ཉི་འོད་འོག་གི་དབུལ་ཐར་ཕྱུག་བསྒྱུར་ལམ་བུ།
2018.12.26 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 90

  ཟླ་བཅུ་པའི་ཟླ་དཀྱིལ་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཁ་བ་ཐེངས་འགར་བབས་ཤིང་། ཞོགས་པར། རྨ་སྟོད་རྫོང་རྨ་ཕྲ་ལི་ཞང་རྨ་ཕྲ་ལི་སྡེ་བའི་འབྲོག་པ་འབྲུག་བརྟན་ཚང་གི་ཁང་ཐོག་གི་འོད་ཧྥུ་པང་ལེབ་ལ་ཉི་འོད་ཀྱི་འོག་ཏུ་འོད་ཟེར་འཕྲོ་བཞིན་འདུག ལོ་གཉིས་ཀྱི་སྔོན་དུ། རྨ་སྟོད་རྫོང་གི་སྡོད་དམངས་རྣམས་ཀྱིས་གློག་བཀོལ་བར་ད་རུང་ཉེ་འགྲམ་གྱི་ཆུ་གློག་ས་ཚིགས་ཆུང་ངུ་ལ་བརྟེན་དགོས་པས། གློག་ཆད་པ་དང་གློག་མེད་པ་ནི་འབྲོག་པ་མང་ཚོགས་ལ་མཚོན་ན་ཆེས་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། “སྔོན་ཆད་རྩྭ་ཐང་དུ་སྦྲ་གུར་ནང་སྡོད་དུས། ཁང་བ་ནང་ཇེ་གསལ་དུ་གཏོང་བར་མར་གྱི་སྒྲོན་མེ་ལ་བརྟེན་དགོས་ཤིང་། ཟས་བསྐོལ་བ་དང་ཇེ་དྲོད་དུ་གཏོང་བར་ལྕི་བ་ལ་བརྟེན་དགོས། ས་འདིར་གནས་སྤོ་བྱས་རྗེས་ཐོག་དང་པོར་གློག་བཀོལ་བ་ཡིན། གློག་ནི་དངོས་གནས་དངོས་པོ་དགའ་ཞིག་རེད”ཅེས་འབྲུག་བརྟན་གྱིས་དེ་ལྟར་བཤད། ཡིན་ཡང་རྒྱུན་པར་གློག་ཆད་པས་དངོས་གནས་སུན་སྣང་སྐྱེ་བ་ཞིག་རེད། དགུན་ཁར་སླེབས་པ་ན་སྐབས་རེར་ཐ་ན་ཟླ་གཅིག་གཉིས་ཤིག་གི་རིང་ལ་གློག་བཀོལ་མི་ཐུབ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་པའི་ཚེས་ལྔ་ཉིན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་མགོ་ལོག་དྲ་སྦྲེལ་བཟོ་འགོད་ལེགས་འགྲུབ་བྱུང་བས། རྨ་སྟོད་རྫོང་གིས་གཞི་ནས་བརྟན་པོ་ཡིན་ཞིང་བློ་གཏད་ཆོག་པའི་གློག་དྲ་ཆེན་པོ་འཐེན་ཐུབ་པ་བྱུང་།

 ཨ་སྔོན་གནམ་དང་ཐག་ཉེ་སའི་རྫོང་མཁར་ཆུང་ངུ་འདི་རུ། བར་སྣང་ནས་གློག་སྐུད་འཐེན་པ་ལ་བརྟེན་ནས་བརྟན་འཇགས་ཀྱི་གློག་རྒྱུན་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་སླེབས་ཐུབ་པ་བྱུང་བས། འབྲོག་པ་མང་ཚོགས་ཀྱིས་དེ་ནི“གནམ་ལས་བབས་པའི་བདེ་སྐྱིད་ཅིག་དང་འདྲ”ཞེས་སྐབས་དེའི་དགའ་སྤྲོའི་སེམས་ཁམས་དེ་ལྟར་བཤད་བྱུང་། རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་རྨ་ལ་བཞི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཉི་མ་ཚེ་རིང་ལ་ནད་ཕོག་ཡོད་པ་དང་ཉན་ཤུགས་ཀྱི་ཚོར་ནུས་ཞན་ལ། ཁོའི་ཨ་མའང་ལོ་ན་མཐོ་ཞིང་མིག་ལོང་བར་གྱུར་ཡོད། ནུ་བོར་ཡང་ནད་བྱུང་སྟེ་ལོ་ཧྲིལ་པོར་ཉལ་སར་ལྷུང་ཡོད་པས། ཉི་མ་ཚེ་རིང་བཟའ་མི་གང་བོས་སྲིད་གཞུང་གི་ལོ་རེའི་ཁ་གསབ་རོགས་དངུལ་སྒོར་ཁྲི་གཅིག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཉི་མ་ཚེ་རིང་གིས་གསར་འགོད་པས་ཁོ་ཚང་གི་ཁང་ཐོག་གི་འོད་ཧྥུ་པང་ལེབ་མཛུབ་མོས་སྟོན་བཞིན་པ་མཐོང་འཕྲལ་གདོང་ལ་འཛུམ་མདངས་རྒྱས། ཉིས་སྟོང་བཅུ་གཉིས་ལོར་ཉི་མ་ཚེ་རིང་ཚང་ལ་འོད་ཧྥུ་པང་ལེབ་ནང་འཇུག་བྱས་ཤིང་། འོད་ཧྥུ་པང་ལེབ་ཀྱི་གློག་འདོན་རང་ཁྱིམ་ཚང་ཁོ་ནས་མ་གཏོགས་བཀོལ་མི་ཐུབ་ལ། གློག་ལའང་ཚད་ཡོད་ཅིང་ད་དུང་རང་ཉིད་ཀྱིས་གློག་རིན་སྤྲོད་དགོས།

ད་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་རོགས་སྐྱོར་བྱས་ཏེ་འཛུགས་སྐྲུན་བྱས་པའི་རྨ་སྟོད་ཀྲའོ་ཝ་བཞི་དང་གྲངས་ཆུང་བཞི་ཡི་འོད་ཧྥུ་དབུལ་སྐྱོར་སྡེ་འབྲེལ་གློག་འདོན་ས་ཚིགས་ཀྱིས་དངོས་སུ་དྲ་སྦྲེལ་གློག་འདོན་བྱས། གློག་འདོན་ས་ཚིགས་དེ་ཉི་མ་ཚེ་རིང་ཡོད་སའི་སྡེ་བའི་བྱང་ཕྱོགས་སུ་ཧ་ལམ་སྨི་སྟོང་གཉིས་ཡོད་པའི་ས་རུ་འཛུགས་སྐྲུན་བྱས་འདུག སྔོན་དཔག་བྱས་པ་ལྟར་ན་གློག་འདོན་ས་ཚིགས་ཀྱི་ལོ་རེའི་གློག་འདོན་ཚད་ནི་དུས་ཚོད་རེར་སྟོང་ཝ་ཁྲི་དྲུག་དང་སྟོང་བརྒྱད་ལྷག་ཡིན། འོད་ཧྥུ་གློག་འདོན་གྱི་ཡོང་སྒོ་སྡེ་བའི་ཐུན་མོང་དང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་ཡོང་བར་བཀོལ་རྒྱུ་རེད།

རྨ་སྟོད་རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་ཡུའེ་སངས་རྒྱས་ཀྱིས་བཤད་རྒྱུར། “གློག་འདོན་འཛུགས་སྐྲུན་བྱས་པ་དེས་རྨ་སྟོད་རྫོང་གི་ཁྱིམ་ཚང་དྲུག་བརྒྱ་དང་ཉེར་བརྒྱད་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་སྟོང་གཅིག་དང་དྲུག་བརྒྱ་གྱ་དྲུག་གི་ཡོང་སྒོ་ཆ་སྙོམས་ཀྱིས་སྒོར་སྟོང་གསུམ་ཡན་དུ་འཕར་སྣོན་བྱ་ཐུབ།

བསྡོམས་རྩིས་བྱས་པ་ལྟར་ན།ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བདུན་ལྷག་བཏང་ཞིང་། རྒྱལ་ནང་དུ་སྔ་ཕྱིར་གཅིག་བསྡུས་རྣམ་པའི་འོད་ཧྥུ་དབུལ་སྐྱོར་གློག་འདོན་ས་ཚིགས་བདུན་དང་སྡེ་བ་རིམ་པའི་འོད་ཧྥུ་གློག་འདོན་ས་ཚིགས་ཉིས་བརྒྱ་དང་སོ་དྲུག་བཙུགས། ལོ་རེར་དབུལ་སྐྱོར་ཡོང་སྒོ་སྒོར་ཁྲི་དྲུག་ལྷག་བྱུང་དང་འབྱུང་བཞིན་ཡོད་པས། དེས་མང་ཚོགས་ཁྲི་བཅུ་ལྷག་ལ་བརྟན་འཇགས་ཀྱི་དབུལ་སྐྱོར་མ་དངུལ་འགན་སྲུང་འདོན་སྤྲོད་བྱས།

                                                                                                                         རྩོམ་སྒྲིག་པ།  སྐར་མ་མཚོ།