མཚོ་སྔོན་པོ་ནས་ཉི་ཟླ་རི་བོའི་བར་དང་། སྐུ་འབུམ་བྱམས་པ་གླིང་ནས་བྲག་དམར་ས་གཤིས་བར་སོགས་མཚོ་སྔོན་གྱི་ཡུལ་ལྗོངས་དག་གིས་ཡུལ་སྐོར་པ་བཞག་པའི་བག་ཆགས་ནི་མུ་མཐའ་མེད་པའི་རྩྭ་ཐང་དང་རྒྱང་རིང་ལྐོག་གྱུར་གྱི་གངས་རི། ལུང་སྟོང་སྐྱ་ཐིང་ངེར་གནས་པའི་བྱེ་ཐང་བཅས་ཡིན། མི་གཞན་གྱིས་མཚོ་སྔོན་དུ་ནགས་ཚལ་ཡོད་དམ་ཞེས་དྲིས་ཚེ། ལོས་ཡོད། དུས་ཚིགས་བཞི་བོར་མཚོ་སྔོན་ནགས་ཚལ་གྱི་ཁྱད་པར་མངོན་གསལ་ཡིན།
ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཁོངས་སུ་གནས། ལྟ་ན་སྡུག་པའི་བྲག་དམར་ས་གཤིས་དང་སྙན་གྲགས་ཀྱི་བ་དན་གཡོ་བའི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས། ཡོངས་སུ་གཡོགས་པའི་ནགས་ཚལ་བཅས་ཀྱིས་ཡུལ་དེ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཞིག་བསྣན་ཡོད། དབྱར་ཁར་སྔོ་ལྗང་ལྗང་དང་སྟོན་ཁར་ཁ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་། དགུན་ཁར་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་གསུམ་དང་བརྒྱ་ཡོད་པའི་ཁམས་རའི་དྲོད་ཚད་གོར་ཐིག་མན་དུ་བབས་ཡོད། མགོ་བོ་ཡར་དགྱེ་ནས་མཚོ་སྔོན་གསོམ་ཤིང་དང་ལྗོན་ཤིང་སོགས་ལ་བལྟས་ན་ཤིང་སྡོང་རྣམས་སེར་པོར་གྱུར་ཡོད་ལ། དེ་ནི་ལོ་མ་རླུང་གིས་འཁྱེར་ཡག་བྱས་པའི་ཤིང་སྡོང་གཞན་རྣམས་དང་ཕན་ཚུན་འདྲེས་ཏེ་དགུན་ཁའི་ཁམས་ར་ཡི་རི་བོ་རྣམས་མཛེས་པར་བརྒྱན་ཡོད།
བརྙན་ཕབ་ལ་དགའ་མོས་ཆེ་བའི་མཚོ་སྔོན་པ་ཏུའུ་སི་ཅུན་གྱིས་ལོ་མ་ཐང་དུ་ལྷུང་ཟིན་པས་ནགས་ཚལ་ལ་ལྗང་མདོག་གི་མཛེས་པ་མེད་ནའང་། རི་བོའི་རྔམ་བརྗིད་དང་སྔོ་སིང་སིང་གི་ནམ་མཁའ་མངོན་པར་གསལ་པ་དང་། དེས་བྲག་དམར་པོ་ལ་ཆེས་མཚར་བའི་ཁ་དོག་བསྣན་པ་དང་མཚུངས་ཞེས་བཤད།
ཟླ་བཅུ་གཅིག་པར་ཆི་ལེན་རྫོང་དུ་ཁ་བ་ཐེངས་འགར་བབས། སྟོང་སོ་ཆུ་བོ་དང་བ་དམ་ཆུ་བོ་ནི་འཁྱགས་པས་བསྡམས་ཡོད་པ་དང་། ཆུ་བོ་གཉིས་ཀྱི་འགྲམ་ངོགས་ཀྱི་ཤིང་སྡོང་གི་སྐྱེ་སྟོབས་བཟང་ལ། ནགས་ཚལ་གྱི་ཡལ་ག་ནི་དགུང་སྔོན་གནམ་ལ་ཟུག་པ་དང་མཚུངས། ཐང་ལ་ལྷུང་བའི་ལོ་མ་རྣམས་ཆུ་ངོས་དང་རྩྭ་ཐང་དུ་ཁྱབ་པ་དེ་ནི་ས་གདན་སེར་པོ་ཞིག་བཏིངས་ཡོད་པ་དང་འདྲ། རྒྱང་རིང་དུ་གནས་པའི་གངས་རི་ནི་སྤྲིན་དཀར་བང་རིམ་གྱི་ཕག་ཏུ་ཡིབ་ཅིང་། འདི་ནི་ཆི་ལེན་གྱི་མིག་དབང་འཕྲོག་པའི་དགུན་ཁའི་མཛེས་ལྗོངས་ཞིག་ཏུ་གྲུབ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ཤར་སྣེ་དང་རྫོང་མཁར་ཆགས་ཡུལ་གྱི་ཧའོ་མིན་གྲོང་རྡལ་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡིས་ཆོད་པའི་སེམས་ཉིད་ནགས་ཚལ་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ནགས་ཚལ་ཞིག་ཡིན། སྤྱི་གླིང་དེ་མིན་ཡོན་རྫོང་གི་ཏུང་ཁྲོན་དང་སེམས་ཉིད། འབྲུ་གུ་གྲོང་རྡལ་གསུམ་དུ་ཁྱབ་ཅིང་། ལྷོ་བྱང་གི་ཞེང་དུ་སྟོང་མུས་ལྔ་བཅུ་ང་ལྔ་དང་ཤར་ནུབ་ཀྱི་དཀྱུས་ཀྱི་རིང་ཚད་སྟོང་མུས་གོ་ལྔ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་བཅུ་བཞི་གྲངས་ཆུང་བརྒྱད་ཡོད། མདོ་ལ་རིང་མོའི་ཤུགས་རྐྱེན་འོག་སེམས་ཉིད་ནགས་ཚལ་སྤྱི་གླིང་གི་ས་ཁའི་ཆུ་དང་ས་འོག་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས། ལྷོ་ཕྱོགས་ཀྱི་ཆུ་བོ་མང་པོ་རྨ་ཆུར་བཞུར་ཞིང་བྱང་ཕྱོགས་ཀྱི་ཆུ་བོ་མང་པོ་ནི་སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་འབྱུང་ཡུལ་ཡིན། སྤྱི་གླིང་ནང་ཁུལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིངས་དྲུག་གྲངས་ཆུང་བདུན་ལྷག་ཡོད་པ་དང་། ཤིང་སྡོང་ཁེབས་ཚད་བརྒྱ་ཆའི་གོ་ལྔར་སླེབས་ཤིང་། སྐྱེ་དངོས་རིགས་བརྒྱ་ལྷག་དང་སྣ་ཁ་དགུ་བརྒྱ་ལྷག་ཡོད།
དགུར་ཁར་ཚང་ཚིང་སྟུག་པོའི་ནགས་ཚལ་གྱིས་ས་གཞི་མ་ལུས་དམར་སེར་འདྲེས་མའི་ལོ་མས་ཁེངས་སུ་བཅུག མ་ཡུས་ཀྱིས་རང་གི་ཕ་མ་གཉིས་ཁྲིད་ནས་མིན་ཡོན་རྫོང་མཁར་ནས་སེམས་ཉིད་ནགས་ཚལ་སྤྱི་གླིང་དུ་མྱུལ་དུ་སོང་། ཁོས་བཤད་ན། དགུན་ཁའི་ནགས་ཚལ་ནི་ང་ཚོའི་སེམས་སུ་དྲན་པ་ལྟ་བུའི་སྟོང་པ་ཞིག་མ་རེད། དགུན་ཁའི་ནགས་ཚལ་ལ་སྟོན་ཁ་ལྟར་ཚོན་མདོག་སྣ་ཚོགས་ཀྱིས་བརྒྱན་མེད་མོད། འོན་ཀྱང་རང་བྱུང་ཁམས་ཀྱི་ཆེས་སྙན་པའི་སྒྲ་སྟེ་ལོ་མའི་སྟེང་དུ་གོམ་པ་སྤོས་ན་ཙག་ཙག་གི་སྒྲ་དང་རླུང་གཡུགས་པ་ན་ཤིང་སྡོང་གི་ཡལ་ག་ཕན་ཚུན་འཕྲད་པའི་སྒྲ། ད་རུང་ལྷང་ལྷུང་དུ་འབབ་པའི་ཆུ་བོའི་བཞུར་སྒྲ་བཅས་གསལ་བོར་ཐོས་ཐུབ་པས། ཡུལ་འདི་ནི་གྲོང་ཁྱེར་གྱི་འུར་སྒྲ་དང་རིང་དུ་བྲལ་ཡོད་པ་དང་། རང་བྱུང་གི་སྒྲ་འདི་ཆེས་སྙན་པའི་ཚོར་བ་ཞིག་ཀྱང་ང་ཚོར་དབང་མེད་དུ་སྐྱེས་སུ་བཅུག་ཟེར།
གནའ་མཁར་ཟི་ལིང་གི་ཉེ་འཁོར་དུའང་མཛེས་སྡུག་གི་ནགས་ཚལ་མང་པོ་ཡོད་སྟེ། མཚོ་ཤར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉེར་དགུ་ཡིས་ཆོད་པའི་ས་ན་རྒྱལ་ཁབ་ཀྱི3Aརིམ་པའི་ནགས་ཚལ་སྤྱི་གླིང་སྟེ་ཤ་རྫོང་ནགས་ཚལ་ཡོད་ལ། དེ་ནི་གདོད་མའི་ནགས་ཚལ་དང་བསྐྱར་སྐྱེས་ནགས་ཚལ་གཉིས་ཀྱི་གྲུབ་པའི་ནགས་ཚལ་ཞིག་ཡིན། ནགས་ཚལ་དེའི་ལྷོ་ངོས་སུ་སྙན་གྲགས་ཀྱི་བ་དན་འཛམ་གླིང་ཡོངས་སུ་གཡོ་བའི་རྫོང་ཆེན་བཞིའི་གྲས་ཀྱི་ཤ་བ་རི་རྫོང་ཡོད། མཐོ་ཚད་ལྟོས་བཅས་ཀྱིས་ཅུང་དམའ་བས་དགུན་ཁར་ཡང་ནགས་ཚལ་ནང་གི་ཤིང་སྡོང་གི་ལོ་མ་རྣམས་ལྷུང་ཡག་བྱས་མེད། དུས་ཚིགས་བཞི་པོར་སྔོ་ལྗང་ངེར་འདུག་པའི་གསོམ་སྡོང་རྣམས་སེར་པོ་གྱུར་པའི་ཤིང་སྡོང་མང་པོའི་ཁྲོད་ན་ཀྲོང་ངེར་འགྱིངས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ནགས་ཚལ་དེ་ཟི་ལིང་དང་ལམ་ཐག་ཅུང་ཉེ་བས་མི་མང་པོ་ཞིག་གིས་རླངས་འཁོར་བསྐོར་ནས་ལྟད་མོར་བལྟ་རུ་འགྲོ་བཞིན་ཡོད། བདེ་སྐྱིད་སྒྲོལ་དཀར་དང་མོའི་གྲོགས་མོ་རྣམས་ཀྱིས་གཟའ་མཇུག་དང་བསྟུན་ནས་རླངས་འཁོར་བསྐོར་ཏེ་ཤ་རྫོང་ནགས་ཚལ་དུ་ཡུལ་སྐོར་དུ་སོང་། དྭངས་གཙང་གི་མཁའ་དབུགས་དང་འགྲོགས་ནས་ན་གཞོན་དེ་དག་གཅིག་རྗེས་གཅིག་གིས་བསྙེགས་ནས་མདུན་དུ་བསྐྱོད་བཞིན་ཡོད། བདེ་སྐྱིད་སྒྲོལ་དཀར་གྱིས་གཟའ་མཇུག་ལ་གྲོང་ཁྱེར་དུ་འདུག་འདོད་མེད་ཀྱང་། ཐག་རིང་ཞིག་ཏུའང་མི་ཐོན། ནགས་ཚལ་སྤྱི་གླིང་འདིའི་སྙན་གྲགས་གནའ་ནས་ཐོས་ཡོད་པས། གྲོགས་པོ་རྣམས་ཁྲིད་ནས་འདིར་ཡོང་བ་ཡིན། དབྱར་ཁ་ལྟར་སྔོ་ལྗང་ངེར་མེད་ནའང་། དགུན་ཁའི་ཤ་རྫོང་ནགས་ཚལ་ལ་དགུན་ཁའི་མཛེས་སྡུག་ལྡན། ལོ་མའི་གདན་སྟེང་དུ་གོམ་པ་སྤོས་ཆོག་ལ་མཁའ་དབུགས་གཙང་མའང་ཧུབ་ཀྱིས་རྔུབ་ཆོག་ཅེས་བཤད།
ནགས་ཚལ་དེ་ནི་རི་བོ་གསུམ་གྱིས་མཐའ་རུ་བསྐོར་ཡོད་ལ། དབུས་སུ་རྩྭ་ས་ཞིག་ཡོད། དགུན་ཁར་སླེབས་ཡོད་པས་རྩྭ་ས་དེ་སེར་པོ་གྱུར་ཡོད་པ་དང་། བྱང་ཕྱོགས་སུ་དྭངས་གཙང་གི་ཆུ་མོ་ཞིག་དལ་གྱིས་བཞུར་བཞིན་ཡོད། རྒྱང་རིང་ནས་བལྟས་ན་ཆུ་ངོས་སུ་འོད་འཚེར་གྱིན་ཡོད་པས་མུ་ཏིག་མང་པོ་ཐང་ལ་གཏོར་བ་དང་ཀུན་ནས་མཚུངས་ཤིང་། ལུག་ཁྱུ་ཞིག་ལོ་མའི་གསེབ་དང་རྩྭ་གསེབ་ཏུ་གང་དགར་རྒྱུ་བཞིན་ཡོད། མཐོ་སྒང་ནགས་ཚལ་གྱི་སྟོན་དགུན་དུས་ཚིགས་ཀྱི་མཛེས་སྡུག་ནི་ལྟ་བའི་ཆོག་མི་ཤེས་པ་ཞིག་རེད།
མཚོ་སྔོན་གྱི་མཚོ་ངོས་ལས་མཐོ་ས་དང་དམའ་སའི་ས་ཆ་གང་དུའང་གངས་རི་དང་མཚེའུ་བགྲང་ལས་འདས་པ་ཡོད་པ་ལས་གཞན། ད་རུང་ནགས་ཚལ་ཡང་མང་པོ་ཡོད། དུས་ཚིགས་བཞི་བོར་མཚོ་སྔོན་མཐོ་སྒང་གི་ནགས་ཚལ་གྱི་ཁ་དོག་མི་གཅིག་པ་ལས་རྒྱ་ཆེའི་ལྟད་མོ་བར་མིག་གི་ལོངས་སྤྱོད་མཆོག་ཏུ་གྱུར་བ་ཞིག་བསྐྲུན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།