ཡུལ་ཤུལ་གྱི་འཚོ་བ་གསར་བ་དང་སེམས་གཏམ།
2018.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

 དགུན་དུས་ཀྱི་ཡུལ་ཤུལ་ས་ཆའི་རྩྭ་ལྗང་དག་རིམ་གྱིས་སེར་པོར་གྱུར་འདུག  ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ལོ་ངོ་བཞི་བཅུའི་མཚོ་སྔོན་ལ་བལྟ་བ་ཞེས་པའི་སྨྱན་བྱད་གསར་འགོད་པ་མཚོ་སྔོན་དུ་བསྐྱོད་པའི་བཅར་འདྲི་ཚོགས་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་བཀྲ་ཤིས་དར་ཐང་སྡེ་བར་སོང་ནས་ཡུལ་ཤུལ་གྱི་འཚོ་བ་གསར་བའི་སྐོར་ནས་བཅར་འདྲི་བྱས། སྔ་དྲོའི་དུས་སྐབས་སུ། སྟག་སྡེར་རི་འདབས་ཀྱི་བཀྲ་ཤིས་དར་ཐང་ཚོང་རའི་ནང་ཚོང་པ་རྣམས་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས།    ཚོང་ར་དང་རྒྱང་ཐག་མི་རིང་བའི་ས་ན་སྣ་བརྒྱའི་མེ་ཏོག་ཚོང་ཁང་གི་ཚོང་བདག་མ་སྐལ་བཟང་མཚོ་སྐྱིད་ཀྱིས་ཕྱོགས་གཅིག་ནས་མེ་ཏོག་སྣ་ཚོགས་ལ་བདག་སྐྱོང་བྱེད་བཞིན་དུ་ཕྱོགས་གཅིག་ནས་ཚོང་པ་རྣམས་འགུག་བཞིན་འདུག སྐལ་བཟང་མཚོ་སྐྱིད་ཀྱིས་བཤད་རྒྱུར། “སྐྱེ་རྒུ་ནི་ཁོ་མོའི་ཕ་ཡུལ་ཡིན་པ་དང་མེ་ཏོག་ཚོང་ཁང་དེ་ནི་ཁོ་མོའི་འཚོ་བ་གསར་བ་ཡིན་ཟེར། ”

སྐྱེ་རྒུ་ལ་སྐྱེ་རྒུ་མདོ་ཡང་ཟེར་ལ་གནས་དེ་ནི་གནའ་ནས་བཟུང་སྟེ་མཚོ་སྔོན་གྱི་ཟི་ལིང་དང་ཟི་ཁྲོན་གྱི་དཀར་མཛེས། བོད་ལྗོངས་ལྷ་ས་བཅས་ས་ཁུལ་གསུམ་གྱིས་ཚོང་ལས་བརྗེ་རེས་བྱེད་པའི་ལྟེ་བ་ལྟ་བུར་གྱུར་ཡོད་པ་རེད། ཉིས་སྟོང་བཅུ་ལོར། ཡུལ་ཤུལ་ལ་ས་འགུལ་ཐེངས་གཅིག་བྱུང་བའི་རྗེས་སུ་ཡུལ་ཤུལ་སྐྱེ་རྒུ་ནི་མི་རྣམས་ཀྱི་དོ་ཁུར་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེའི་རྗེས་སུ། ལོ་ངོ་གསུམ་གྱི་རིང་དུ་དཀའ་བ་ཆེན་པོས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བརྒྱུད་ནས། ཐང་བོད་གནའ་ལམ་གྱི་གྲོང་ཁྱེར་དེའི་འགྲིམ་འགྲུལ་དང་དམག་དོན། ཚོང་ལས་སོགས་ཀྱི་ཐད་ལ་གོ་སྐབས་གསར་བ་བསུས་ཡོང་།

ཉིས་སྟོང་བཅུ་བཞི་ལོ་སྟེ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་མཇུག་བསྡུས་ནས་ཅུང་མ་འགོར་བར། མཚོ་སྔོན་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་སྐྱེ་རྒུ་གྲོང་རྡལ་དུ་དངུལ་བསྡུ་མཁན་དང་རྩིས་གཉེར་པའི་ལས་ཀ་གཉེར་བཞིན་པའི་སྐལ་བཟང་མཚོ་སྐྱིད་ཀྱིས་ལས་ཞུགས་གསར་སྐྲུན་བྱེད་པར་སེམས་ཐག་བཅད། ལོ་དེའི་ཟླ་དྲུག་པར། ཁོ་མོས་སྣ་བརྒྱའི་མེ་ཏོག་ཚོང་ཁང་ཕྱེས་པ་དེ་ནི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱས་རྗེས་སུ་སྤྱིར་ཡུལ་ཤུལ་ས་ཁུལ་དུ་མེ་ཏོག་འཚོང་སའི་ཚོང་ཁང་གཅིག་པུ་རེད།

“ཡུལ་ཤུལ་གསར་བ་ནི་ཐོག་མར་མགོ་བརྩམས་པ་ཞིག་ཡིན་པས་ངས་བྱ་བ་ཆུང་ངུ་ཞིག་ཅིས་ཀྱང་བསྒྲུབ་དགོས་པར་འདུག” ཅེས་སྐལ་བཟང་མཚོ་སྐྱིད་ཀྱིས་བཤད། ཡུལ་ཤུལ་བསྐྱར་འཛུགས་བྱས་རྗེས་སུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་རེ་རེ་དང་ཚོང་ར། རྣམ་པ་གསར་བའི་ཆང་ཁང་། ཚོང་རྟགས་ཅན་གྱི་ལྭ་བ། རང་འདེམས་ཚོང་ར་ཆེན་མོ། ཁ་པར་ཆེད་འཚོང་ཁང་། ཁྱིམ་སྤྱོད་གློག་ཆས་ཚོང་ཁང་སོགས་གཅིག་ལ་གཅིག་འགྲན་གྱིས་སྒོ་ཕྱེས་ཤིང་སྐྱེ་རྒུ་གྲོང་རྡལ་གྱི་སྲང་ལམ་ཡོད་ཚད་ཚོང་ཁང་གིས་བཀང་ཡོད། ན་གཞོན་ཞིག་ཡིན་པའི་ཆ་ནས་སྐལ་བཟང་མཚོ་སྐྱིད་ཀྱང་ཚོང་ལས་དེ་དག་གི་ཐད་ལ་བློ་ཁ་འཁོར།

གསར་དུ་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་དུ་འཚོ་བ་གསར་བའི་སྡོད་དམངས་རྣམས་ད་ལྟ་ཁང་པ་གསར་བར་བསྡད་ཡོད་པ་རེད། ཁོ་ཚོ་མི་མང་ཆེ་བ་ཞིག་སྔོན་ཆད་སྡོད་ས་ནི་སྦྲ་ནག་དང་ས་ཁང་ཡིན་པ་དང་དེའི་ནང་དུ་ཨོང་བ་འབུད་ཀྱིན་ཡོད་པ་རེད། ཁོ་ཚོ་གློ་བུར་དུ་སྦྲ་ནག་དང་ས་ཁང་ལས་ཕྱིར་བུད་དེ་ཐོག་ཁང་གི་ནང་དུ་གནས་སྤར་བ་ན། ཁང་པར་ཇུས་འགོད་དང་མཛེས་སྤྲས་ཇི་ལྟར་བྱེད་པའི་ཐད་ནས་དཀའ་ངལ་ལ་འཕྲད་ཡོད་ཅིང་། དེ་བས་ཀྱང་ཁོ་ཚོར་ཆེས་ཆད་ལྷག་ཡོད་པ་དེ་གང་ཞིག་ཡིན་ནམ།

“མེ་ཏོག་འཚོང་ས་ཞིག་ཕྱེས་ན་བཟང་།” ཞེས་ཁྱིམ་མི་རྣམས་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ་སྐལ་བཟང་མཚོ་སྐྱིད་ཀྱི་ཨ་མ་བཀྲ་ཤིས་མཚོ་མོས་གྲོས་གཞི་དེ་ལྟར་བཏོན། སྔོན་ཆད་ཡུལ་ཤུལ་བ་རྣམས་སྦྲ་ནག་དང་ས་ཁང་གི་ནང་དུ་བསྡད་ཡོད་ལ་དབྱར་ཐོན་དུས་ཁོ་ཚོས་དཔལ་ཐང་དང་རྫ་ཆུ་འགྲམ་རྒྱུད་དུ་མེ་ཏོག་འཐུས་ནས་ཁྱིམ་ལ་ཁྱེར་བཞིན་ཡོད་ལ་དགུན་དཔྱིད་ཀྱི་དུས་སུ་འགྱིག་གིས་ལས་པའི་མེ་ཏོག་སྣ་ཚོགས་ཉོས་ནས་རང་ཁྱིམ་དུ་བཤམས་ཀྱི་ཡོད་པ་རེད།

དེས་ན་ཅིའི་ཕྱིར་མེ་ཏོག་མི་འཚོང་ངམ། མེ་ཏོག་དངོས་མ་ཡོད་ཚེ་ཡུལ་ཤུལ་བ་རྣམས་ཀྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར་མེ་ཏོག་རྫུན་མ་ཉོ་དགོས་དོན་མི་འདུག དེ་ལྟར་ཁོ་ཚང་གི་ཁྱིམ་གྱི་ཁ་བརྡ་ཐེངས་ཤིག་གི་རྗེས་སུ་སྐལ་བཟང་མཚོ་སྐྱིད་ཀྱི་བློ་སྒོའང་ངང་གིས་ཕྱེས་ཏེ་ཁོ་མོས་ལས་ཞུགས་གསར་སྐྲུན་གྱི་བྱ་བ་དེ་ཡང་ལོ་དེའི་དབྱར་ཀར་ཐོག་མར་མགོ་བརྩམས་པ་དང་། མི་འགྱངས་པར་སྐལ་བཟང་མཚོ་སྐྱིད་ཀྱི་མེ་ཏོག་ཚོང་ཁང་དེར་བཤམས་པའི་མིག་དབང་འཕྲོག་པའི་མེ་ཏོག་རེ་རེ་ནི་ཡུལ་ཤུལ་བ་རྣམས་ཀྱི་འཚོ་བའི་སྤྱོད་ཆས་ཡག་པོ་ཞིག་ཏུ་གྱུར་སོང་།

ད་ལྟ་སྐལ་བཟང་མཚོ་སྐྱིད་ཀྱི་སྣ་བརྒྱའི་མེ་ཏོག་ཚོང་ཁང་དེ་ཕྱེས་ནས་ལོ་ངོ་ལྔ་འགོར་ཡོད་པ་དང་། ཚོང་ཁང་དེའི་ནང་དུ་མེ་ཏོག་སྣ་ཚོགས་རིགས་སུམ་ཅུ་ལྷག་ཅིག་ཡོད་པ་རེད། བཅར་འདྲིའི་ཚོགས་པ་རྨིད་གྲུ་བཞི་མ་བརྒྱ་དང་དྲུག་ཅུ་ཡོད་པའི་སྐལ་བཟང་མཚོ་སྐྱིད་ཚང་གི་ཁང་པ་ཆེན་པོ་དེའི་ནང་དུ་སོང་བ་ན། ཁྱིམ་གྱི་དྲོད་རླངས་ཤིན་ཏུ་ཚ་བས་གསར་འགོད་པ་རྣམས་ཀྱིས་ཕྱི་ལྭ་མཐུག་པོ་འཕུད་དགོས་པ་བྱུང་ཞིང་། ཁོ་ཚང་གི་རྨིད་གཉིས་ཙམ་གྱི་ཞེང་ཚད་ཡོད་པའི་རབ་གསལ་གྱི་ནང་དུ་ལོ་འདབ་རྣམ་པར་བཞད་པའི་མེ་ཏོག་སྣ་བཅུ་གསུམ་ལྷག་བཤམས་ཡོད་པ་དང་། རབ་གསལ་གྱི་ནང་དུ་བཞག་ཡོད་པའི་ཅོག་ཙེ་ཀྱི་སྟེང་དུ་ཡང་མེ་ཏོག་སྣ་ཚོགས་ཀྱིས་བཀང་བར་བྱས་འདུག

“འདི་ནི་དྲང་སྲོང་མགྲོན་ཕེབས་དང་འདི་ནི་སྤྲིན་གྱི་བ་གམ་རེད།” ཅེས་གསར་འགོད་པ་ཞིག་གིས་མིག་ཟུང་འཁྱུག་ཙམ་གྱིས་མེ་ཏོག་དེ་དག་གི་ཁྲོད་ཀྱི་མེ་ཏོག་གཉིས་ངོས་ཟིན་བྱུང་། ལོ་ན་ང་ལྔར་སོན་པའི་སྐལ་བཟང་མཚོ་སྐྱིད་ཀྱི་ཕ་རྒན་ཀརྨ་བུ་བསོད་ཀྱིས་བཤད་རྒྱུར། “མེ་ཏོག་འདི་དག་ནི་སྔོན་ཆད་མཚོ་སྔོན་ས་ཁུལ་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་མ་གཏོགས་མཐོང་མི་ཐུབ། ཡིན་ནའང་ལོ་འདི་འགར་ཁོ་ཚང་གི་ཁྱིམ་ཚང་གང་བོས་ནང་འདྲེན་དང་སེམས་ཞིབ་མོས་བདག་སྐྱོང་བྱས་པར་བརྟེན། ད་ལྟ་ཡུལ་ཤུལ་གྱི་ས་ཁུལ་མང་ཆེ་ས་ཞིག་ནས་མཐོང་ཐུབ་ཀྱིན་ཡོད”ཟེར། བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་དུ་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ངོ་ལྔའི་ནང་དུ། ཀརྨ་བུ་བསོད་ཁྱིམ་མི་གང་བོས་མཚོ་ངོས་ལས་མཐོ་ཚད་ལ་རྨིད་སུམ་སྟོང་བདུན་བརྒྱ་ཡོད་པའི་ཡུལ་ཤུལ་ས་ཁུལ་དུ་མེ་ཏོག་སྣ་ཚོགས་གསོ་སྐྱོང་བྱེད་པའི་ཆེད་དུ། ཟི་ལིང་སོགས་ས་ཁུལ་ནས་ཐེངས་མང་པོར་ས་རྒྱུ་ལེགས་པོ་སྐྱེལ་འདྲེན་བྱས་པར་མ་ཟད། མེ་ཏོག་རིགས་སྣ་ཚོགས་བཞི་ཅུ་ལྷག་ནང་འདྲེན་བྱས་པ་དང་། ཡུལ་ཤུལ་ས་ཁུལ་དུ་སྐྱེ་འཕེལ་ཐུབ་པའི་མེ་ཏོག་རིགས་སུམ་ཅུ་ལྷག་བདེ་བླག་ངང་གསོ་སྤེལ་བྱས་ཡོད་པ་རེད།

“མེ་ཏོག་ཡོད་པའི་ས་ཆ་རུ་མི་སེམས་ལ་དྲོ་སྐྱིད་ལྡན།”ཞེས་སྐལ་བཟང་མཚོ་སྐྱིད་ཀྱིས་བཤད། རང་ཁྱིམ་གྱི་མེ་ཏོག་ཚོང་ཁང་གི་བདག་གཉེར་བྱ་བ་བརྟན་འཇགས་ཡོང་བའི་རྗེས་སུ། ཡུལ་ཤུལ་གྲོང་ཁྱེར་བཀྲ་ཤིས་དར་ཐང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་པའི་ཀརྨ་བུ་བསོད་ཀྱིས་ད་དུང་ཁྱིམ་མི་ཚོར་གྲོས་མོལ་བྱས་ཏེ། སྡེ་བའི་ནང་དུ་གནས་སྐབས་སུ་ལས་རྒྱུ་ཅི་ཡང་མེད་མཁན་དང་རྒྱུན་དུ་ལས་ཀ་ཅི་ཡང་ལས་རྒྱུ་མེད་པའི་མི་མང་པོ་ཞིག་ཁོ་ཚང་གི་མེ་ཏོག་ཚོང་ཁང་དུ་ཡོང་ནས་མེ་ཏོག་འདེབས་འཛུགས་དང་གསོ་སྤེལ། ཕྱིར་འཚོང་བྱེད་པའི་ལག་རྩལ་དང་ཤེས་བྱ་སྦྱངས་སུ་བཅུག་པས་ད་ལྟ་དེ་དག་གི་ཁྲོད་ཀྱི་མི་མང་པོ་ཞིག་གཞི་ནས་ཚོང་བར་གྱུར་ཡོད་པ་དང་། ད་དུང་ལ་ལ་ཞིག་གིས་གཉེར་བའི་མེ་ཏོག་འཚོང་སའི་གཞི་ཁྱོན་དེ་ཁོ་ཚང་གི་མེ་ཏོག་ཚོང་ཁང་གི་གཞི་ཁྱོན་ལས་ཀྱང་ཆེ་བ་རེད།

ད་ལྟའི་བཀྲ་ཤིས་དར་ཐང་སྡེ་བར་མི་གྲངས་བདུན་བརྒྱ་ལྷག་ཡོད་པ་དང་། སྡེ་མི་རྣམས་ཀྱིས་ནང་སྔ་དགོང་འཕྱི་བྱས་ནས་ཡུལ་ཤུལ་གྱི་མཁར་གྲོང་གསར་བ་རུ་ཚོང་ལས་སོགས་བྱ་བ་སྣ་ཚོགས་གཉེར་བཞིན་ཡོད་པ་དང་། དེ་མིན་ད་དུང་སྡེ་བའི་ནང་གི་སུམ་ཆའི་གཅིག་གི་ན་གཞོན་རྣམས་ཀྱིས་ལས་ཞུགས་གསར་སྐྲུན་བྱེད་པ་དེ་རང་གི་འཚོ་བའི་ཕུགས་འདུན་དུ་བསྒྱུར་བཞིན་འདུག  གསར་འགོད་པས་ལམ་བར་ནས་བཀྲ་ཤིས་དར་ཐང་སྡེ་བའི་སྲང་ལམ་དུ་ལོ་ན་བཅོ་བརྒྱད་ལ་སོན་པའི་རྡོ་སྐྱིད་ལ་བཅར་འདྲི་བྱེད་དུས། ཁོས་བཤད་རྒྱུར། “ཁོས་མིག་སྔར་ཡུལ་ཤུལ་གྱི་གསོལ་མགྲོན་ཁང་ཆེན་མོ་ཞིག་ཏུ་ཞབས་ཞུ་བའི་བྱ་བ་གཉེར་གྱིན་ཡོད་པ་དང་། ཁོའི་མ་འོངས་པའི་འཚོ་བའི་དམིགས་འབེན་ནི་རང་གིས་མགྲོན་ཁང་ཞིག་གཉེར་རྒྱུ་དེ་ཡིན”ཟེར། དེ་མིན་ལམ་ཐག་རིང་བོ་ནས་སྐྱེལ་འདྲེན་གྱི་བྱ་བ་གཉེར་བཞིན་པའི་གསར་བུ་ཕུན་ཚོགས་ཀྱིས་སྐབས་དེར་ཏག་ཏག་ཟི་ཁྲིན་ཁྲིན་ཏུའུ་ནས་སིལ་ཏོག་རླངས་འཁོར་གང་དྲུད་ནས་ཐོན་རུང་རེད། “ཁོས་རྗེས་ཕྱོགས་སུ་སིལ་ཏོག་འཚོང་ས་ཞིག་གཉེར་ནས་ཡུལ་ཤུལ་མི་དམངས་ལ་སིལ་ཏོག་གསར་བ་བཟའ་རུ་འཇུག་རྒྱུ་དེ་ཡིན”ཟེར། ཡུལ་ཤུལ་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་སྲང་ལམ་དུ་ཡོད་པའི་མི་མང་པོ་ཞིག་གིས་སྲིད་གཞུང་གི་ལས་ཞུགས་གསར་སྐྲུན་གྱི་སྲིད་ཇུས་ཡག་པོའི་མཛུབ་སྟོན་འོག    དངུལ་བུན་བསྐྱིས་ནས་ལས་ཞུགས་གསར་སྐྲུན་བྱེད་པའི་བྱ་བར་བརྩོན་བཞིན་ཡོད་ཅིང་། ཁོ་ཚོ་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པར་མ་ཟད་ཚོང་ལས་རིགས་སྣ་ཚོགས་ཤིག་གཉེར་བར་ཡང་བྱང་ཆ་ལྡན་པས། སྐྱེལ་འདྲེན་བྱེད་པ་དང་གྱོན་ཆས་འཚོང་བ། གློག་ཆས་སྒྲིག་ཆས་འཚོང་བ་སོགས་ལས་ཀ་སྣ་ཚོགས་ཤིག་གཉེར་བཞིན་ཡོད་པ་དང་། ད་དུང་ཁོ་ཚོའི་ཁྲོད་ཀྱི་མི་སྐོར་ཞིག་ཡུལ་ཤུལ་དང་ཟི་ལིང་། ཁྲིན་ཏུའུ། ལྷ་ས་སོགས་ས་ཁུལ་སྐོར་ཞིག་ནས་ཕར་འགྲོ་ཚུར་འོང་བྱས་ནས་ཚོང་ལས་གཉེར་བཞིན་ཡོད་པ་རེད།

སྡོམ་རྩིས་བྱས་པའི་རྒྱུ་ཆ་ལས་གསལ་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཡུལ་ཤུལ་ཁུལ་གྱི་མཁར་གྲོང་སྡོད་དམངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་ཡིན་པ་དེ་ན་ནིང་སྒོར་མོ་ཁྲི་གསུམ་ལ་འཕར་སྣོན་བྱུང་ཡོད་པ་རེད། ཀརྨ་བུ་བསོད་ཀྱིས་བཤད་རྒྱུར། “ད་ལྟ་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད། དོན་དངོས་ཀྱི་འགྱུར་ལྡོག་དེས་ཡུལ་ཤུལ་མི་དམངས་ལ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ནི་ཤིན་ཏུ་ཡག་པོ་ཡིན་པར་ཡིད་ཆེས་བྱེད་དུ་བཅུག་པས་སྡེ་མི་རྣམས་ཀྱིས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བཞིན་ཡོད” ཟེར།

ས་འགུལ་རྗེས་ཀྱི་ལོ་བརྒྱད་ཀྱི་ནང་དུ་ཡུལ་ཤུལ་བ་ཚོ་ཞིག་རོའི་ས་རྡུལ་གྱི་ཁྲོད་ནས་ཡང་བསྐྱར་གསོན་ཤུགས་རྒྱས་ནས་སྐྱེ་སྟོབས་གསར་བ་མངོན་ཞིང་། སྐལ་བཟང་མཚོ་སྐྱིད་དང་འདྲ་བའི་ན་གཞོན་སྐོར་ཞིག་གིས་དུས་རབས་གསར་བའི་ཡུལ་ཤུལ་གྱི་ཕུགས་འདུན་མངོན་དུ་འགྱུར་བར་རྒྱུན་ཆད་མེད་པར་དཀའ་སྤྱད་འབད་བརྩོན་བྱས་པས། ཐང་བོད་གནའ་ལམ་སྟེང་གི་སྐྱེ་རྒུ་ལ་འཛད་མེད་ཀྱི་སྐྱེ་སྟོབས་དང་སྟོབས་ཤུགས་ཀྱིས་ཁེངས་པར་བྱས།

                                                                                                        ལོ་ཙཱ་བ། གཡང་འབུམ་རྒྱལ།