ཀོས་ནན་རྫོང་གིས་མང་ཚོགས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོའི་དོན་དངོས་ལེགས་པོར་སྒྲུབ་པ་དང་སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་འགྲུབ་པར་འབད་བརྩོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སེམས་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།
ཉེ་བའི་ལོ་འགའི་རིང་། ཀོས་ནན་རྫོང་གིས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ནས་མི་དམངས་བློ་བདེ་བའི་སློབ་གསོའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཤིང་། སློབ་གསོ་ནི་དམངས་ཀྱི་འཚོ་བ་གལ་ཆེན་དུ་བརྩིས་ནས་དེར་མ་དངུལ་ཆེན་པོ་བཏང་སྟེ་ནུས་ཤུགས་ཡོད་ཚད་ཀྱིས་སློབ་སྒྲུབ་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། འབད་བརྩོན་ཆེན་པོས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཀོས་ནན་རྫོང་གིས་སློབ་གསོའི་ལས་གཞི་བཅུ་བཞི་ལག་བསྟར་བྱས་པ་དང་། སློབ་སྔོན་སློབ་གསོ་དང་སློབ་ཆུང་། དམའ་འབྲིང་དང་མཐོ་འབྲིང་། ལས་རིགས་ལག་རྩལ་སློབ་གྲྭ་བཅས་གཅིག་ཏུ་འབྲེལ་བའི་མི་རིགས་སློབ་གསོའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།
དེ་དང་མཉམ་དུ། ཀོས་ནན་རྫོང་གིས་མུ་མཐུད་དུ་སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་རྣམ་པ་བསྒྱུར་བའི་བཟོ་སྐྲུན་དམ་འཛིན་བྱས་ཏེ། ཕྱུགས་ར་སློབ་འབྲིང་གི་མཐོ་འབྲིང་སྡེ་ཁག་རྫོང་སློབ་འབྲིང་དུ་སྤར་བའི་བྱ་བ་བདེ་བླག་ངང་སྤེལ་བ་དང་། ལས་རིགས་སློབ་གསོའི་ཕྱོགས་ནས་ཀོས་ནན་རྫོང་གིས་ལས་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་རྣམ་པ་ལེགས་བཅོས་བྱས་ནས། ཆེད་ལས་སྣ་ཁ་བརྒྱད་ལྷག་གསར་དུ་བཙུགས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཡན་ལག་སློབ་ཁུལ་ནས་ཐོག་དང་པོར་སློབ་མཐར་ཕྱིན་པའི་སློབ་མ་བརྒྱ་དང་བཞི་ཅུ་ཞེ་དགུའི་ཁྲོད་དུ། མཐར་ཕྱིན་སློབ་མ་གྱ་བཞི་ལས་བགོས་བྱས་པས་མི་རབས་ནས་མི་རབས་སུ་བརྒྱུད་པའི་དབུལ་ཕོངས་ཀྱི་རྣམ་པ་སེལ་བར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་ཡོད་སྟབས། སློབ་སྒྲུབ་ཀྱི་སྙན་གྲགས་དང་སློབ་ཁྲིད་ཀྱི་སྤུས་ཚད་ཐད་རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཁས་ལེན་རྒྱ་ཆེར་བྱས།
ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ལ་ལས་ཞུགས་གསར་སྐྲུན་ནི་ལས་ཞུགས་ཀྱི་འབྱུང་ཁུངས་ཡིན། ཀོས་ནན་རྫོང་གིས་ཐོག་མཐའ་བར་གསུམ་དུ“གསར་སྐྲུན་གཉིས” མུ་མཐུད་དུ་དཔལ་འབྱོར་སྒྲིག་གཞི་ལེགས་བཅོས་བྱེད་པ་དང་དཔལ་འབྱོར་འཕར་སྣོན་ཇེ་དྲག་ཏུ་གཏོང་བའི་ནང་གི་སྒུལ་ཤུགས་སུ་བརྩིས་ནས་དམ་འཛིན་བྱས་ཏེ། རིགས་སྣ་ཚོགས་ཀྱི་གདན་ཞུའི་བྱ་འགུལ་དང་ལག་རྩལ་ནུས་པའི་གསོ་སྦྱོང་སྣ་ཚོགས་སྤེལ།
སྡོམ་རྩིས་བྱས་པ་ལྟར་ན། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་མི་ཐེངས་སྟོང་ལྔ་དང་ལྔ་བརྒྱ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་བྱས་ཚད་བརྒྱ་ཆའི་གྱ་དགུར་བསླེབས། དེ་དང་མཉམ་དུ། ཀོས་ནན་རྫོང་གིས་གྲངས་འབོར་ཉུང་བས་ལས་ཞུགས་གསར་གཏོད་ཀྱི་སྐྱེད་གསབ་དངུལ་བུན་གྱི་ཚད་གཞི་མུ་མཐུད་དུ་ཇེ་དམར་བཏང་སྟེ། བསྐྱི་དངུལ་རེ་ཞུ་བྱེད་པའི་ཁྱབ་ཁོངས་དེ་ངལ་རྩོལ་གྱི་ལོ་ཚད་ལོངས་པའི་ལས་ཞུགས་གསར་གཏོད་པའི་ཁྲོད་དུ་རྒྱ་བསྐྱེད་དེ། ལས་ཞུགས་གསར་གཏོད་ལ་སྐུལ་ལྕག་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་ནས། ལས་ཞུགས་གསར་གཏོད་ཀྱི་ཁག་ཐེག་དངུལ་བུན་བསྐྱིས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་ཕན་འབྲས་ལྡན་པའི་སྐུལ་འདེད་བྱས།
དམངས་འཚོ་ཡིས་མི་དམངས་མང་ཚོགས་ཀྱི་འཚོ་བའི་གྱོན་གོས་དང་བཟའ་བཏུང་། འགྲོ་འདུག་སོགས་ཕྱོགས་མང་པོར་ཁྱབ་པས། དམངས་འཚོའི་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབ་པའི་ལས་འགན་གཙོ་བོ་གཞན་ཞིག་ནི། རྒན་པ་རྣམས“རྒས་ཚེ་འཚོ་རྟེན་ཡོད་པ་དང་རྒས་ཀྱང་སྐྱིད་ཡོད་པ”ཞིག་བྱེད་རྒྱུ་དེ་རེད། དེའི་སྟབས་ཀྱིས་ཀོས་ནན་རྫོང་གིས་དམངས་འཚོའི་བཟོ་སྐྲུན་ལས་གཞི་དེ་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ནས་རྒན་གསོའི་ཞབས་ཞུའི་མ་ལག་དེ་ཉིན་རེར་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་པས་སྤྱི་ཚོགས་ཕན་བདེ་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། “རྒས་དུས་འཚོ་རྟེན་ཡོད་པ་དང་བྱིས་དུས་སྐྱོང་མཁན་ཡོད་པ། དཀའ་དུས་རོགས་སྐྱོར་ཡོད་པ། ན་དུས་སྨན་བཅོས་ཐུབ་པར”དཔེ་བསྡུར་བྱས་ནས། རོང་འབྲོག་ཁུལ་གྱི་འཚོ་བར་དཀའ་ཁག་ཡོད་པའི་རྒན་པར་ཚབ་གསོའི་ཞབས་ཞུ་དང་། མཁར་གྲོང་དུ་སྡོད་མཁན་ལ་རྒན་གསོའི་ཞབས་ཞུ་དང་ཉིན་མོ་གཉོར་སྐྱོང་བྱེད་པའི་ཞབས་ཞུ་སོགས་ཆེད་དོན་བྱ་འགུལ་སྤེལ་བ་དང་། རྒན་པ་རྣམས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ཏེ་འཚོ་བའི་འགན་སྲུང་མི་འདྲ་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས། རྒན་གསོའི་ཞབས་ཞུའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་སྟེ། རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་།
དམངས་འཚོ་ལེགས་བཅོས་བྱེད་པར་ནམ་ཡང་མགོ་རྩོམ་ས་གསར་བ་ལས་མཐའ་སྣེ་ཡོད་པ་ཞིག་མིན། ཀོས་ནན་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བྱ་བ་དེ་གཙོ་བོར་བཟུང་ཞིང་། དོན་དངོས་ཀྱི་འགུལ་བསྐྱོད་ལ་བརྟེན་ནས་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་མཁར་གྲོང་དང་ཞིང་སྡེའི་གྲུ་ག་རེ་རེར་བསྐྱལ་ཏེ་མི་སེམས་དྲོད་ཀྱིས་ཁེངས་པར་བྱས་པས་དམངས་འཚོ་འགན་སྲུང་གི་ནུས་པ་མུ་མཐུད་དུ་མཐོར་འདེགས་ཆེན་པོ་བྱུང་།
ལོ་ཙཱ་བ། གཡང་འབུམ་རྒྱལ།