ལུང་པ་ཆུང་ཆུང་ཞིག་ཏུ་བོད་རིགས་འབུམ་རམས་པ་ཉེར་བརྒྱད་བྱུང་བ།
2019.01.02 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 401

 རང་ཞིང་གི་ཤར་རྒྱུད་དུ་རྡོ་སྦིས་ཞེས་པའི་བོད་རིགས་འདུས་སྡོད་ཀྱི་ལུང་པ་ཆུང་ཆུང་ཞིག་ཡོད་ལ།《འཛམ་གླིང་རྒྱས་བཤད》དང《མདོ་སྨད་ཆོས་འབྱུང》སོགས་ལོ་རྒྱུས་དེབ་ཐེར་དང་།   མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་སོགས་སུ་རྡོ་སྦིས་ཟེར་བའི་ལུང་པ་ཆུང་ཆུང་དེ་ང་ཚོའི་མིག་ལ་ཡང་ཡང་ཐོགས་མྱོང་།   ལུང་པ་དེ་ད་ལྟ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གཏོགས་ཤིང་།   ལུང་པའི་གཞུང་དུ་རྡོ་ཕ་བོང་ཆེན་པོ་སྦིས་དཀར་གྱི་དབྱིབས་ལྟ་བུ་ཞིག་ཡོད་པས་རྡོ་སྦིས་ཞེས་ཐོགས་པར་བཤད་ལ།   སྟོད་དུ་ཨ་མྱེས་དར་རྒྱལ་གནས་རི་མཐོན་པོ་གངས་ཀྱིས་བརྒྱན་པ་དང་། གཡོན་དུ་ཨ་མྱེས་གུང་ཡེ་སེང་གེའི་འགྱིང་སྟབས་ཀྱིས་བཞུགས་པ།   བྱང་ན་དགེ་མཚན་བྱེ་བས་བརྒྱན་པའི་ཨ་མྱེས་སྟོང་རི་བཅས་བསྟར་ཕྲེང་དུ་ཆགས།སྔོན་གྱི་དུས་ན་ཡུལ་གྲུ་འདིར་རྡོ་སྦིས་ཡོངས་འཛིན་ཚང་དང་།   རྗེ་བཙུན་སྐལ་བཟང་དཔལ་འབྱོར་བཟང་པོ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།   ལྷ་རམས་པ་སྐལ་བཟང་རྒྱ་མཚོ་སོགས་མཁས་དབང་མང་པོ་ཟམ་མ་ཆད་པར་བྱུང་ཞིང་།   དེང་གི་དུས་སུ་ཡང་ལུང་པ་ཆུང་ཆུང་གང་དེར་བསྡོམས་པས་བོད་ཀྱི་སྡེ་བ23དང་བོད་རིགས་མི་གྲངས9057ཙམ་ལས་མེད་ཀྱང་། གང་ཞིག་གསེར་གྱི་རི་ལ་གནས་བཅོས་ན། །   དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། ། ཞེས་པ་བཞིན། སྔོན་བྱུང་མཁས་དབང་དག་གི་བྱིན་རླབས་སམ་སྔར་སྲོལ་ལེགས་པོའི་ཤུགས་རྐྱེན་འོག་རྒྱལ་དམངས་སློབ་གསོ་ཐོབ་པའི་བོད་རིག་པ་དང་ལོ་རྒྱུས་རིག་པ།   ཁྲིམས་རིག་པ་དང་གསོ་བ་རིག་པ།   གྲངས་རིག་པ་སོགས་ཆེད་ལས་མི་འདྲ་བའི་བོད་རིགས་འབུམ་རམས་པ28བྱུང་ཡོད་ལ།   འབུམ་རམས་པ་དེ་དག་སྲན་ཕུང་བེར་ཀས་གཏོར་བ་བཞིན་ལུང་པ་དེའི་ཕུ་མདའ་ཀུན་ཏུ་མཆེད་འདུག་པས།   རྡོ་སྦིས་ནི་རང་ཞིང་དུ་འབུམ་རམས་པ་ཆེས་མང་བའི་ཡུལ་གྲུར་གྱུར་ཡོད་པར་སྙམ།

ཉེ་སྔོན་རྡོ་སྦིས་ཡུལ་དུ་འབུམ་རམས་པ་མང་བའི་གནས་ཚུལ་ཐོས་མ་ཐག་ཏུ།   གསར་འགོད་པ་ཐེངས་གཅིག་མིན་དུ་ཞུན་ཧྭ་རྫོང་སློབ་གསོ་ཅུས་དང་།   ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་།   རྡོ་སྦིས་སློབ་འབྲིང་སོགས་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭར་ཕྱིན་ནས་ཡང་ཡང་རྩད་བཅད་མོད་ཁ་གྲངས་གསལ་པོ་ཞིག་ལག་སོན་མ་བྱུང་བས།   རྡོ་སྦིས་ཞང་སྲིད་གཞུང་དང་ཞང་དེའི་སྡེ་བ་དུ་མར་སོང་ནས་དངོས་སུ་དྲིས་པར་མ་ཟད།   སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་འབུམ་རམས་པ་སྐོར་ཞིག་ལ་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ནས་རྩད་གཅོད་དང་བཅར་འདྲི་བྱས་མཐར།   ཡུལ་ལུང་དེར་འབུམ་རམས་པ28ཡོད་པ་རྩད་ཆོད་བྱུང་།   གྲངས་ཀ་དེ་ནི་དངོས་གནས་བློ་ཡུལ་ལས་རབ་ཏུ་འགོངས་པ་ཞིག་སྟེ། “འབུམ་རམས་པ28འདྲ་ཞིག་ཨེ་ཡོད་དམ”གསར་འགོད་པ་རེ་ཞིག་དོགས་སྣང་གི་དབང་དུ་ལུས་ཤིང་རང་གིས་རང་ལ་དེ་ལྟར་དྲི་བ་ཡང་ཡང་བཏོན་མོད།   འོན་ཏེ་ཡང་དང་འོར་དུ་རེ་རེ་བཞིན་བརྟག་པའི་གོ་རིམ་ཁྲོད་དེ་ནི་བདེན་པ་བདེན་དྲང་ཡིན་པ་ར་སྤྲོད་བྱུང་།

ལུང་པ་ཆུང་ཆུང་ཞིག་ཏུ་འབུམ་རམས་པ་དེ་འདྲ་མང་པོ་ཞིག་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ།

འབུམ་རམས་པ་དེ་དག་གིས་གང་ཞིག་དམིགས་སུ་བཀར་ནས་སློབ་གཉེར་བྱེད་བཞིན་ཡོད་དམ།

འབུམ་རམས་པ་དེ་དག་ད་ལྟ་གང་དུ་ཡོད་དམ།

……

གསར་འགོད་པས་དོགས་གཞི་དང་དྲི་བ་དེ་དག་ཡིད་ལ་བཅགས་ཏེ་བཅར་འདྲིར་སྐྱོད་སྐབས།   ཞུན་ཧྭ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀླུ་གོ་ཡིས“རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ཚང་གིས་རྡོ་སྦིས་ཡུལ་དུ་མཚོ་སྔོན་ནང་བསྟན་གཞུང་ལུགས་དང་རྒྱ་ཡིག་ཁྲིད་སྦྱོང་ཁང་བཙུགས་པ་དེས་ཡུལ་ཕྱོགས་འདིར་རིག་པའི་ས་བོན་ཐོག་མར་གཏོར་ཅིང་།   ཕྱིས་སུ་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་བཟང་པོ་དང་ནང་སྒོས་སུ་མི་རིགས་ས་ཁུལ་ལ་དམིགས་བསལ་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པ་དེ་ཆར་བ་ཆུ་གྲོགས་སུ་གྱུར་ཏེ་དམངས་ཡོངས་ལ་སློབ་གསོ་མྱོང་བའི་སྐལ་བ་ལྡན་པ་རེད”ཟེར།   ཁོས་དེ་ལྟར་བཤད་དུས་སྐད་ཆའི་གདངས་ལ་དྲིན་ཤེས་ཤིང་དྲིན་གཟོ་བའི་ཆ་ཞིག་འདྲེས་འདུག

ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཀླུ་རྒྱལ་བཀྲ་ཤིས་ཀྱིས་འདང་ཕྲན་ཙམ་བརྒྱབ་རྗེས“རྡོ་སྦིས་ལ་སྔོན་གྱི་དུས་སུ་མཁས་ཆེན་དུ་མ་བྱུང་ཞིང་།   དེང་གི་དུས་ལའང་ཡུལ་ལུང་དེའི་མི་རྣམས་ཀྱིས་སློབ་གསོར་མཐོང་ཆེན་བྱེད་ཅིང་།   ལྷག་ཏུ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་དང་།པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་བཞེངས་སྐྲུན་བྱས་པས་རྡོ་སྦིས་མ་ཟད་རྫོང་འདིའི་ཡུལ་ལུང་སོ་སོའི་བོད་རིགས་སློབ་མ་ཡོངས་ལ་སློབ་སྦྱོང་གི་སྐལ་བ་བཟང་པོོ་ཐོབ་པ་རེད”ཟེར།

རྡོ་སྦིས་སློབ་འབྲིང་གི་སློབ་གཙོ་དཔལ་འབུམ་རྒྱལ་གྱིས་བཤད་རྒྱུར།   བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་དུ་རྡོ་སྦིས་ཞང་དུ་བོད་ཡིག་གི་སློབ་གྲྭ་གཅིག་ཀྱང་མེད།   ད་ལྟ་ཞང་ཡོངས་ལ་སློབ་ཆུང7དང་དམའ་རིམ་སློབ་འབྲིང1ཡོད་པ་དང་། དང་ཐོག་སློབ་མ་སློབ་གྲྭར་ཞུགས་ཚད60%ཡས་མས་ཡིན་མོད། ད་ལྟ་སློབ་གྲྭར་ཞུགས་ཚད100%ལ་སླེབས་ཡོད། 2010ལོའི་བར་དུ་སློབ་གྲྭ་འདི་ནས་མཐར་ཕྱིན་ཏེ་སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་།   འབྲིང་རིམ་ཆེད་ལས་བཅས་ཀྱི་སློབ་གྲྭར་ཞུགས་པའི་སློབ་མ5000ཡས་མས་སུ་སླེབས་ཡོད་ལ་ད་ལྟ་སྔོན་ལས་ཀྱང་ཇེ་མང་དུ་སོང་ཡོད་པ་གདོན་མི་ཟ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་མགྱོགས་ཞང་གི་ཧྲུའུ་ཅི་གཞོན་པའི་འགན་ཁུར་ཡོད་པའི་ཀླུ་རྒྱལ་དོན་གྲུབ་ཀྱི་ཕ་ཡུལ་ནི་རྡོ་སྦིས་ཡིན་ལ།   ཁོས་པེ་ཅིན་སློབ་གྲྭ་ཆེན་མོ་དང་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ་གཉིས་ཀའི་འབུམ་རམས་པར་རྒྱུགས་འཕྲོད་ཀྱང་རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོ་བདམས་ཤིང་།   2014ལོའི་ཟླ7པར་སློབ་ཆེན་དེའི་སྲིད་གཞུང་དོ་དམ་སློབ་གླིང་ནས་མཐར་ཕྱིན།   ཁོས་རབ་འབྱམས་པའི་བསླབས་གནས་ལེན་རག་བར་དུ་བོད་ཡིག་གཙོ་བོ་བྱས་ཏེ་སྦྱངས་ནའང་།   རབ་འབྱམས་པ་མཐར་ཕྱིན་རྗེས་རྒྱ་ཡིག་ཁོ་ན་ལས་མེད་པའི་པེ་ཅིན་སློབ་གྲྭ་ཆེན་མོར་འབུམ་རམས་པའི་བསླབས་གནས་ལ་སྦྱངས་པ་རེད།ད་ལྟ་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆ་ཆེ་བའི་ཀླུ་རྒྱལ་དོན་གྲུབ་ཀྱིས་གཞི་རིམ་དུ་གཞུང་ཞབས་པའི་བྱ་བ་གཉེར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་འདུག   ང་ཚོ་ཆེད་དུ་ཧེ་ཡན་རྫོང་ཝ་མགྱོགས་ཞང་དུ་ཕྱིན་ནས་ཁོར་བཅར་འདྲི་བྱེད་དུས།   ཁོའི་གདོང་ལ་གཟབ་ནན་གྱི་ཆ་ཞིག་མངོན་ཏེ“ངས་རང་གིས་སྦྱངས་པའི་ཤེས་བྱ་ཡོན་ཏན་གང་དེས་བོད་རིགས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་རང་གི་འགྱུར་མེད་ཀྱི་ཕུགས་འདུན་ཡིན”ཟེར།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་བསླབས་གནས་ལ་སློབ་གཉེར་བྱེད་བཞིན་པའི་ཁྲོ་གོ་ཚེ་རིང་ཡང་རྡོ་སྦིས་ལུང་པར་སྐྱེས་ཤིང་།   ཆུང་དུས་ནས་རྡོ་སྦིས་སློབ་འབྲིང་དང་ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་སོགས་འགྲིམས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རྡོ་སྦིས་པ་ཞིག་རེད།   ཁོས་གསར་འགོད་པར“ཆོས་ལུགས་རིག་གནས་དེ་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་ཡིན་རྐྱེན།   ཞིབ་འཇུག་སློབ་མའི་སྐབས་སུ་ཆོས་ལུགས་རིག་གནས་དེ་རང་གི་ཆེད་ལས་སུ་བདམས་པ་དང་།   ལོ་གསུམ་གྱི་སློབ་སྦྱོང་བརྒྱུད་དེ་བོད་ཀྱི་ཆོས་ལུགས་རིག་གནས་ལ་བག་ཆགས་ཅུང་ཙམ་ཞིག་རྙེད་ཀྱང་།   དེར་ད་དུང་གཏིང་ཟབ་མོའི་གོ་བ་ཞིག་ལོན་ཐུབ་མེད་པས།   འབུམ་རམས་པ་འདོན་དགོས་པའི་སེམས་ཐག་བཅད་ཅིང་།   ད་ལྟ་རང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དེ་བོན་གྱི་སྐོར་ཡིན་པ་དང་།   དེ་ལས་ཀྱང་བོད་ཀྱི་གནའ་བོའི་བསམ་བློའི་ལོ་རྒྱུས་ཀྱི་ཕྱོགས་ལ་དོ་སྣང་དང་ཞིབ་འཇུག་བྱེད་མུས་ཡིན།   མ་འོངས་པ་ན་ཡང་དེའི་ཕྱོགས་ནས་གྲུབ་འབྲས་ཤིག་ཡོད་ན་བསམ་པ་དང་།   རང་གི་སྐད་དང་ཡི་གེའི་ཟས་རིན་ནུ་རིན་ཙམ་ལ་ངོ་གནོང་མ་དགོས་པ་ཞིག་ཏུ་འགྱུར་བར་ཡང་སྙམ་པའོ།   །”ཟེར།   ཁོས་དེ་ལྟར་ཟེར་དུས་གདོང་ལ་ཡིད་ཆེས་ཤིག་གིས་ཀུན་ནས་བརྟས་འདུག

ཧྥུ་ཏན་སློབ་གྲྭ་ཆེན་མོ་རུ་རྒྱ་ཡིག་གི་ལམ་ནས་ཆོས་ལུགས་སྐོར་ལ་སློབ་གཉེར་བྱེད་པའི་རིན་ཆེན་སྒྲོལ་མ་ནི་རྡོ་སྦིས་ཞང་ཉིན་པ་སྡེ་བའི་ཡིན་ལ།   མོས“ངའི་ཆེད་ལས་ནི་ཆོས་ལུགས་རིག་པ་ཡིན། འབུམ་རམས་པ་སློབ་གཉེར་བྱེད་པའི་དམིགས་ཡུལ་གཙོ་བོ་དེ་ནང་བསྟན་སྐོར་ལ་སྔར་ལས་གོ་བ་གཏིང་ཟབ་མོ་ལེན་ཐུབ་པ་ཡོང་རྒྱུ་དེ་ཡིན།”ཟེར།   རིན་ཆེན་སྒྲོལ་མ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་ནས་དངོས་གཞི་མཐར་ཕྱིན་ཅིང་།   རྗེས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོར་རབ་འབྱམས་པའི་བསླབས་གནས་བླངས་པ་དང་།   རིག་གནས་ཡོན་ཏན་དཔྱིས་ཕྱིན་པ་ཞིག་སྦྱོང་འདོད་ཀྱི་བློ་དེས་ཧྥུ་ཏན་སློབ་གྲྭ་ཆེན་མོའི་འབུམ་རམས་པར་རྒྱུགས་སྤྲད་པ་རེད།

མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་འབུམ་རམས་པ་བློ་བཟང་ཡང་ཕ་ཡུལ་རྡོ་སྦིས་ནས་འཚར་ལོངས་བྱུང་ཞིང་།   ད་ལྟ་སློབ་གྲྭ་དེར་དགེ་རྒན་བྱེད་པའི་ཞོར་དུ་འབུམ་རམས་པའི་བསླབས་གནས་ལ་བརྩོན་བཞིན་ཡོད།   གསར་འགོད་པ་ཁོར་དངོས་སུ་འཕྲད་པའི་སྐལ་བ་མ་ལྡན་ཡང་།   སྐད་འཕྲིན་བརྒྱུད་ནས་བཅར་འདྲི་བྱེད་དུས་ཁོས“བོད་ལུགས་གསོ་རིག་གི་ནད་ཐོག་རིག་པའི་གཞུང་ལུགས་ལས།   འདུས་ནད་བད་ཀན་སྨུག་པོ་ཞེས་པའི་ནད་ཀྱི་བརྟག་བཅོས་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ངའི་དམིགས་ཡུལ་ཡིན་ལ།   དེ་ལ་བརྟེན་ནས་ནད་པ་མང་པོ་ནད་ལས་བསྒྲལ་ཐུབ་ན་ང་རང་གི་ཕུགས་བསམ་འགྲུབ་སོང་བ་ཡིན།”ཟེར།

རྡོ་སྦིས་ནི་ལུང་པ་ཆུང་ཆུང་ཞིག་ཡིན་ཡང་འབུམ་རམས་པ་མང་པོ་བྱུང་ཡོད་ལ།   དེ་དག་ཀྱང་ཐོ་ཁེ་ཨོ་ཕྱི་སྐད་སློབ་གྲྭ་ཆེན་མོ། ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོ།པེ་ཅིན་སློབ་གྲྭ་ཆེན་མོ།ཆིན་ཧྭ་སློབ་གྲྭ་ཆེན་མོ།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱེད་པའམ་མཐར་ཕྱིན་པ་ཏག་ཏག་རེད།   ཁོ་ཚོ་ནི་རྡོ་སྦིས་ལུང་པའི་སྔར་སྲོལ་རྒྱུན་འཛིན་མཁན་དང་། ལྷག་པར་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་མི་རིགས་ས་གནས་ཀྱི་སྲིད་ཇུས་ལེགས་པོའི་ཕན་ཁེ་རེག་མཁན་རེད།   ད་ལྟ་རྡོ་སྦིས་ཡུལ་གྱི་འབུམ་རམས་པ་དེ་དག་ལས་མང་ཆེ་བས་ལྗོངས་ཞིང་ལྔ་དང་།   དེ་མིན་པེ་ཅིན་དང་ཁྲིན་ཏུའུ།   ལན་གྲུ་སོགས་མེས་རྒྱལ་གྱི་ཡུལ་གྲུ་སོ་སོ་རུ་རང་འཁྲིར་བབས་པའི་ལས་འགན་ལག་བསྟར་བྱེད་མུས་སུ་མཆིས་སོ།   །

                                                                                                 གསར་འགོད་པ། ཚེ་མགོན། ཚེ་རིང་བཀྲ་ཤིས།