མཚོ་བྱང་ཁུལ་གྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་བསྟོད་གླུ་རྩྭ་ཐང་ཡོངས་སུ་བསྒྲགས།
2019.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་བྱང་ཕྱོགས་མདོ་ལ་རི་བོར་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་མཚོ་སྔོན་པོར་འབྲེལ་ཡོད་ལ། མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་དང་ལོག་དཀར་མེ་ཏོག་གི་རྒྱ་མཚོ། རྔམ་བརྗིད་ལྡན་པའི་མདོ་ལ་རི་འདབས་ཀྱི་སྐྱེ་ཁམས་ཕྱུགས་ར་བཅས་ནི་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་ཞིག་ཁྱད་མཚར་བའི་ས་གཞི་དེའི་སྟེང་བཏིང་ཡོད་པ་དང་འདྲ་ལ། ད་དུང་མཚོ་བྱང་མི་དམངས་ཀྱིས་བློ་གྲོས་དང་བརྩོན་པ་ལ་བརྟེན་ནས་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་མི་དམངས་འབྱོར་ཕྱུག་གི་རི་མོ་གསར་བ་བྲིས་ཡོད་པ་དང་། དེ་ནི་ཕྱུགས་ལས་བཅོས་སྒྱུར་འཕེལ་རྒྱས་རེད།

འབྲོག་ཁུལ་དུ་མཚོན་ན་ཕྱུགས་ལས་ནི་འབྲོག་པ་མི་དམངས་ཀྱི་ཐོན་ལས་གཙོ་བོ་རེད། ཐོན་ལས་གཙོ་བོ་དེ་ཇི་ལྟར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། འབྲོག་པའི་ཐོན་ལས་གསར་སྐྲུན་གྱི་ཡོང་སྒོ་ཇི་ལྟར་སྐུལ་འདེད་གཏོང་དགོས་སམ། གནད་དོན་དེ་ནི་མཚོ་བྱང་ཁུལ་སྲིད་གཞུང་ལ་ཉམས་སད་བྱེད་པའི་གནད་དོན་གཙོ་བོ་ཞིག་རེད། ལོ་ངོ་མང་པོའི་རིང་ལ། མཚོ་བྱང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། ཚན་རྩལ་གསར་སྐྲུན་ལ་བརྟེན་ནས། མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། གནད་དོན་དེའི་ཐད་མི་རྣམས་དགའ་བའི་གྲུབ་འབྲས་བླངས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དམངས་ཕྱུགས་ཀྱི་ཐད་གྲུབ་འབྲས་ཆེན་པོ་བླངས།

རྩྭ་ཕྱུགས་མཉམ་སྒུལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱས།

སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རེ་བ་ཆེས་གལ་ཆེ་བ་དེ་རེད། རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་བྱེད་པ་དེ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་ཡིན་ལ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་དུ་མངོན་འགྱུར་བྱེད་པ་ནི་སྐྱེ་ཁམས་ཕྱུགས་ལས་ཀྱི་མཐར་མཇུག་གི་དམིགས་འབེན་རེད།

དེ་སྔོན། མདོ་ལ་རྫོང་འབྲོང་ལུང་ཞང་ས་རླུང་ཐང་ས་ཁུལ་དུ་འབྲོག་པ་ཁྱིམ་ཚང་ལྔ་བརྒྱ་ང་ལྔ་དང་མི་གྲངས་སྟོང་གཉིས་དང་དྲུག་བརྒྱ་གོ་གཉིས་ཡོད་ལ། རྩྭ་ས་སྤྱི་ཆིང་ཁྲི་བདུན་དང་སྟོང་གསུམ་སུམ་བརྒྱ་སོ་གསུམ་ཡོད་པ་མ་ཟད། ཕྱུགས་ཟོག་འབུམ་གཉིས་དང་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་ཡོད། གནས་དེའི་མཚོ་ངོས་ལས་མཐོ་བ་དང་སྐྱེ་ཁམས་ཉམས་ཞན་ཡིན་པ། དེར་མ་ཟད་ཕྱུགས་ཟོག་ཚད་ལས་བརྒལ་ཏེ་འཚོས་པས། ས་ནག་ཐང་གི་ཁྱབ་རྒྱ་ཇེ་ཆེར་གྱུར་བ་དང་། ཡོང་སྒོ་འཕར་སྣོན་བྱེད་དཀའ་བའི་གནད་དོན་སྔར་ལས་འབུར་ཐོན་དུ་གྱུར། ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྩྭ་སའི་སྐྱེ་སྟོབས་ཇི་ལྟར་རྒྱས་སུ་འཇུག་པ་བཅས་ཀྱི་ཐད་འཕྲད་པའི་གནད་དོན་ལ་ཐབས་བཀོད་འཐེན་པ་ལས་དཀའ་ཁག་མི་བརྗོད། ཁོ་ཚོས་མུ་མཐུད་དུ་འཚོལ་ཞིབ་བྱས་པ་དང་། ཧུར་ཐག་གིས་ཆེད་མཁས་པ་དང་ཤེས་ལྡན་མི་སྣས་བསམ་འཆར་བསྡུ་ལེན་བྱས་ཏེ། “བཀག་སྡོམ་དང་ལྕགས་ར་སྐོར་བ། གསོ་སྤེལ། འདེབས་འཛུགས། དོ་དམ”བཅས་ཀྱི་བྱེད་ཐབས་གསར་བ་སྤྱད་དེ་རྩྭ་སའི་བཅོས་སྐྱོང་ལག་བསྟར་བྱས་པ་དང་། ས་ནག་ཐང་དང་བྱེ་འགྱུར་རྩྭ་སའི་བཅོས་སྐྱོང་ཐད་གྲུབ་འབྲས་གསར་བ་བླངས། འབྲེལ་ཡོད་ཀྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོར། ས་རླུང་ཐང་ས་ཁུལ་གྱི་ས་ནག་ཐང་གི་རྩྭ་སའི་སྔོ་ཁེབས་ཚད་ཇེ་མཐོར་སོང་ནས་བརྒྱ་ཆའི་བདུན་ཅུ་རུ་སླེབས་ཡོད་པ་དང་། གསར་སྐྱེས་རྩྭ་སྤྱི་རྒྱ་ལྔ་བཅུ་ནས་ཇེ་མཐོར་སོང་སྟེ་སྤྱི་རྒྱ་སུམ་བརྒྱ་དང་ལྔ་བཅུའི་ཡན་དུ་སླེབས་ཡོད། སྐྱེ་ཁམས་བདག་སྐྱོང་དང་རྩྭ་ཕྱུགས་མཉམ་སྒུལ་གྱི་གྲུབ་འབྲས་མངོན་གསལ་དུ་མཐོང་ཐུབ། གྲུབ་འབྲས་དེ་ནི་སྲིད་གཞུང་སྡེ་ཁག་གི་ཤུགས་ཆེན་པོས་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་པར་འབྲེལ་བ་དམ་པོ་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་ལོ་རེར་མི་རྣམས་ཀྱིས་རྩྭ་སྤྱི་ཆིངས་སྟོང་གཉིས་འདེབས་ཀྱིན་ཡོད། རྩྭ་སའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱིས་གཟན་རྩྭའི་དགོས་མཁོ་ཕན་ཡོད་སྒོས་བསྐང་བ་མ་ཟད། མང་ཚོགས་སྐོར་ཞིག་གི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་ཁྲིད་བྱས་པས། མཛེས་སྡུག་གི་རྐང་ཚའི་རྩྭ་ཐང་དུ་ནོར་ལུག་དར་འཕེལ་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དུ་མཚོ་བྱང་གི་མི་རྣམས་ཀྱིས་འཚོལ་ཞིབ་བྱས་པ་དེ་དག་ཁོ་ན་མ་ཡིན།

2015ལོའི་ཟླ་བརྒྱད་པར། མདོ་ལ་རྫོང་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས། བསྒྱུར་བཀོད་བྱས་པའི་བྱེ་བྲག་གི་རེ་བའི་ཁྲོད། དོན་ཚན་གཅིག་ནི་མ་རྐང་དུ་བཞག་པའི་མཉམ་ལས་ཁང་གི་རྩྭ་ས་ངེས་པར་དུ་རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགོས་པ་དེ་རེད། མཉམ་ལས་ཁང་གི་ལྟ་ཞིབ་འགོ་གཙོ་རྣམ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། དེའི་ནང་དོན་ནི་མ་རྐང་དུ་བཞག་པའི་རྩྭ་ས་ཆེད་ལས་སྡེ་ཁག་གིས་ཕྱུགས་ཤོང་ཚད་ཞིབ་རྩིས་བྱས་རྗེས། མ་རྐང་དུ་བཞག་པའི་ནོར་ལུག་གི་གྲངས་ཀ་རྩིས་བཤེར་བྱེད་ཐུབ། མང་བའི་ཕྱུགས་ཟོག་ངེས་པར་དུ་གསོ་ཁ་ནས་ཕྱིར་ཕུད་དགོས་པ་དང་། ཕྱུགས་ཟོག་གི་གྲངས་ཀ་གཏན་འཁེལ་བྱས་པ་ལས་བརྒལ་མི་རུང་བ་ཁག་ཐེག་བྱེད་དགོས་ལ། ཕྱུགས་ཟོག་གི་གྲངས་ཀ་འགོ་ཁུངས་ནས་ཚོད་འཛིན་བྱེད་པ་བརྩོན་ལེན་བྱས་ཏེ། ཕྱུགས་ཟོག་གི་སྤུས་ཚད་ཁག་ཐེག་བྱེད་དགོས་ལ། རྩྭ་སའི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།

མདོ་ལ་རྫོང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མཱ་ཅིན་ཡུན་གྱིས་བཤད་རྒྱུར། “སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་མ་རྐང་ལམ་ལུགས་སུ་བསྒྱུར་བཀོད་བྱས་པ་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་པ་དེས་རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱས་པས། རྩྭ་ས་དངོས་གནས་སོར་ཆུད་སྐྱེ་འཕེལ་བྱུང་ཡོད”ཟེར། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཚུན་གྱི་འགྱུར་ལྡོག་གླེང་ན། རྣམ་རྒྱལ་དང་སྡེ་བའི་ནང་གི་མི་རྣམས་ལ་བསམ་ཚུལ་དང་ཚོར་སྣང་ཟབ་མོ་ཡོད། རྩྭ་ས་སྔར་ལས་ཇེ་མཛེས་སུ་གྱུར་བ་དང་། ནོར་ལུག་ལ་སྔར་ལས་ཤ་ཤེད་རྒྱས་པ། མི་རྣམས་ཀྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་ཡོད་པ་བཅས་རེད།

རྒྱུས་ལོན་པ་ལྟར་ན། ཁེ་ལས་དང་རྟེན་གཞིའི་སྣེ་ཁྲིད་དང་ཤུགས་རྐྱེན་འོག མཚོ་བྱང་ཁུལ་གྱིས་སྤུས་ལེགས་གཟན་ཆས་ཐོན་སྐྱེད་རྟེན་གཞི་སྤྱི་ཆིངས་ཁྲི་གཅིག་དང་སྟོང་བཞི་ཅན་ཞིག་བཙུགས་པ་དང་། ཏུན་ཁྲི་ལྷག་གི་གཟན་ཆས་ལས་སྣོན་བཟོ་གྲྭ་བཞི་བཙུགས། ཁུལ་ཡོངས་སུ་ཞིང་ཆེན་རིམ་པའི་ཁས་ལེན་ཐོབ་པའི་གཞི་ཁྱོན་གསོ་སྤེལ་ར་བ་བརྒྱ་དང་ཞེ་ལྔ་བཙུགས་པས། མཚོ་བྱང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིང་། མཚོ་བྱང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་དོན་བྷོ་ཡིས་བློ་རྩ་བརྟན་པོའི་སྒོ་ནས་བཤད་རྒྱུར། “སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྩྭ་ས་ལྷད་མེད་ངང་འཕེལ་རྒྱས་འགྲོ་བ་སྲུང་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། རྩ་ས་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་འབྲོག་པའི་ལྡོག་མེད་ཀྱི་ལས་འགན་ཡིན་པས། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་བྱེད་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་རྩྭ་སའི་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་བར་མཐུན་རྐྱེན་བསྐྲུན་ཐུབ”ཟེར།

ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས། སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་དུ་གཏོང་དགོས། 

མདོ་ལ་རྫོང་རྫ་དམར་ཞང་ཧི་ཏུང་སྡེ་བར་ཐོན་པ་ན། སྡེ་དམངས་རྣམས་ཀྱིས2017ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཡོང་སྒོ་བགོ་བཤའ་རྒྱག་པའི་རྣམ་པ་དེ་སེམས་སུ་ཤར་ཡོང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ་ལིག་ཡུང་ཅོན་གྱིས་བཤད་རྒྱུར། 2017ལོར་ཡོང་སྒོ་སྒོར་འབུམ་བདུན་དང་ཁྲི་བརྒྱད་བགོ་བཤའ་བརྒྱབ་པ་དང་། དེ་ལྟ་བུ་ང་ཚོས་དེ་སྔོན་སེམས་སུ་ཡང་ཤར་མི་ཐུབ་པའི་དོན་བཟང་རེད། ད་ལྟ་ཡོང་སྒོ་ལྡབ་འགྱུར་གྱིས་བགོ་བཤའ་རྒྱག་ཐུབ་པ་དང་། ཕན་འབྲས་ཆེས་མཐོ་ཅན་དུ་མངོན་འགྱུར་བྱས་པ་ཚང་མ་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་འདི་དང་འབྲལ་ཐབས་མེད། དང་ཐོག་མཉམ་ལས་ཁང་གི་ལུ་གུ་གསོན་ཚད་བརྒྱ་ཆའི་དྲུག་ཅུ་རུ་སླེབས་པ་དང་། ད་ལྟ་བརྒྱ་ཆའི་གོ་བརྒྱད་དུ་སླེབས་ཡོད། གྲུབ་འབྲས་བཟང་བོ་འདི་དག་ཡོད་ཚད་ཚན་རྩལ་དང་འབྲལ་ཐབས་མེད་ཟེར།

ཚན་རྩལ་དཔེ་སྟོན་ར་བར་བརྟེན་ནས། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་གི་སློབ་གྲྭ་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། ཚན་རྩལ་གསར་སྐྲུན་གྱི་གྲུབ་འབྲས་ལ་སྐུལ་འདེད་བྱེད་པ་དང་། ནོར་གནག་ལ་ཤེད་འབུད་དུ་འཇུག་པའི་ལག་རྩལ་ཁྱབ་གདལ་དང་དཔེ་སྟོན་བྱེད་པ། ཡུག་པོའི་ཐོན་རྫས་གསར་བ་གསར་སྤེལ་བྱེད་པ། ཐོན་ལས་གཅིག་བསྡུས་སོགས་ཕྱུགས་ལས་ཚོད་ལྟ་དང་ཞིབ་འཇུག་ཁྱབ་སྤེལ་བྱ་བ་གཙོ་གནད་དུ་བཟུང་ནས་སྤེལ། ཁྱད་པར་དུ་བོད་ལུག“ལོ་གཉིས་སུ་ཐེངས་གསུམ་རྩེབ་པའི”ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་མཚོ་བྱང་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་མཐོ་སྒང་འབྲོག་ཁུལ་གྱི་བོད་ལུག་ཕན་ནུས་མཐོ་བའི་གསོ་སྤེལ་བྱེད་པའི་རྣམ་པ་གསར་བ་འཚོལ་རྙེད་བྱུང་བ་མཚོན་ཡོད།

བོད་ལུག་ལོ་གཉིས་སུ་ཐེངས་གསུམ་རྩེབ་པ་དང་། ནོར་གནག་ལོ་གཅིག་ཏུ་ཐེངས་གཅིག་རྩེབ་པ་མགྱོགས་མྱུར་སྒོས་ཁྱབ་གདལ་དུ་བཏང་ནས། མཚོ་བྱང་ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གསུམ་ཁྲི་གསུམ་བཏང་སྟེ། ཁུལ་ཡོངས་ཀྱི་ཁྱབ་གདལ་དཔེ་སྟོན་གནས་སོ་གཅིག་དང་ཕྱུགས་ལས་སྡེ་བ་དོན་བདུན་གྱི་ཁྱིམ་ཆེན་གྱིས་ཁྱབ་གདལ་བྱེད་པའི་ཚོད་ལྟའི་གནས་སུ་ཁ་གསབ་བྱིན་ནས། ནོར་གནག་དང་བོད་ལུག་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་གཏོང་བར་རོགས་སྐྱོར་བྱས།

ནོར་གནག་དང་བོད་ལུག་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་གླེང་སྐབས། རྐང་ཚ་རྫོང་ཉིན་ཞ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཚེ་བྷོ་ལ་མྱོང་ཚོར་ཟབ་མོ་ཡོད། ཁོས་བཤད་རྒྱུར། “ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་གྱི་དགེ་མཚན་གཙོ་བོ་ནི་ལུ་གུར་སྔ་མོ་ནས་འོ་མ་བཅད་རྗེས། གཅིག་གྱུར་སྒོས་གསོ་བ་དང་གཅིག་གྱུར་སྒོས་ཕྱིར་འཚོང་བྱེད་བཞིན་ཡོད་པས། ལུ་གུ་གསོ་ཁ་ནས་ཕྱིར་འབུད་པའི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ཡོད་པ་དང་། དེ་ལྟར་བྱས་ན་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད་པ་མ་ཟད་ཡོང་སྒོ་ཡང་ཇེ་མཐོར་བཏང་ཡོད”ཟེར།

“ཚན་རྩལ་གསར་སྐྲུན་གྱི་བྱ་བ་གང་ཡིན་རུང་། ལག་ལེན་ནི་དེར་ཞིབ་དཔྱད་ཚད་འཇལ་བྱེད་པའི་ཐབས་ལམ་ཆེས་བཟང་ཤོས་རེད། དེ་དག་ཚང་མས་ཁས་ལེན་བྱེད་བཞིན་ཡོད་ལ། ཁྱད་པར་དུ་འབྲོག་པ་རྣམས་ཀྱིས་ཁས་ལེན་བྱེད་བཞིན་ཡོད། ངས་བསམ་ན་དེ་ནི་མི་བཟང་བའི་ལག་རྩལ་གསར་སྐྲུན་ཞིག་གཏན་ནས་མ་རེད།”བོད་ལུག་དང་ནོར་གནག་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་གྱིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་བྱས་རྗེས་བཞག་པ་དང་། འབྲོག་པའི་སྲོལ་རྒྱུན་གྱི་གསོ་སྤེལ་ལ་འགྱུར་ལྡོག་འབྱུང་དུ་བཅུག་ཡོད་ཅེས་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཧི་ཧྲིན་ཀྲིན་གྱིས་དེ་ལྟར་བཤད།

དེ་དང་ཆབས་ཅིག མཚོ་བྱང་ཁུལ་གྱིས་ཁེ་ལས་གཙོ་བོའི་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཁེ་ལས་གཙོ་བོའི་རྟེན་གཞི་ཅན་གྱི་ཐོན་སྐྱེད་དང་ཆེད་ལས་ཅན་གྱི་ལས་སྣོན། ཐོན་ལས་ཅན་གྱི་ཚོང་གཉེར་བཅས་ལ་བརྟེན་ནས། “ཁེ་ལས་གཙོ་བོ་དང་རྟེན་གཞི། འབྲོག་པ་ཁྱིམ་ཚང་བཅས་མཉམ་འབྲེལ་བྱས་ཏེ། འབྲོག་པར་སྣེ་ཁྲིད་པ་དང་ཕྱུགས་ལས་ལ་སྐུལ་འདེད་བྱེད་པའི”བགྲོད་ལམ་དུ་བསྙེག་ནས། ཁེ་ལས་གཙོ་བོས་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། དོ་དམ་གསར་སྐྲུན། ལག་རྩལ་གསར་སྐྲུན་བཅས་ལ་སྐུལ་ཁྲིད་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཚོང་གཉེར་ཆུ་ཚད་དང་རོང་འབྲོག་པ་ཚོང་རར་ཞུགས་པའི་རྩ་འཛུགས་ཅན་གྱི་གནས་ཚད་ཇེ་མཐོར་བཏང་།

མིག་སྔར། མཚོ་བྱང་ཁུལ་དུ་ཞིང་ཆེན་རིམ་པའི་ཁས་ལེན་ཐོབ་པའི་ཁེ་ལས་གཙོ་བོ་དྲུག་ཡོད་པ་དང་། ཁུལ་རིམ་པའི་ཁས་ལེན་ཐོབ་པའི་ཁེ་ལས་སོ་དྲུག་ཡོད། འཆར་འགོད་ཡོད་པ་དང་། སྤྱི་གནོད་མེད་པའི་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་དང་ལྗང་མདོག་ཐོན་རྫས། སྐྱེ་ལྡན་ཕྱུགས་ལས་མིང་གྲགས་ཐོན་རྫས་སྐོར་ཞིག་གཙོ་གནད་དུ་བཟུང་ནས་གསར་བཟོ་བྱེད་པ་དང་། ཐོན་རྫས་ཀྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ནུས་པ་ཇེ་མཐོར་བཏང་ནས། ཁྱད་ལྡན་ཞིང་ཕྱུགས་ལས་མིང་གྲགས་ཅན་དང་ཆེད་ལས་ཅན། ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་རྒྱུ་ནི་མཚོ་བྱང་ཁུལ་གྱིས་ད་ལྟ་ཧུར་ཐག་བྱེད་བཞིན་པའི་ཁ་ཕྱོགས་རེད།

འདུ་ཤེས་བསྒྱུར་བ་དང་འཕེལ་རྒྱས་ལ་བརྟེན་ནས་འབྲོག་པའི་ཡོང་སྒོ་འཕར་སྣོན་གཏོང་བ།

དེ་ནི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཞིག་རེད། ད་ལྟ། མཚོ་བྱང་ཁུལ་གྱིས་སྔར་ལས་མང་པོའི་ཐོན་ལས་དང་མཉམ་བསྲེས་བྱས་ཏེ་འཕེལ་རྒྱས་གཏོང་བཞིན་ཡོད།

མཚོ་བྱང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་དོན་བྷོ་ཡིས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འདི་ནི་ང་ཚོའི་ཁྱད་སྟོབས་གཙོ་བོ་ཞིག་རེད། སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དེ་གསོ་སྤེལ་ཁོ་ནའི་ཐད་མ་ཡིན་ལ། ད་དུང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་འཕེལ་རྒྱས་ཐད་ཤུགས་ཆེན་པོས་འཚོལ་ཞིབ་བྱས་ཏེ། རང་སྟེང་གི་ཆ་རྐྱེན་གཞིར་བཟུང་ནས། ལས་སྣོན་དང་གནས་སྐོར་སྤྲོ་གསེང་ཐད་འཕེལ་རྒྱས་བཏང་ན། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་ཐུབ་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་རྒྱུན་མཐུད་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བྱེད་ཐུབ། འདི་ཡང་ང་ཚོའི་འཚོལ་ཞིབ་བྱེད་བཞིན་པའི་གཙོ་གནད་དང་དཀའ་གནད་ཀྱང་རེད་ཟེར།

“མི་མང་པོས་ལས་སྐྲུན་བྱེད་པ་དང་། མི་ཡོངས་ཀྱིས་གསར་སྐྲུན་བྱེད།”ཕྱུགས་ལས་ཐོན་རྫས་ལས་སྣོན་གཙོར་ཡིན་པའི་ཐོན་ལས་སྦྲེལ་ཐག་གསར་བ་འབྱུང་བཞིན་ཡོད་ལ། ལས་སྐྲུན་ལས་གཞི་ཆེ་མ་ཆུང་གསུམ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ཇི་བཞིན་གསར་དུ་འབྱུང་བཞིན་ཡོད།

མདའ་བཞི་རྫོང་གི《མདའ་བཞི་རྫོང་ཞིང་སྡེའི་ཐོན་ལས་མཉམ་བསྲེས་ཚོད་ལྟའི་དཔེ་སྟོན་བྱེད་ཐབས》ལ་མཆོག་མཆན་བཀོད་པ་དང་། འཛུགས་སྐྲུན་ལས་གཞིའི་བཟོ་སྐྲུན་ཆེན་པོ་བཞི་ཡི་ལས་གཞི་སྣ་ཞེ་གསུམ་ཡོད་ལ། གཙོ་བོར་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པ་དང་། དངོས་པོ་སྐྱེལ་འདྲེན། ཐད་འཚོང་། བསྡུ་འགྲེམ་བཅས་ཀྱི་ལྟེ་གནས་དང་། དེང་རབས་ཞིང་ལས་དང་ཚན་རྩལ་ཞིང་ལས། མཉམ་འབྲེལ་དྲ་བ་དང་གློག་རྡུལ་ཚོང་དོན་བཟོ་སྐྲུན། ཚད་གཞི་ཅན་གྱི་གསོ་སྤེལ་རྟེན་གཞི། གླིང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཁམས་གསེང་གནས་སྐོར་ལྗོངས་རྒྱུ་སོགས་གནད་སར་བཟུང་ནས་འཛུགས་སྐྲུན་བྱས།

མིན་ཡོན་རྫོང་མདོ་ལ་རི་བོའི་སྐྱེ་ཁམས་ཕྱུགས་རའི་གནས་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཕྱུགས་ར་དང་གནས་སྐོར་ཞིང་སྡེ་འཛུགས་སྐྲུན་ཡོངས་འགྲུབ་བྱས། མིན་ཡོན་ཆོན་ཁུག་གྲོང་རྡལ་གྱི་ཆུ་འཁྱག་ཉ་གསོ་སྤེལ་སོགས་ཁྱད་ལྡན་གསོ་སྤེལ་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་དངོས་འབེབ་བྱས་ཏེ། བསྡོམས་པས་སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་བཅུ་གསོ་སྤེལ་བྱས་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཆེད་ལས་མཉམ་ལས་ཁང་ཉི་ཤུའི་གསོ་སྤེལ་འགན་འཁྲི་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ་མ་ཟད། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་གཙོ་གནད་དུ་བཟུང་ནས། རྩྭ་ཐང་དང་དམངས་སྲོལ། སྤྲོ་གསེང་། ཉམས་མྱོང་བཅས་གཞི་གཅིག་ཡིན་པའི་ཕྱུགས་ལས་གནས་སྐོར་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱེད་བཞིན་པའི་སྒང་རེད། ད་ལྟ། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་གཉིས་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་གཉིས་བཅས་ལ་བརྟེན་ནས། མུ་མཐུད་དུ་ཕྱུགས་ལས་ཐོན་རྫས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས།

བཅོས་སྒྱུར་གྱིས་བྱ་དངོས་གསར་བ་སྐུལ་འདེད་བྱས་པ་དང་། སྒོ་འབྱེད་ཀྱིས་འདུ་ཤེས་གསར་བ་ནང་འདྲེན་བྱས།

སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བྱུང་བ་དེས་འབྲོག་པ་སྔར་ལས་མང་པོའི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་། རྩྭ་ས་སྔར་ལས་སོར་ཆུད་སྐྱེ་འཕེལ་བྱུང་བས། ཐོན་ལས་སྔར་ལས་མང་པོ་མཉམ་བསྲེས་བྱས། ད་ལྟ། མཚོ་བྱང་སྐྱེ་ཁམས་ཕྱུགས་ལས་བརྟན་འཇགས་ངང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྙེག་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།