17ཉིན། ཀྲུང་གོའི་ནུབ་བྱང་གི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་མགོ་རྩོམ་མཛད་སྒོ་ཕེན་ཨན་ས་ཚིགས་ཡོན་ཅ་སྡེ་བ་ནས་སྤེལ། ནུབ་བྱང་གི་ཞིང་ལྗོངས་ལྔ་མཉམ་འབྲེལ་བྱས་ཏེ་ངོ་མཚར་གྱི་ནུབ་བྱང་ཆེན་མོའི་དགུན་དཔྱིད་དུས་ཚིགས་ཀྱིས་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་བྱས། དུས་མཉམ་དུ། རང་ཞིང་གི་ལྗོངས་ཁུལ་སུམ་ཅུ་ལྷག་དང་སྐར་རིམ་མགྲོན་ཁང་མང་པོས་ཚད་རིམ་མི་འདྲ་བའི་རིན་གཅོག་བྱ་འགུལ་དང་དམངས་ཕན་སྲིད་ཇུས་སྤེལ། བྱ་འགུལ་སྣ་ཚོགས་སྤེལ་བ་ནི་རིམ་པ་མང་པོ་དང་ཟུར་མི་འདྲ་བ་ནས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ལ་ཡར་སྐུལ་དང་། མི་དམངས“ཕྱི་རུ་བསྐྱོད་པ”ལ་སྐུལ་འདེད་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་མྱོང་བྱེད་དུ་འཇུག་ཆེད་ཡིན།

བྱེད་ཐབས་མང་པོ་སྤྱད་ནས་དགུན་དཔྱིད་ཡུལ་སྐོར“སྔར་བས་ལེགས་པ”ཞིག་ཏུ་བསྒྱུར་རྒྱུ་རེད།

ཡུལ་སྐོར་པས་ཡུལ་སྐོར་བྱེད་ཡུལ་དུ་རིགས་མི་འདྲ་བའི་མཛེས་ལྗོངས་ལ་ལྟད་མོར་བལྟ་དུས། སྔར་ལས་བཟང་ཞིང་སྔར་ལསས་དྲོད་འཇམ་གྱི་ཡུལ་སྐོར་ཞབས་ཞུ་ཞིག་ལ་རེ་བཞིན་ཡོད། ཉིན་དཀར་མཛེས་ལྗོངས་ལ་ལྟད་མོར་རོལ་རྗེས་གསོལ་ཁང་དང་མགྲོན་ཁང་ནས་ཁྱད་ལྡན་ཞིམ་ཟས་ཤིག་གི་བྲོ་བ་མྱོང་བ་དང་སྐྱིད་པོའི་ཞབས་ཞུ་ཞིག་ཉམས་ལེན་བྱས་ནས་ངལ་གསོ་བྱེད་འདོད་ཡོད།

རང་ཞིང་གིས་ཡུལ་སྐོར་ལས་གཉེར་པ་ཇེ་མང་དུ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གསར་གཏོད་དང་གསོ་སྦྱོང་མཉམ་སྤེལ་བྱས་ཏེ་སྤུས་ཀ་དང་གྲངས་ཀ་གཉིས་ཀ་ཇེ་མཐོར་གཏོང་བའི་དམིགས་འབེན་འགྲུབ་ཆེད། རང་ཞིང་གིས་ཟླ10པ་ནས་ལོ་རྗེས་མའི་ཟླ4པའི་བར་གྱི་གོ་སྐབས་བཟང་པོ་བེད་སྤྱོད་གང་ལེགས་བྱས་ནས་ཞབས་ཞུའི་རྣམ་འགྱུར་དང་དོ་དམ་སོགས་ཀྱི་ཕྱོགས་ལ་ཤུགས་འདོན་ཚད་ཇེ་ཆེར་བཏང་ནས། གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་གནས་ཀྱི་དཔྱད་འདེམས་ཚད་གཞི་དྲིལ་སྒྲོག་གསོ་སྦྱོང་འཛིན་གྲྭ་དང་ཡུལ་སྐོར་སྡོམ་རྩིས་མི་སྣའི་གསོ་སྦྱོང་འཛིན་གྲྭ། ཕུལ་བྱུང་སྣེ་ཤན་པའི་གསོ་སྦྱོང་འཛིན་གྲྭ། སྐར་རིམ་མགྲོན་ཁང་གི་སྤྱི་གཉེར་པའི་གསོ་སྦྱོང་འཛིན་གྲྭ། Aརིམ་པའི་ལྗོངས་ཁུལ་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་གཞི་ཁྱོན་མི་འདྲ་བའི་སྣེ་ཤན་པའི་འགྲན་སྡུར་དང་། རིམ་པ་མི་འདྲ་བའི་ཡུལ་སྐོར་ཚོང་གཉེར་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་རྒྱུ་རེད།

བྱ་འགུལ་རབ་དང་རིམ་པ་སྤེལ་བ་ཚང་མ་མཚོ་སྔོན་ཡུལ་སྐོར་གྱི་ཞབས་ཞུའི་རྣམ་འགྱུར་དང་དོ་དམ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར“སྔར་ལས་ཇེ་ལེགས”སུ་གཏོང་རྒྱུའི་ཆེད་ཡིན།

ཡུལ་སྐོར་འཕེལ་རྒྱས་སུ་སོང་ན་ཞབས་ཞུའི་སྤུས་ཚད་ཀྱང་རྗེས་ཆོད་དགོས་ལ། ཞབས་ཞུའི་རྣམ་འགྱུར་དང་དོ་དམ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་འཇོན་མི་ནི་གནད་འགག་ཅིག་ཡིན། ད་ལྟ། རང་ཞིང་གིས་མཐོ་སྒང་ཡུལ་སྐོར་བྱེད་ཡུལ་ཧུར་བརྩོན་གྱིས་སྐྲུན་བཞིན་ཡོད་པ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སྐབས་སུ་ཐོན་ཡོད་པས་ཡུལ་སྐོར་འཇོན་མིའི་དགོས་མཁོ་ཤིན་ཏུ་ཆེ།

ཞབས་ཞུའི་སྤུས་ཀ་ནི་ཡུལ་སྐོར་ལས་རིགས་ཀྱི་སྲོག་རྩ་ལྟ་བུ་ཡིན། “ཞབས་ཞུའི་སྤུས་ཀ”མངོན་འགྱུར་བྱེད་ན་ངེས་པར་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་དང་འགྲན་རྩོད་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ཞབས་ཞུའི་སྤུས་ཀ་བཟང་མིན་ནི་ཡུལ་སྐོར་ཁང་དང་། ད་རུང་ཡུལ་སྐོར་སྐར་རིམ་མགྲོན་ཁང་དང་ཡུལ་སྐོར་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་འགུགས་པའི་ཤུགས་འདོན་སའི་ཁྲོད་ཀྱི་གཅིག་ཡིན། དུས་མཉམ་དུ་ཡུལ་སྐོར་ཁེ་ལས་ཀྱི་རྒྱུན་ལྡན་འགྲན་རྩོད་ལ་ཡར་སྐུལ་བྱེད་པའི་གནད་འགག་ཀྱང་ཡིན།

ཡུལ་སྐོར་འཇོན་མི་འཛུགས་སྐྲུན་བྱེད་ཆེད། མཚོ་སྔོན་གྱིས་ལོ་གཅིག་ལ་ཐེངས་གཅིག་གི་སྣེ་ཤན་པའི་ཐོབ་ཐང་རྒྱུགས་སྤྲོད་པ་བརྒྱུད་ནས་སྣེ་ཤན་པའི་དཔུང་ཁག་ཇེ་ཆེར་གཏོང་བཞིན་ཡོད། རྒྱལ་ཡོངས་སྣེ་ཤན་པའི་ཐོབ་ཐང་དཔང་ཡིག་ལ་རྒྱུགས་འཕྲོད་མཁན་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་བསྟུན་ནས། དབྱིན་ཡིག་སྣེ་ཤན་པ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། ཉི་ཧོང་སྐད་དང་ཁོ་རེ་ཡའི་སྐད་ཀྱི་སྣེ་ཤན་པའང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

དུས་མཉམ་དུ། ཡུལ་སྐོར་སྐར་རིམ་གསོལ་ཁང་གིས་ཞབས་ཞུ་པ་རྣམས་ལ“འཛུམ་མདངས་ཞབས་ཞུ”དང“ཞེ་ཚིག་བེད་སྤྱོད”བྱེད་པ་དང་། སྟབས་བདེ་སྒོས་དབྱིན་སྐད་ཀྱི་ལམ་ནས་ཡུལ་སྐོར་པར་ཁ་བརྡ་བྱེད་པ་སོགས་ཀྱི་རེ་བ་བཏོན་ཏེ། ཚད་རིམ་མི་འདྲ་བའི་སྟེང་ནས་མཚོ་སྔོན་ཡུལ་སྐོར་གྱི་སྣང་བརྙན་ཇེ་མཐོར་བཏང་བ་དང་། ཡུལ་སྐོར་ལས་རིགས་ཀྱིས་རང་ཞིང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དུ་འཇུག་རྒྱུ་རེད། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།