དུས་རབས་གསར་པར་སྔར་ལས་ཆེ་བའི་ངོ་མཚར་དང་བྱས་རྗེས་གསར་བ་བསྐྲུན་པ།
2019.01.02 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 186

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་འཚང་ཁ་ཤིག་ཤིག་གིས་སྔ་གཞུག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བཅོས་བསྒྱུར་སྒོ་འབྱེད་མཐའ་འཁྱོལ་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱིས་དགའ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་འབྱུང་དུ་བཅུག་སྟེ། དུས་རབས་གསར་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

2018ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉན་ཐོག་ཞང་རྐ་གསར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྒྱལ་གྱིས་སྡེ་བའི་ནང་གི་ཏང་ཡོན་རྣམས་བོས་ཏེ་རང་ཁྱིམ་ནས་ཐད་གཏོང་ལ་བལྟས།

“བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ང་ཚོའི་སྡེ་བར་གློག་དང་ལམ། ཆུ། དེ་མིན་དྲ་བ་བཅས་འཐེན་པ་དང་། ཁྱིམ་ཚང་རེ་རེ་ཡངས་ཤིང་གསལ་བའི་ཁང་པའི་ནང་གནས་སྤར་དུ་བཅུག ཁྱིམ་ཚང་ལ་ལས་ད་དུང་རླངས་འཁོར་ཆུང་ཆུང་རེ་ཡང་ཉོས་ཟིན། བྱིས་པ་སློབ་གྲྭར་འགྲོ་ས་ཡོད་ཅིང་། ནད་བྱུང་ཚེ་སྨན་བཅོས་འགན་སྲུང་ཡོད་ལ། རྒས་ཀྱང་འགན་སྲུང་ཡོད་པ་དང་། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུར་སེམས་ཁུར་མེད་པར། ང་ཚོའི་འཚོ་བ་སྔར་ལས་སྐྱིད་པོར་གྱུར་པ་བཅས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་འདི་དག་ནི་སྔོན་ཆད་ངའི་ཡིད་ལའང་དྲན་མ་ཕོད། ངས་སེམས་གཏིང་ནས་གུང་ཁྲན་ཏང་ལ་བཀའ་དྲིན་ཞུས་པ་ཡིན་ཞིང་། ཏང་གིས་ང་ཚོའི་སྣེ་ཁྲིད་དེ་སྔར་ལས་བཟང་བའི་མཛེས་སྡུག་གི་འཚོ་བ་བསྐྲུན་པར་ཡིད་ཆེས་ཡོད”ཅེས་ཚེ་རིང་རྒྱལ་གྱིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

“བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཡུས་ཧྲུའུ་ཡི་ནགས་ཚལ་བདག་སྐྱོང་པས་དཀའ་སྡུག་གི་ཁྲག་དང་རྔུལ་ཆུ་བཏོན་ཏེ། བློ་དཀར་དང་བྱས་རྗེས་འཇོག་པ། ‘ལྗང་མདོག་གིས་དྲིན་གཟོ་བ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ’བའི་འདུ་ཤེས་ལག་བསྟར་གྱིས་གཙང་གསུམ་འབྱུང་ཡུལ་གྱི་དག་ཞིང་གི་གནས་དེ་ལ་སྲུང་སྐྱོབ་བྱས་ཤིང་། ཁོར་སྲུང་ནགས་ལས་བྱ་བའི་སྤུས་ཀ་ཇེ་མཐོར་གཏོང་རྒྱུ་ཧུར་ཐག་སྒོས་མངོན་འགྱུར་བྱས་ཏེ། ཡུས་ཧྲུའུ་ཡི་ནམ་མཁའ་སྔར་ལས་སྔོ་ཞིང་། ཆུ་བོ་སྔར་ལས་དྭངས་པ། རི་བོ་སྔར་ལས་ལྗང་མདོག་ལྡན་དུ་བཅུག་པ་ཡིན”ཞེས་ལས་ཁུངས་དེའི་ལས་སྒྲུབ་མི་སྣ་རྡོ་རྗེ་འཇིགས་མེད་ཀྱིས་དེ་ལྟར་བཤད།

“ལོ་ངོ་བཞི་བཅུའི་རིང་ལ། མང་ཚོགས་ཀྱི་ལག་གི་སྒོར་མོ་ཇེ་མང་དུ་སོང་བ་དང་། བསམ་བློའི་རིག་གནས་འཚོ་བའང་ཕུན་སུམ་ཚོགས་པོར་གྱུར། ང་ཚོའི་སྡེ་བར་མཚོན་ན། ལོ་མང་པོའི་རིང་ལ། སྤྲོ་སྣང་ལྡན་པའི་ལུས་རྩལ་བྱ་འགུལ་དང་མི་རིགས་ལུས་རྩལ་འགྲན་བསྡུར་ཆེན་མོ་སོགས་ཀྱི་བྱ་འགུལ་རྒྱུན་འཁྱོངས་ངང་སྤེལ་བ་ཡིན་ཞིང་། རིག་རྩལ་བྱ་འགུལ་དེ་དག་བསྒྲུབས་པས་འབྲོག་དམངས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་ཚུལ་ལྡན་སྤུས་ཀ་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་མཐོར་འདེགས་སུ་འགྲོ་བར་བྱེད་ནུས་གལ་ཆེན་བཏོན། ད་ལྟ། སྡེ་བའི་ཡུལ་སྲོལ་དང་དམངས་སྲོལ་ཇེ་ལེགས་སུ་སོང་བ་དང་། མིའི་སྡོད་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་སོང་ལ། རིག་གནས་འཚོ་བ་ཡང་ཇེ་བཟང་དུ་གྱུར་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་སྣང་བ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་སོང་ཡོད”ཞེས་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་སུའུ་ཅི་ཐང་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁྲེང་ཅེ་ཡིས་དེ་ལྟར་བཤད།

ཚྭ་འདམ་གཞོང་ས་ནས་རྒྱ་ཆེ་བའི་རྩྭ་ཐང་དང་། ཏང་སྲིད་ལས་ཁུངས་ནས་དམག་དཔུང་གི་དམག་སྒར། ཁེ་ལས་མང་པོ་ནས་གྲོང་གསེབ་ཀྱི་སྡེ་ཁུལ། ཞིང་པའི་གཞིས་ཁྱིམ་སོགས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་རིགས་སོ་སོ། ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱང་སྒྲོག་དང་བརྙན་འཕྲིན། གློག་ཀླད། ལག་ཁྱེར་ཁ་པར་སོགས་སྨྱན་བྱེད་དག་ལ་བརྟེན་ནས། ཚོགས་ཆེན་ཐད་གཏོང་གི་གཟབ་རྒྱས་ཀྱི་རྣམ་པར་བལྟས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་ཉན་ཞོར། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་གི་དུས་རབས་ཀྱི་འཕར་སྒྲར་མཉམ་དུ་རོལ་མྱོང་བྱས།

“བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད་འཚར་ལོངས་བྱུང་བའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་མགོ་ལོག་ཁུལ་གྱི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དངོས་སུ་ཚོར་ཡོད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དགོངས་དོན་ཡིན་པས། ང་ཚོས་ངེས་པར་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་ང་ཚོའི་བྱ་བའི་མགོ་རྩོམ་ས་དང་མཇུག་བསྡུ་ས་བྱས་ཏེ། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། དངོས་སྒྲུབ་དམ་འཛིན་དང་། སྣ་མང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། འབྲོག་པ་མང་ཚོགས་ལ་སྣ་མང་དང་། གནད་འཁེལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། འབྲོག་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཧུར་ཐག་གིས་ཇེ་མཐོར་བཏང་བ་ཡིན”ཞེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གི་ཞང་ཀྲང་རྡོ་རྗེ་ཚེ་བརྟན་གྱིས་དེ་ལྟར་བཤད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་དཔྱད་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཡུས་ཅུན་རྨིན་གྱིས་བཤད་རྒྱུར། “ང་ཚོའི་མི་རབས་འདི་ནི་བཅོས་བསྒྱུར་སྒོ་འབྱེད་དངོས་སུ་བརྒྱུད་མཁན་དང་། དེ་ལ་ཞུགས་མཁན། དེ་ལ་སྐུལ་འདེད་བྱེད་མཁན་དང་ལག་ལེན་པ། དེ་ལས་ཀྱང་ཕན་ཁེ་རེག་མཁན་བཅས་ཡིན། དུས་རབས་གསར་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ནམ་ཡང་བསམ་བློ་བཅིངས་འགྲོལ་དང་། དུས་བསྟུན་མདུན་སྐྱོད། དངོས་སྒྲུབ་གསར་གཏོད། བཅོས་བསྒྱུར་འདུ་ཤེས་དང་མདུན་སྐྱོད་འདུ་ཤེས་བརྟན་པོར་བཙུགས་ནས། སྤོབས་པ་ལྡན་པའི་ངང་བཅོས་བསྒྱུར་ལ་སྲུང་སྐྱོབ་དང་། བཅོས་བསྒྱུར་ལ་སྐུལ་འདེད། བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་གདོང་མཆོང་པ་དང་སྣེ་ཁྲིད་པ་བྱེད་ཕོད་དགོས།”ཟེར།

“ལོ་ངོ་བཞི་བཅུའི་ལག་ལེན་ལས། བཅོས་བསྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པའི་ནོར་བུ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན་པ་དང་། དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་པའི་བྱེད་ཐབས་གཙོ་བོ་ཞིག་དང་། ‘བརྒྱ་ལོ་གཉིས’ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཁག་ཐེག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན། ང་ཚོ་འབྲི་ཆུའི་མགོ་ཁུངས་སྡེ་བའི་འགྱུར་ལྡོག་ཆེན་པོ་དེ་སྡེ་དམངས་ཀྱི་འཚོ་བའི་ཕྱོགས་དང་ཟུར་སོ་སོར་ཐོན་ཡོད་ལ། འཚོ་བ་རོལ་སྟངས་དང་འཚོ་བའི་ཆ་རྐྱེན་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་འོག་ང་ཚོའི་བདེ་སྐྱིད་འཚོ་བ་ནི་འབྲི་ཆུ་བཞིན་མདུན་དུ་བཞུར་ཞིང་ཆད་པ་མེད་པར་ང་ཚོར་ཡིད་ཆེས་ཡོད”ཞེས་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་ལ་རྗེས་ཕྱོགས་ཀྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

ང་ཚོས་མི་འགྱང་བར་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལག་ལེན་ཁྲོད། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་རྔམ་བརྗིད་ལྡན་ལ་མཛེས་ཤིང་སྡུག་པའི་ལེའུ་གསར་པ་ཞིག་འབྲི་ཐུབ་ངེས་ཡིན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།