མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་གིས“ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”བྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་ཀྱིས་ཐོས་ན་དགའ་ཞིང་མཐོང་ན་སྤྲོ་བའི་རྣམ་པ་བཟང་པོ་ཞིག་བརྒྱུད་པའི་མཐར། “ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”བྱེད་པ་དེ་ཉིད་རོང་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱི་ཤེས་རྒྱ་སྐྱེད་བྱེད་དུ་གྱུར་ཏེ“དམངས་ཀྱི་བློ་གྲོས་འབྱེད་པ། དམངས་སེམས་གཅིག་ཏུ་སྡུད་པ། དམངས་ཤུགས་འདོན་སྤེལ་བྱེད་པ། དམངས་ཕྱུག་སྐུལ་སྤེལ་གཏོང་བ”བཅས་ཤེས་བྱ་སྣ་མང་གསོག་འཇོག་བྱེད་པའི་ཐབས་ལམ་རྨད་དུ་བྱུང་བ“གློག་གསོག་ནོར་བུ”ལྟ་བུར་འགྱུར་དུ་བཅུག་ཡོད།
དགེ་རྒན་གྱི་དཔུང་སྡེ་བཟང་པོ་བཀོད་སྒྲིག་བྱས་ཏེ“གློག་གི་འབྱུང་ཁུངས”ལེགས་འདེམ་བྱས། དགོས་མཁོའི་དབང་གིས་ཤེས་ལྡན་འཇོན་མི་ལེགས་འདེམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀའི་ལས་ཁུངས་ཀྱི་ཏང་སྲིད་ལས་བྱེད་པ་དང་“ཧྲུའུ་ཅི་དང་པོ།” རོང་འབྲོག་པའི“ས་གནས་ཀྱི་ཆེད་མཁས་པ།” སྔོན་ཐོན་དཔེ་ལེགས་མི་སྣ་དང་ཕུལ་བྱུང་ཏང་ཡོན་གྱི་ཁྲོད་ནས། དཔེ་ཁྲིད་བྱེད་མཁན་གྱི་རྐང་འཛིན་པ་སྐོར་ཞིག་བདམས་ནས་གདན་འདྲེན་ཞུས་པར་མ་ཟད། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་ཁྲིད་བྱེད་མཁན་གྱི་དཔུང་སྡེ་ལེགས་པོ་དང་། ཉམས་མྱོང་ལྡན་ཞིང་སྟོབས་ཆེ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་བཀོད་སྒྲིག་བྱས་ཏེ། ཏང་གི་སློབ་ཁྲིད་དེ་ཉིད་སྔར་ལས་ཀྱང་ཡུལ་ཕྱོགས་ཀྱི་སྲོལ་ལུགས་དང་མཐུན་པར་བྱས་ཤིང་། སྔར་ལས་ཀྱང་མང་ཚོགས་དང་ཉེ་བར་བཅར་ཐུབ་པ་བྱས་ཡོད། མིག་སྔར་རྫོང་ཡོངས་སུ། རིགས་འདྲ་མིན་གྱི་འཆད་ཁྲིད་དགེ་རྒན་བརྒྱད་ཅུ་ལྷག་གདན་འདྲེན་ཞུས་ཏེ་ཏང་གི་ཤེས་བྱའི་སྐོར་གྱི་སློབ་ཁྲིད་སྣ་ཚོགས་བྱས་དང་བྱེད་བཞིན་མཆིས།
རྫོང་དང་གྲོང་རྡལ། སྡེ་བ་བཅས“རིམ་པ་གསུམ་མཉམ་འགུལ”གྱི་མ་ལག་རྒྱུན་འཁྱོངས་བྱས་ཏེ། གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག ངེས་གཏན་གྱི་ཏང་གི་ཉིན་མོ། བརྗོད་གཞི་གཙོ་བོའི་ཏང་གི་ཉིན་མོ་ལ་སོགས་པའི་བྱ་འགུལ་གང་མང་སྤེལ་བ་བརྒྱུད། ཏང་གི་སློབ་ཁྲིད་ཀྱི་གཡུལ་ས་གནས་སྤོར་བྱེད་རྒྱུ་ཡིན་པ་དང་རོང་འབྲོག་པའི་ཁོམ་གསེང་གི་དུས་ཚོད་ཕན་ནུས་ལྡན་པར་བེད་སྤྱོད་གོ་ཆོད་པ་ཞིག་བྱས་ནས། མི་རྣམས་བཙལ་ན་རྙེད་ཐུབ་ས་ཞིག་དང་དུས་ཚོད་ཁོམ་ལོང་བཙལ་ཐུབ་པའི“ལྷུ་ཚིགས་ཀྱི་གནས”སུ་རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ལ་ཏང་གི་སློབ་ཁྲིད་ལེགས་པོ་རྣལ་དུ་འགྲོ་བ་ཞིག་གཅིག་བསྡུས་ཀྱིས་བྱས་ཤིང་། དེའི་སྐབས་སུ་དུས་ཚོད་ཀྱི་རིང་ཐུང་དང་སློབ་ཁྲིད་ལ་ཞུགས་པའི་མི་གྲངས། དཔེ་ཁྲིད་བྱས་པའི་ཐེངས་གྲངས་བཅས་ཚང་མ་ཏང་ཡོན་མང་ཚོགས་ཀྱི་དོན་དངོས་ཀྱི་དགོས་མཁོ་ངོ་མ་གཞིར་བཟུང་ནས་བརྐྱང་བསྐུམ་སྐབས་བསྟུན་བྱས་ཏེ། “ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”བྱེད་པ་དེ་ཉིད“སྟབས་བདེ་ཅན་དང་ཡོངས་སུ་ཁེབས་པ”ཞིག་འབྱུང་བ་ལེགས་པར་མངོན་འགྱུར་བྱས་པ་དང་། “ཞིང་ལས་གཉེར་ཀྱང་སློབ་ཁྲིད་དལ་འགོར་མི་བྱེད་པ”ཁོ་ཚོའི་ཏང་རྩ་འཛུགས་ཀྱི་ལག་ལེན་དངོས་ཀྱི་ཐོག་ནས་སྒྲུབ་ཅི་ཐུབ་བྱས།
བྱེད་ཐབས་སྣ་མང་ཡིན་པ་དང“བརྗོད་བྱའི་ནང་དོན་དུས་དང་དར་སྲོལ་ལ་མཐུན་པ།” ཏང་གི་སློབ་ཁྲིད་ཀྱི་བརྗོད་གཞི་གཙོ་བོ་དང་སློབ་ཁྲིད་བྱ་ཡུལ་གྱི་ཉན་མཁན་མང་ཚོགས་ངེས་གཏན་མེད་པར་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པར་གཞིར་བཟུང་ནས། ཡུལ་དེ་གར་སློབ་ཁྲིད་ཀྱི་སྟེགས་བུ་བསྐྲུན་པ་དང་། མང་ཚོགས་ཀྱིས་ཉན་ན་ཁ་གསལ་གོ་བདེ་བའི་སྐད་ཆ་རྐྱང་རྐྱང་བཀོལ་ནས་ཏང་གི་ཤེས་བྱ་སྐོར་གྱི་གླེང་མོལ་བྱས་པ་དང་། ས་དེའི་ཏང་ཡོན་མང་ཚོགས་ལ་ཁྱིམ་ཚང་གི་སྐྱིད་སྡུག་དང་འཚོ་བའི་གནས་ཚུལ་ཁ་བརྡ་བྱས་ལ། ཡར་མར་གྱི་གཏམ་རྒྱུད་སྣ་ཚོགས་གླེང་ནས་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་མོ་ཆགས་སུ་བཅུག་ཅིང་ཡིད་སེམས་ཕན་ཚུན་འོ་ཆུ་ལྟར་འདྲེས་པར་བྱས་པས། “ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”ལས་ཕན་ནུས་ཆེན་པོ་ཐོན་ཏེ་མི་རེ་རེས་ཉན་ན་རྟོགས་ཐུབ་པ་དང་གོ་སླ་བ་ཞིག་ཏུ་བཏང་ཡོད་ལ། ཕོ་མོ་རྒན་གཞོན་མེད་པར་ཐམས་ཅད་སློབ་སྦྱོང་བྱེད་པར་དགའ་རུ་བཅུག་ཡོད་ཅིང་། ཏང་ཡོན་མང་ཚོགས་ལ་རོགས་རམ་བྱས་ནས་རིགས་ལམ་ཤེས་པ་དང་སྲིད་ཇུས་རྟོགས་པ། འཕེལ་རྒྱས་སྙེག་པར་བརྩོན་དུ་བཅུག་ཡོད། མིག་སྔའི་བར་དུ། སྔ་གཞུག་ཏུ་བྱེད་སྟངས་མི་འདྲ་བའི་སྒོ་ནས“ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”ཐེངས་གྲངས་བརྒྱ་དང་བདུན་ཅུ་ལྷག་སྤེལ་བ་དང་། ཏང་ཡོན་མང་ཚོགས་སྟོང་གཅིག་བདུན་བརྒྱ་ལྷག་ཏང་གི་སློབ་ཁྲིད་ལ་ཞུགས་པ་རེད།
དགོས་མཁོར་བསྟུན་ཏེ“ཤོང་ཚད་ཀྱི་རྒྱ་བསྐྱེད་པ།” ཏང་གི་སློབ་ཁྲིད་ལེགས་པོ་བྱེད་པ་དང་བྱ་བར་སྐུལ་འདེད་བྱེད་པ་གཉིས་ཕན་ཚུན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ནས། གནད་ཁེལ་ཅན་དང་ཁྱད་བག་ཅན་འབུར་དུ་ཐོན་པར་བྱས་པ་དང་། ཏང་གི་སློབ་ཁྲིད་བྱས་པ་དེ་སྔར་ལས་ལྷག་པར་ཀུན་གྱི་བློ་ཁ་དང་འཚམ་པོ་ཡོང་དུ་བཅུག་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་རིགས་པའི་གཞུང་ལུགས་གསར་པ་དང་བསམ་བློ་གསར་པ། བླང་བྱ་གསར་པ་ཐམས་ཅད་དོན་ཟབ་གོ་སླ་དང་ཁ་གསལ་གོ་བདེའི་ངང་ནས་འགྲེལ་བཤད་བྱས་ལ། རྒྱ་ཆེ་བའི་ཏང་ཡོན་མང་ཚོགས་རྣམས་ལ་ཁྲིད་སྟོན་བྱས་ནས“ཏང་གི་གསུང་ལ་ཉན། ཏང་གི་རྗེས་སུ་འབྲངས”པ་ལག་ལེན་དུ་འདེབས་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་གཞི་རིམ་དུ་རྐང་ཚུགས་ཤིང་འདབ་ལག་རྒྱས་སུ་འཇུག་པར་སྐུལ་འདེད་བྱས། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་ཕྱུགས་རྒྱུད་གསོ་སྤེལ་གྱི་ལག་རྩལ་དང་ཞིང་སྡེའི་གློག་རྡུལ་ཚོང་དོན། ཞིང་ལས་ཞིང་སྡེའི་སྲིད་ཇུས་སོགས་ཀྱི་གསོ་སྦྱོང་སྣ་མང་སྤེལ་བར་མ་ཟད། རོང་འབྲོག་མང་ཚོགས་ལ་གང་ཐུབ་ཅི་ནུས་ཀྱིས་རོགས་རམ་བྱས་ཏེ“ཀླད་པ་ཕྱུག་པོར”བཏང་བས་མི་ཚད། “ཁུག་མ་ཡང་ཕྱུག་པོར”གཏོང་དགོས་པའི་ངེས་ཤེས་ཆེན་པོ་སྐྱེ་རུ་བཅུག་ཡོད། ཀུན་སྤྱོད་འཆད་ཁྲིད་སོགས་ཀྱི་གླེང་སྟེགས་བེད་སྤྱད་ནས། སྤྱོད་ཚུལ་ལེགས་པོ་དང་རྣམ་དཀར་དགེ་སྒྲུབ་ཕྱོགས་ཀྱི་ཡིད་འགུག་གཏམ་རྒྱུད་ཐུང་ངུ་བཤད་པས་སྤྱི་ཚོགས་ཡ་རབས་ལེགས་ལམ་དུ་ཁྲིད་པར་བྱས་ཡོད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གྱི་རྒྱུན་ཤེས་ཕྲན་བུ་ཁྱབ་གདལ་བཏང་ནས། སྤྱི་ཚོགས་ཀྱི་མི་རྣམས“ལས་ལ་བརྩོན་ཞིང་། བསམ་པ་བཟང་བ། གཞུང་དྲང་བབ་ཆགས། རྩོད་མེད་འཆམ་མཐུན”ཡིན་པའི་དམངས་སྲོལ་བཟང་པོ་ཞིག་གང་ས་གང་དུ་དར་སྤེལ་བཏང་བར་མ་ཟད། “ཡུལ་ཕྱོགས་ཀྱི་ཏང་གི་སློབ་ཁྲིད”འདི་ལ་བརྟེན་ནས་རྒྱ་ཆེ་བའི་ཏང་ཡོན་མང་ཚོགས་རྣམས་ཀྱིས་ལས་ཀ་སྒྲུབ་པ་དང་བྱ་གཞག་གསར་གཏོད་ཀྱི་ཁྲོད་དུ་བསམ་པའི་སྟོབས་ཤུགས་གོང་བུ་གཅིག་འགྲིལ་ཡོང་དུ་བཅུག་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།