བདེ་སྐྱིད་རྒན་གསོ་ཁང་གི་བདེ་སྐྱིད་འཚོ་བ།
2018.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་གི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་རྣ་ལམ་དུ་གསལ་ལེར་རྒྱུ་ཡོང་། ལྷས་རའི་ནང་ཐོན་པའི་མོད་ལ། ལོ་ལོན་རྣམས་ཀྱིས་ལག་རྡང་གི་ཨ་ལོང་གཅིག་ཏུ་སྦྲེལ་ནས་སྤྲོ་སྐྱིད་ཀྱི་སྐོར་བྲོ་འཁྲབ་བཞིན་འདུག ཉི་འོད་འཇམ་པོའི་འོག་ཏུ་ཁོ་ཚོ་རེ་རེར་སྤྲོ་སྐྱིད་དང་སྟོབས་ཤུགས་ཀྱིས་ཁེངས་ཤིང་། སྐད་ཅིག་མའི་རྣམ་པ་དེས་མི་རྣམས་ཀྱི་སེམས་སུ་རང་དབང་མེད་པར་སྐྱིད་སྣང་ཞིག་ངང་གིས་སྟེར།

འབྲི་སྟོད་རྫོང་གི་མངའ་ཁོངས་སུ་ཞང་ལྔ་དང་གྲོང་རྡལ་གཅིག་ཡོད་པ་དང་། འབྲོག་དམངས་ཨུ་ཡོན་ལྷན་ཁང་ཉི་ཤུ་ཐམ་པ་དང་འབྲོག་དམངས་ཀྱི་ཚོ་ཆུང་དྲུག་ཅུ་རེ་བརྒྱད་ཡོད་པ་དང་། སྡོད་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་དྲུག་བཅས་ཡོད་པ་རེད། རྫོང་ཡོངས་ལ་མི་གྲངས་ཁྲི་བཞི་དང་སྟོང་གསུམ་ཡོད་ལ་དེའི་ནང་མཁར་གྲོང་གི་དབུལ་ཕོངས་ཚབས་ཆེན་གསོ་སྐྱོང་བྱེད་ཡུལ་མི་གྲངས་དྲུག་བརྒྱ་དང་ཉེར་བརྒྱད་ཡོད། རྫོང་ཡོངས་སུ་བསྡོམས་པས་རྒན་གསོ་ཁང་ལྔ་ཡོད་པ་དང་དེ་དག་ནི་སོ་སོར་བདེ་སྐྱིད་རྒན་གསོ་ཁང་དང་འཆམ་མཐུན་རྒན་གསོ་ཁང་། དྲིན་གཟོ་རྒན་གསོ་ཁང་། ཚེ་འཕེལ་རྒན་གསོ་ཁང་། གཡོན་ཁོག་མདའ་ཞང་རྒན་གསོ་ཁང་བཅས་ཡིན་ལ་དེ་དག་ཚང་མར་བསྡོམས་པས་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་གཉིས་བཏང་བ་དང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་ཡོད་ལ་བསྡོམས་པས་ཉལ་ཁྲི་དྲུག་བརྒྱ་དང་ལྔ་བཅུ་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་དབུལ་ཕོངས་ཚབས་ཆེན་གྱི་གསོ་སྐྱོང་མི་སྣ་གཅིག་བསྡུས་ཀྱིས་གསོ་སྐྱོང་བྱེད་པའི་བྱ་བས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པའི་རྫོང་གཅིག་པུ་ཡིན།

ལོ་ན་རེ་བརྒྱད་ལ་སོན་པའི་ཨོ་རྒྱ་ཉིན་རྒྱུན་ལྟར་ཞོགས་པར་དུས་ཚོད་བརྒྱད་དང་ཕྱེད་ཀ་དང་དགོང་མོ་དུས་ཚོད་དྲུག་གི་སྟེང་སྐོར་བྲོ་འཁྲབ་པའི་དུས་ཚོད་ལ་དུས་འཛོལ་མེད་པར་ཡོང་བཞིན་ཡོད་པ་དང་། ཁོ་མོས་བལྟས་ན། ཉིན་རྒྱུན་དུ་སྐོར་བྲོ་འཁྲབ་པའི་དུས་ཚོད་ནི་གྲོགས་པོ་རྣམས་མཉམ་འཛོམས་བྱེད་པའི་དུས་མཚམས་ལེགས་ཤོས་དེ་ཡིན་པ་དང་། ཁོ་མོ་དེ་ལྟ་བུའི་ཉིན་མོར་ཤིན་ཏུ་དགའ་བས་ནམ་རྒྱུན་ཆགས་མེད་དུ་ཡོང་གི་ཡོད་པ་རེད།

“ང་ཚོའི་རྒན་གསོ་ཁང་དངོས་གནས་སྐྱིད་པོ་རེད། ང་ཚོས་བཟའ་བཏུང་དང་གྱོན་པར་སེམས་ཁུར་ཅི་ཡང་བྱེད་མི་དགོས། ནམ་རྒྱུན་དུ་ནངས་དགོང་གི་དུས་སུ་སྐོར་བྲོ་འཁྲབ་བཞིན་ཡོད་པས་སེམས་ཁམས་ཤིན་ཏུ་སྐྱིད་པོ་རེད།” ད་སོ་མར་སྐོར་བྲོ་འཁྲབ་ནས་ཚར་རུང་ཡིན་པའི་ཨོ་རྒྱ་ཡི་གདོང་ལ་སྤྲོ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ཞོར་དེ་ལྟར་ཟེར།

རྒན་གསོ་ཁང་དེའི་མགོ་བ་སྟག་ཁོ་ཡིས་མཚམས་སྦྱོར་བྱེད་རྒྱུར། “འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་དུ་ལོ་ལོན་བརྒྱ་དང་གྱ་དྲུག་ཡོད། ཉིན་རྒྱུན་དུ་ཁོ་ཚོའི་ཁྲོད་ཀྱི་ལོ་ལོན་སུམ་བཅུ་ནས་བཞི་བཅུ་ཙམ་ཞིག་མཉམ་དུ་འདུས་ནས་སྐོར་བྲོ་འཁྲབ་བཞིན་ཡོད་པ་རེད། ”

“ང་ཚོའི་བདེ་སྐྱིད་རྒན་གསོ་ཁང་དུ་ལྔ་སྐྱོང་ལོ་ལོན་དང་ཡིག་ཚགས་བྱང་བུ་བཟོས་པའི་ལོ་ལོན། དེ་མིན་དབང་བོ་སྐྱོན་ཅན་གྱི་ལོ་ལོན་སོགས་ཡོད། རྒན་གསོ་ཁང་འདིར་མ་ཡོང་བའི་ཡར་སྔོན་དུ་ཁོ་ཚོའི་འཚོ་བའི་ཆ་རྐྱེན་དེ་ཅུང་ཞན་པ་རེད། ད་ལྟ་རྒན་གསོ་ཁང་འདི་འདྲ་ཞིག་ཡོད་པས་ལོ་ལོན་འདི་དག་འདུག་ས་སྐྱིད་པོ་དང་ཟ་མ་ཞིམ་པོ་བཟའ་ཐུབ་པར་བྱེད་རྒྱུ་ནི་ང་ཚོའི་སེམས་ཀྱི་རེ་འདུན་ཡིན། ”སྟག་ཁོས་དེ་ལྟར་བཤད།

གསར་འགོད་པ་རྒན་གསོ་ཁང་དེའི་ལས་བྱེད་མི་སྣ་དང་མཉམ་དུ་རྒན་གསོ་ཁང་གི་ཕྱོགས་བསྡུས་ཐོག་ཁང་དུ་ཐོན་དུས། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་དེང་རབས་ཅན་གྱི་རྒན་གསོ་ཁང་ཞིག་ང་ཚོའི་མིག་འདུན་དུ་མངོན་པར་བྱེད་ཅིང་། དེ་རུ་ཟ་ཁང་དང་འགྱིག་འདེད་ས། ཁ་བརྡ་བྱེད་ས། བྱམས་བརྩེ་རང་འདེམ་ཚོང་ཁང་། རྒན་པའི་དཔེ་ཁང་བཅས་གཞི་གཅིག་ཏུ་ཡོད་པ་དང་། མཚོ་ངོས་ལས་འདི་འདྲ་མཐོ་ཞིང་འདི་འདྲའི་མཐའ་འཁོབ་ཀྱི་ས་ཁུལ་ཞིག་ཏུ་འདི་ལྟ་བུའི་བྱེད་སྒོ་ཆ་ཚང་བའི་རྒན་གསོ་ཁང་ཞིག་ཡོད་པ་ནི་ངོ་མ་བཤད་ན་བློ་ཡུལ་ལའང་འཆར་དཀའ་བ་ཞིག་རེད།

བདེ་སྐྱིད་རྒན་གསོ་ཁང་ནི་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བར་བཀོལ་སྤྱོད་བྱེད་མགོ་ཚུགས་པ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་བདུན་དང་བརྒྱད་བརྒྱ་ཞེ་བརྒྱད་ཡོད་ཅིང་། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་བཞི་བཏང་ལ་ཉལ་ཁྲི་བརྒྱ་དང་གྱ་དྲུག་ཡོད།  ད་ལྟ་བདེ་སྐྱིད་རྒན་གསོ་ཁང་དུ་ལོ་ལོན་བརྒྱ་དང་གྱ་དྲུག་ཡོད་པའི་ནང་དུ་ལྔ་སྐྱོང་ལོ་ལོན་དྲུག་བཅུ་ཡོད་པ་དང་ཡིག་ཚགས་བྱང་བུ་བཟོས་པའི་ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་ལོ་ལོན་བརྒྱ་དང་ཉེར་དྲུག་ཡོད་པ་རེད། རྫོང་ནོར་སྲིད་ཀྱིས་ཟླ་རེར་ཁོ་ཚོ་མི་རེ་ལ་སྒོར་མོ་བཞི་བརྒྱ་དང་ང་བཞི་སྟེར་གྱི་ཡོད་པ་དང་། དེ་དང་མཉམ་དུ་བདེ་སྐྱིད་རྒན་གསོ་ཁང་གི་ལྔ་སྐྱོང་ལོ་ལོན་རྣམས་ལ་དབྱར་ལྭ་དང་དགུན་ལྭ་སོགས་འཚོ་བའི་སྤྱོད་ཆས་རིན་མེད་དུ་བྱིན་ཏེ། ཁོ་ཚོའི་འཚོ་བའི་གནད་དོན་ཐག་གཅོད་བྱས་ནས་ལྔ་སྐྱོང་ལོ་ལོན་རྣམས་ལ་ཏང་གི་དྲོད་སྐྱིད་དང་སྲིད་གཞུང་གི་བརྩེ་སེམས་ཚོར་དུ་བཅུག

“བདེ་སྐྱིད་རྒན་གསོ་ཁང་དུ་ད་དུང་ཆེད་ལས་སྨན་བཅོས་མི་སྣ་གདན་ཞུ་བྱས་ཏེ་སྨན་ཁང་ཆུང་ངུ་ཞིག་བཙུགས་ཡོད་པ་དང་། དེར་ཡོད་པའི་ལོ་ལོན་རྣམས་ལ་ནད་ཆུང་གྲས་ཀྱི་རིགས་བྱུང་ན་རྒན་གསོ་ཁང་ནས་ཕྱི་རོལ་དུ་འགྲོ་མི་དགོས་པར་སྨན་བཅོས་བྱས་ཆོག་པ་དང་ལོ་མང་པོའི་རིང་ལ་དལ་བའི་རང་བཞིན་ཅན་གྱི་ནད་བྱུང་ཡོད་པའི་ལོ་ལོན་རྣམས་ལ་ཆེད་དུ་ཡིག་ཚགས་བྱང་བུ་བཟོས་ནས་ཉིན་རྒྱུན་ལྟར་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་པར་མ་ཟད། རྫོང་སྨན་ཁང་ལ་སྨན་བཅོས་ཞབས་ཞུའི་གྲོས་ཆོད་བཞག་སྟེ། ལོ་ལོན་རྣམས་སྔོན་ལ་སྨན་ཁང་དུ་ཞགས་སྡོད་བྱེད་པ་དང་རྗེས་སུ་རྩིས་ཐོ་འགོད་པའི་ཕན་འབྲས་ལྡན་པའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་ཡིན།” ཞེས་སྟག་ཁོ་ཡིས་བཤད།

ཉེ་བའི་ལོ་འགའི་རིང་། འབྲི་སྟོད་རྫོང་གིས་རྒན་གསོ་ཁང་གི་ཞབས་ཞུའི་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་དེ་དུས་རབས་གསར་བའི་དམངས་སྲིད་བྱ་བའི་གནད་དོན་གཙོ་བོར་འཛིན་པ་དང་ལོ་ལོན་རྣམས་ཀྱི་ཚེ་སྲོག་དང་འཚོ་བའི་སྤུས་ཚད་མཐོར་འདེགས་བྱེད་པ་དང་ལས་ཞུགས་ཀྱི་རྒྱུ་ལམ་རྒྱ་བསྐྱེད་པའི་འགན་སྲུང་གལ་ཆེན་དུ་བརྩིས་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་འཁོར་རྒྱུགས་བྱེད་པ་དེ་ཁ་ཕྱོགས་གཙོ་བོར་བཟུང་ནས“ལོ་ལོན་ན་ཡོད་པ་དྲུག”གི་བྱ་བའི་དམིགས་འབེན་ལ་རྐང་བཙུགས་ཏེ། འབད་བརྩོན་ཆེན་པོས་རྒན་བཀུར་རྫོང་དང་བརྩེ་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། རིམ་བཞིན་སྒྲིག་གཞིའི་རྒན་གསོ་ཞབས་ཞུ་རྨང་གཞི་ཡིན་པ་དང་རྒན་གསོའི་རྣམ་པ་གཞན་དག་ལ་ཁ་གསབ་བྱེད་སྟངས་འཚོལ་ཞིབ་བྱས་ནས། རྨང་གཞི་སྔོན་དུ་བསྐྱོད་པ་དང་ཁ་གསབ་རིམ་བཞིན་འཕར་བ་སོགས་ཀྱི་བྱེད་སྟངས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བའི་རྒན་གསོའི་ཞབས་ཞུའི་རྣམ་པ་གྲུབ་པར་བྱས་ནས་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི“འབྲི་སྟོད་ཀྱི་ལམ ”དུ་བསྐྱོད།

                                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།