གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་ས་ཡ་ལྷག་གཙང་སྦྲའི་ལས་ཀའི་ཁྲོད་ཞུགས།
2018.12.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་ལེགས་བཅོས་ཐོབ་ན་ད་གཟོད་མཛེས་སྡུག་ལྡན་ངེས།

གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོང་རྒྱུ་ནི་མཐོ་སྒང་གི་མི་རྣམས་ཀྱི་ལྡོག་མེད་ཀྱི་འགན་འཁྲི་དང་འོས་འགན་རེད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་གཙང་སྦྲའི་ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་བླངས།

གཅིག གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་གཙང་སྦྲའི་ལས་ཀ་ལག་བསྟར་བྱས་པའི་ཁྱབ་ཁོངས་སུ་ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞི་ཡི་རྫོང་ཉེར་གཅིག་དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་བཅས་ཞང་དང་གྲོང་རྡལ་བརྒྱ་དང་ང་བརྒྱད་དང་སྡེ་བ་སྟོང་གཅིག་དང་བརྒྱ། འབྲོག་པའི་གཏན་སྡོད་གནས་ཉིས་བརྒྱ་དང་སུམ་ཅུ། རོང་འབྲོག་པའི་མི་གྲངས་ས་ཡ་གཅིག་དང་ཁྲི་དྲུག་འདུས།

2014ལོར། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོས་གྲོང་རྡལ་དང་སྡེ་བའི་གཞུང་ལམ་འགྲམ་རྒྱུད་དང་། རྨ་ཆུ་དང་འབྲི་ཆུའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་ལ། གྲོང་རྡལ་དང་སྡེ་བ། སྡོད་ཁུལ་བཅས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་པས། གཙང་སྦྲའི་ལམ་ལུགས་དང་དུས་ཡུན་རིང་བོར་འགན་སྲུང་གི་ནང་རྐྱེན་བཙུགས། 2015ལོ་ནས2016ལོར། རོང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཚད་ཇེ་ཆེར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་ཁོར་ཡུག་ལེགས་བཅོས་བྱེད་ཐབས་གཏིང་ཟབ་ཏུ་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གྲོང་རྡལ་དང་སྡེ་བ། སྡོད་ཁུལ་བཅས་སུ་གད་སྙིགས་གཅིག་བསྡུས་སྐྱེལ་འདྲེན་དང་བདེ་འཇགས་ཀྱི་ཐག་གཅོད་མ་ལག་བརྟན་པོ་ཆགས། 2017ལོར། གཙང་གསུམ་འབྱུང་ཡུལ་གྱི་མཁར་གྲོང་ཉེ་འགྲམ་གྱི་གཞི་རྒྱ་ཆེ་བའི་སྡེ་བའི་བཙོག་ཆུ་ཐག་གཅོད་གནད་དོན་གཙོ་བོར་དམ་འཛིན་བྱས་ནས་ལག་བསྟར་བྱས་པས། རྨ་སྟོད་དང་རྫ་སྟོད་རྫོང་དུ་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་ཚོད་ལྟའི་གནས་བཙུགས་པ་མ་ཟད་ལེགས་འགྲུབ་བྱུང་། 2018ལོར། གཙང་གསུམ་འབྱུང་ཡུལ་གྱི་གཙང་སྦྲའི་ལས་ཀ་ཕྱོགས་ཡོངས་སུ་ཕལ་ཆེར་ཁེབས་ཡོད།

སྤྱིའི་ཆ་ནས་བལྟས་ན། ལས་གཞི་ལག་བསྟར་དང་དོ་དམ་བྱས་པ་ཚད་ལྡན་ཡིན་ལ། རོང་འབྲོག་ཁུལ་གྱི་ཁོར་ཡུག་གི་རྣམ་པ་མངོན་གསལ་སྒོས་ལེགས་བཅོས་ཐོབ། ལས་གཞི་སྟོང་ལྷག་ལག་བསྟར་བྱས་པས་སྡེ་བའི་རྣམ་པ་གསར་བར་གྱུར་ཡོད།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་སྐོར་གཟིག་པ་གཞོན་པ་ཧུའུ་ཞའོ་ལིན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་། ལོ་འདི་འགའི་རིང་ས་ཆ་སོ་སོའི་སྲིད་གཞུང་གིས་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་རུ་གཙང་སྦྲའི་ལས་དོན་གྱི་ཡུན་ཕན་ནང་རྐྱེན་བཙུགས་ཏེ། ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་ཀྱི་བྱ་བ་སྔོན་ལ་སྤེལ། གཅིག་ནས་གད་སྙིགས་གཙང་སེལ་བྱེད་པ། སྡོད་ཁུལ་དང་སྲང་ལམ། སྡེ་བ། ཆུ་རྐ་སོགས་སུ་ཐར་ཐོར་དུ་བཞག་ཡོད་པའི་གད་སྙིགས་གཅིག་བསྡུས་སྒོས་གཙང་བཤེར་ལེགས་བཅོས་བྱས། ཁྱད་པར་དུ་རྫ་སྟོད་རྫོང་གི་གད་སྙིགས་རིགས་དགར་ནས་ཐག་གཅོད་བྱས་པ་དེས་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱས། གཉིས་ནས་འགྱིག་ཤོག་གི་སྦག་བཙོག་ལེགས་བཅོས་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་ལྗོངས་ཁུལ། ཞིང་ལས་ཉོ་འཚོང་ཚོང་རའི་ཉེ་འགྲམ། ཞིང་སའི་སྟེང་གང་འདོད་དུ་གཡུག་པའི་ཚོང་རྫས་ཀྱི་ཕྱི་ཐུམ་དང་ཤོག་སྒམ། དེ་མིན་ཞིང་ཁའི་སྟེང་བཀབ་པའི་འགྱིག་ཤོག་སོགས་གཅིག་བསྡུས་སྒོས་གཙང་སེལ་དང་ཕྱིར་བསྡུ་བྱས་ནས་ཐག་གཅོད་འོས་འཚམ་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་བྱེད་ཐབས་ལ་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཁས་ལེན་དང་གདེང་འཇོག་ཐོབ། གསུམ་ནས་སྡེ་བའི་རྣམ་པ་ལེགས་བཅོས་བྱས་པ། སྡེ་བ་དང་འབྲོག་པའི་གཏན་སྡོད་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཅིག་བསྡུས་སྒོས་མཛེས་བསྒྱུར་དང་ལེགས་བཅོས་བྱས་པ་དང་། གང་འདོད་དུ་འཛུགས་སྐྲུན་བྱས་ཡོད་པ་དང་འབུད་ཤིང་སོགས་གང་སར་བརྩིགས་པ། ལུད་རྫས་གང་སར་འཇོག་པ། ཆུ་རྙོག་གང་སར་འཕོ་བ་སོགས་ཀྱི་སྣང་ཚུལ་མེད་པར་བཟོས་ནས། སྡེ་བའི་རྣམ་པ་དང་སྣང་བརྙན་རྩ་བ་ནས་བསྒྱུར། དེ་དང་ཆབས་ཅིག རོང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། འཚོ་བའི་གད་སྙིགས་གཅིག་བསྡུས་སྐྱེལ་འདྲེན་ཐག་གཅོད་ཀྱི་སྒྲིག་ཆས་ཁ་ཚང་སྒྲིག་ནས། གད་སྙིགས་སྐྱེལ་འདྲེན་རླངས་འཁོར་དང་གད་སྙིགས་སྒམ་གང་སར་ཡོད་པ་མངོན་འགྱུར་བྱས། རོང་འབྲོག་ཁུལ་གྱི་སྤྱི་པའི་སྤྱོད་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྡེ་བ་སོ་སོར་སྤྱི་པའི་སྤྱོད་ཁང་ལས་པ་དང་། འཐུང་ཆུའི་ཆུ་ཁུངས་ལ་སྲུང་སྐྱོབ་བྱས་ནས། ས་ཁུལ་གཙོ་བོ་སྐོར་ཞིག་གི་འཚོ་བའི་བཙོག་ཆུ་ཐག་གཅོད་ལ་སྐུལ་འདེད་བྱས།

གཉིས། རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་སྙིང་ས་ཁུལ་དུ་གནས་ཡོད་པ་དང་། ཆ་སྙོམས་བྱས་ན་མཚོ་ངོས་ལས་མུས་སྟོང་བཞི་དང་སུམ་བརྒྱའི་ཡན་ཡོད། ལོ་གཅིག་གི་ནང་ཟླ་བཅུ་གཅིག་ལ་དྲོད་རླངས་གཏོང་དགོས་པས། དུ་བ་ལང་ལོང་འཁྲུག་ཏེ་ཁོར་ཡུག་ལ་བཙོག་སྐྱོན་ཆེན་པོ་བཟོ་བཞིན་ཡོད།

2017ལོའི་ཟླ་བདུན་པར། རྨ་སྟོད་རྫོང་མི་རིགས་སློབ་འབྲིང་དུ་ནུས་ཁུངས་གཙང་མའི་དྲོད་འདོན་དཔེ་སྟོན་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། དེ་ནི“རྡོ་སོལ་གློག་ཏུ་བསྒྱུར་བའི”རང་རྒྱལ་གྱི་མཐོ་སྒང་ས་ཁུལ་དུ་གཞི་རྒྱ་ཆེ་བའི་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་ལས་གཞི་ཐོག་མ་ཡིན་ལ། རྒྱལ་ཁབ་གློག་དྲའི་ཀུང་ཟིས་ལག་བསྟར་བྱེད་བཞིན་ཡོད། རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་ནུས་ཁུངས་གཙང་མའི་དྲོད་འདོན་དཔེ་སྟོན་ལས་གཞིའི་བཟོ་སྐྲུན་ཁྲོད། སྔར་ཡོད་ཀྱི་ཁྲོ་ཐབ་ཁང་བ་བཤིག་པ་དང་། སྔར་གྱི་གནས་སུ་ཁྲོ་ཐབ་ཁང་བ་གསར་བ་ཞིག་ལས་ཏེ། ཁྲོ་ཐབ་ཚོད་འཛིན་ཁང་དང་འཁོར་སྐྱོད་ཁང་། ཚད་རྡུལ་ཆུ་འཁོལ་འཕྲུལ་ཆས་འཇོག་ཁང་། ཆུ་འཐེན་འཕྲུལ་འཁོར་འཇོག་ཁང་། གློག་གཏོང་ཁང་། ལྭ་བ་བཀྲུ་ཁང་སོགས་ཡོད་པ་དང་། ཚད་རྡུལ་ཆུ་འཁོལ་འཕྲུལ་ཆས་ཁང་དུ་ནུས་ཚད་སྟོང་ཝ་བརྒྱ་དང་ཉི་ཤུ་ཡོད་པའི་ཚད་རྡུལ་ཁྲོ་ཐབ་བཅུ་གཉིས་བཞག་ཡོད་པ་དང་། ཐོག་ཁང་གསུམ་གྱི་ཆུ་འདྲེན་སྦུ་གུ་དང་དྲོད་རླངས་ལྕགས་ལེབ་བརྗེས་པ་རེད།

2017ལོའི་དགུན་ཐོན་སྐབས། རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་སློབ་ཁང་དང་ཉལ་ཁང་སོགས་ཀྱི་དྲོད་རླངས་སྦུ་གུ་གསར་བ་བརྗེ་ཡོད་པ་མཐོང་། ཚང་མས་སོལ་རྡུལ་ཁྲོད་དགུན་བསྐྱལ་མི་དགོས་ལ་ཁང་བའི་ནང་སྔར་ལས་དྲོད་འཁོལ་ལྡན། དགེ་སློབ་རྣམས་ཀྱིས་སེམས་སུ་དྲན་མི་ཐུབ་པ་ནི་ཁོ་ཚོའི་སློབ་གྲྭ་སོལ་རྡུལ་དང་ཁ་བྲལ་ནས་ནུས་ཁུངས་གཙང་མའི་དྲོད་འདོན་རྒྱུ་མགོ་བརྩམས་པ་དེ་རེད། དེ་ནི་རྒྱལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་གནས་སུ་བཀོལ་བའི་ནུས་ཁུངས་གཙང་མའི་དྲོད་འདོན་གྱི་དཔེ་སྟོན་ལས་ཁུངས་རེད།

དེ་དང་ཆབས་ཅིག རྨ་སྟོད་རྫོང་གིས་དྲོད་ཚད་མཐོ་བའི་དྲོད་འདོན་སྒྲིག་ཆས་ལོ་གཅིག་རིང་འཁོར་སྐྱོད་བྱས་ལ། དུས་ནམ་ཡང་བརྟན་བརླིང་དང་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ཉིན་རེར་གད་སྙིགས་ཏུན་ལྔའི་ཡན་ཐག་གཅོད་བྱེད་ཐུབ་པས། འབྲོག་ཁུལ་གྱི་རྫོང་མཁར་གྱི་གད་སྙིགས་ཐག་གཅོད་བྱེད་པར་དཔེ་དབྱིབས་བསྐྲུན། རྫོང་ཡོངས་སུ“ཁྱིམ་གཞིས་མཛེས་བསྒྱུར་བྱ་འགུལ”དང“མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་ལེགས་བཅོས་བྱེད་པའི་བྱ་འགུལ”སྤེལ་ཏེ། རྫོང་ཡོངས་ཀྱི་ལས་བྱེད་དང་སྐྱེ་ཁམས་དོ་དམ་མི་སྣར་དུས་གཏན་འཁེལ་བྱས་ཏེ་ཁོར་ཡུག་ལེགས་བཅོས་བྱ་འགུལ་རྩ་འཛུགས་བྱས་པ་དང་། རྫོང་མཁར་དང་གཞུང་ལམ་འགྲམ་རྒྱུད། གནས་སྐོར་ལྗོངས་ཁུལ། འབྲོག་དམངས་འདུས་སྡོད་གནས། དགོན་པ་སོགས་སུ་ཁོར་ཡུག་ལེགས་བཅོས་བྱས་པ་དང་། ས་ཁོངས་གཙོ་བོའི་གད་སྙིགས་གཅིག་བསྡུས་སྐྱེལ་འདྲེན་སྒྲིག་ཆས་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།

གསུམ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་གད་སྙིགས་ཐག་གཅོད་བྱས་པ་བཟང་བ་ས་ཆ་གང་སར་ཁྱབ་ཡོད་ལ། རྫོང་ཡོངས་ཀྱི་ལམ་འགྲམ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གད་སྙིགས་སྒམ་བཞག་ཡོད་པ་དང་། མི་རྣམས་ཀྱིས་རང་འགུལ་སྒོས་གད་སྙིགས་སྒམ་ནང་དུ་འཕེན་བཞིན་ཡོད་ལ། རྫོང་མཁར་ཧ་ཅང་གྲལ་དག་པ་ཞིག་ཡིན་པ་དང་། གཞུང་ལམ་འགྲམ་གཉིས་ཀྱང་ཧ་ཅང་གཙང་མ་རེད། མི་རྣམས་ཀྱིས་གད་སྙིགས་འདི་དག་ཇི་ལྟར་ཐག་གཅོད་བྱས་པ་རེད་དམ་ཞེས་འདྲི་ཡང་སྲིད།

རྫ་སྟོད་རྫོང་གི་འཚོ་བའི་གད་སྙིགས་བསྲེག་བྱེད་ཀྱི་སྒྲིག་ཆས་ད་ལོའི་དབྱར་ཁ་ནས་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས། རྫོང་མཁར་དང་བར་ཐག་སྤྱི་ལེ་གཅིག་ཡོད་པའི་རྫ་སྟོད་རྫོང་གི་གད་སྙིགས་ཐག་གཅོད་བཟོ་གྲྭ་རུ་མི་མང་པོ་ལྟད་མོ་ལྟ་རུ་ཡོང་ཡོད།

གསར་འགོད་པའི་མཐོང་བ་ལྟར་ན། གནས་དེའི་དྲོད་ཚད་མཐོ་བའི་གད་སྙིགས་ཐག་གཅོད་སྒྲིག་ཆས་ཏེ་མི་རྣམས་ཀྱིས་བལྟ་འདོད་ཆེ་བ་ཞིག་རེད། གཅིག་བསྡུས་བྱས་པའི་གད་སྙིགས་རྣམས་དྲོད་ཚད་མཐོ་བའི་ཐག་གཅོད་མ་བྱས་སྔོན། འཕྲུལ་ཆས་ཀྱིས་གད་སྙིགས་རིགས་དགར་བཞིན་ཡོད་པ་དང་། ཐག་གཅོད་བྱེད་མི་ཐུབ་པའི་འཛུགས་སྐྲུན་ཐད་ཀྱི་གད་སྙིགས་དང་དམ་བུ། འདམ་བག་སོགས་རིགས་དགར་བཞིན་ཡོད་ལ། གད་སྙིགས་གཞན་དག་འཕྲུལ་ཆས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད་པ་དང་། རླངས་པ་འཕྲུལ་ཆས་ཀྱིས་གཙང་འགྱུར་བྱེད་དུ་བཅུག་རྗེས་ད་གཟོད་ཕྱིར་གཏོང་བྱེད་བཞིན་ཡོད། མཐར་མཇུག་ཏུ་ལུས་པའི་ཐལ་རྡུལ་སོགས་ས་འོག་ཏུ་སྡུད་བཞིན་ཡོད། འཕྲུལ་ཆས་དེས་ཉིན་གཅིག་ལ་གད་སྙིགས་ཏུན་ཉི་ཤུ་ཐག་གཅོད་བྱེད་ཐུབ་ལ། འཕྲུལ་ཆས་ཀྱི་ནུས་པ་ཧ་ཅང་མཐོ། བཀོལ་སྤྱོད་མཁན་གྱིས་ཚོད་འཛིན་གྱི་གཅུས་སྒོ་བརྒྱུད་ནས་རིམ་པ་ཡོད་ཚད་སྒྲུབ་ཆོག

རྫ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་གནས་ཡོད་ལ། གད་སྙིགས་རིགས་དགར་བའི་བྱ་བ་སྒྲུབ་པ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་པའི་ས་ཆ་རེད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཞིང་སྡེའི་ཁོར་ཡུག་ལེགས་བཅོས་ལས་གཞི་བརྒྱུད་ནས། དུས་སྔོན་དུ་མ་དངུལ་སྒོར་ས་ཡ་བཞི་བཀོད་སྒྲིག་བྱས་པ་དང་། རྫོང་རིམ་པའི་ཆ་ཚང་སྒྲིག་ཆས་ཀྱི་ཐད་སྒོར་ས་ཡ་གཅིག་བཀོལ་ནས་ལས་གཞི་འཛུགས་སྐྲུན་བྱས། ལས་གཞི་དེའི་ལག་རྩལ་ཧ་ཅང་བྱང་ཆ་ལྡན་པར་གྱུར་ཡོད་ལ། ཆེད་དུ་མཐོ་སྒང་གི་དབྱང་དབུགས་དཀོན་པའི་མཐོ་འཁྱག་ས་ཁུལ་གྱི་ནམ་ཟླའི་ཆ་རྐྱེན་དང་གད་སྙིགས་ལ་ཁ་གཏད་ནས་ཇུས་འགོད་བྱས་པ་རེད། རྫ་སྟོད་རྫོང་གིས་དྲོད་ཚད་མཐོ་བའི་གད་སྙིགས་ཐག་གཅོད་སྒྲིག་ཆས་ལ་བརྟེན་ནས་སྐྱེལ་འདྲེན་བྱས་པས། རང་ཞིང་གི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཐད་འཕྲུལ་ཆས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རྩལ་གསར་སྐྲུན་གྱི་བགྲོད་ལམ་གསར་བ་བཏོད།

བཞི། གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་དུ་འགྱིག་ཤོག་གི་གད་སྙིགས་ཐག་གཅོད་བྱེད་པ་དེ་ཚང་མའི་དོ་ཁུར་བྱེད་པའི་གཙོ་གནད་དུ་གྱུར་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བགྲོད་ལམ་གསར་བ་ཞིག་བཏོད། ཧི་ནན་རྫོང་གི་མཁར་གྲོང་དང་སྡེ་བ་གང་ཡིན་རུང་འགྱིག་ཤོག་གི་གད་སྙིགས་མཐོང་རྒྱུ་མེད་ལ། ཚོང་ཁང་དང་སྔོ་ཚོད་བཙོང་ས་གང་ཡིན་རུང་འགྱིག་ཤོག་གི་ཁུག་མ་སྟེར་ཀྱིན་མེད།

“འགྱིག་ཤོག་བཀོལ་མི་ཆོག་པ”ལག་བསྟར་བྱས་རྗེས་ཀྱི་བསྟུད་མར་ལོ་གཉིས་ཀྱི་རིང་ལ། ཧི་ནན་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས་ཚི་སྣའི་རས་ཁུག་བཟོ་རུ་བཅུག་པ་དང་། རྫོང་མཁར་དང་ཞང་། གྲོང་རྡལ་བཅས་ཀྱི་ཉེ་འགྲམ་གྱི་ཚོང་ཁང་དུ་རིན་མེད་པར་ཁུག་མ་བྱིན་པ་མ་ཟད། ཕན་འབྲས་བཟང་བོ་ཐོབ་ལ། འགྱིག་ཤོག་གཙོར་ཡིན་པའི་གད་སྙིགས་རྒྱ་ཇེ་ཆེར་འགྲོ་བར་ཚོད་འཛིན་ཐོབ་པ་མ་ཟད། མིག་སྔའི་བར་རྣམ་པ་བཟང་བོ་དེ་སྲུང་འཛིན་བྱས་ཡོད། ད་ལྟ། ཧི་ནན་རྫོང་དུ་བསྡོམས་པས་ཚོང་ཁང་སྟོང་གཉིས་ལྷག་ཡོད་ལ། ཚང་མས་ཤོག་ཁུག་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། གོམས་སྲོལ་བཟང་བོ་དེ་ད་ལྟ་ཕྱོགས་ཡོངས་སུ་ཆགས་ཡོད་པ་མ་ཟད། རང་འགུལ་སྒོས་ཁོར་ཡུག་ལ་གནོད་པ་མེད་པ་དང་འཁོར་སྐྱོད་བྱས་ཏེ་བཀོལ་ཆོག་པའི་རས་ཁུག་དང་ཤོག་ཁུག་བཀོལ་བཞིན་ཡོད།

2016ལོར། ཧི་ནན་རྫོང་གིས་རྫོང་ཁོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་གི་དམིགས་འབེན་གསར་བཟོ་བྱེད་པའི་རེ་བ་བཏོན་པ་དང་། 《ཧི་ནན་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དང《ཧི་ནན་སོག་རིགས་རང་སྐྱོང་རྫོང་མཁར་གྲོང་གི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སོགས་སྲོལ་ཡིག་གཏན་འབེབ་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ཁྲིམས་ལྟར་སྐྱེ་ཁམས་བཅོས་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས།

མིག་སྔར། ཧི་ནན་རྫོང་གིས་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་ཐད་རྣམ་པ་གསར་བ་ཆགས་ཡོད་ལ། སྡེ་བས་རིམ་པ་དང་པོའི་གཅིག་བསྡུས་བྱེད་པ་དང་། ཞང་དང་གྲོང་རྡལ་གྱིས་རིམ་པ་དང་པོའི་སྐྱེལ་འདྲེན་བྱེད་པ། རྫོང་གིས་གཅིག་བསྡུས་སྒོས་ཐག་གཅོད་བྱས་ཏེ། གད་སྙིགས་མེད་པའི་རྣམ་པ་སྲུང་འཛིན་བྱས་ཡོད། ད་ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དྲོད་ཚད་མཐོ་བའི་གད་སྙིགས་ཐག་གཅོད་སྒྲིག་ཆས་ལག་རྩལ་ནང་འདྲེན་བྱས་ཏེ། འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་བྱ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་བྱེད་རྒྱུ་རེད།

ལྔ། གསར་འགོད་པས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཆེད་མཁས་པའི་མདུན་ནས་རྒྱུས་ལོན་པ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་གད་སྙིགས་སྐྱེལ་འདྲེན་རླངས་འཁོར་སྟོང་གཉིས་དང་ཉིས་བརྒྱ་ཞེ་བདུན་བྱིན་པ་དང་། གད་སྙིགས་སྒམ་འབུམ་གཉིས་དང་ཁྲི་དྲུག་སྟོང་གཅིག་བྱིན་ལ། བཙོག་ཆུའི་སྦུ་གུ་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་དྲུག་ཅུ་རུ་འཐེན་ཡོད། དེའི་ཁྲོད་གཙང་གསུམ་འབྱུང་ཡུལ་ས་ཁུལ་འདུ།

གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་གཙང་སྦྲའི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། རོང་འབྲོག་ཁུལ་གྱི་ཁོར་ཡུག་དང་འཕྲོད་བསྟེན་ལ་ལེགས་བཅོས་ཐོབ། དེ་དང་ཆབས་ཅིག རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་འདུ་ཤེས་དང་གོམས་སྲོལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལྟ། སྐྱེ་ཁམས་ལྟ་སྲུང་བ་ཚང་མ་ཡང་གཙང་སྦྲ་བྱེད་མཁན་དུ་གྱུར་ཡོད། འབྲེལ་ཡོད་སྡེ་ཁག་གིས་གཙང་སྦྲ་བྱེད་མཁན་རྣམས་ལ་གོན་པ་དང་ཁ་བཏུམ། ལག་ཤུབས་བཅས་བྱིན་པ་དང་། ལྕགས་ཁེམ་དང་ཕྱགས་མ་སོགས་གཙང་སྦྲའི་ལག་ཆ་ཡང་བྱིན། གཙང་སྦྲ་བྱེད་མཁན་དེ་དག་གིས་བྱ་བ་ནན་ཏན་སྒོས་སྒྲུབ་བཞིན་ཡོད་ལ། ཉིན་རེར་གཙང་སྦྲའི་འོས་འགན་དང་ལེན་བྱས་ཏེ། མི་རྣམས་ལ་འཚོ་བའི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་ཀྱིན་ཡོད། རོང་འབྲོག་པའི་ཁྱིམ་དུ་སོང་ན་ཁྱིམ་ཚང་རེ་རེའི་མེ་ཏོག་སྣ་ཚོགས་གཉོར་སྐྱོང་བྱས་ཡོད་ལ། འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་གིས་མི་སེམས་འགུག་ཅིང་། ལྗང་མདོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱ་ཁྱབ་ངང་བརྒྱུད་སྒྲོག་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་གཙང་སྦྲའི་བཟོ་སྐྲུན་ཡང་སྐས་རིམ་གསར་བ་ཞིག་ཏུ་སྙེག་ཡོད་ལ། རོང་འབྲོག་པའི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།