ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས2018ལོའི་ཟླ12པའི་ཚེས28ནས29ཉིན་བར་པེ་ཅིན་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་མིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་སོ་སོས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་བྱས་པའི་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་པ་དང་། ད་ལོ་དང་སང་ལོའི་ལོ་གཉིས་ནང“ཞིང་གསུམ”བྱ་བས་ངེས་པར་འགྲུབ་དགོས་ཤིང་བསྒྱུར་དུ་མེད་པའི་ལས་འགན་ཞིབ་འཇུག་དངོས་འབེབས་བྱས་ལ། 2019ལོའི་ཞིང་ལས་དང་ཞིང་སྡེ་བྱ་བ་བཀོད་སྒྲིག་བྱས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་བྱས། གྲོས་ཚོགས་མ་འཚོགས་པའི་སྔོན་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལེགས་པར་འཚོགས་པའི་ཆེད་དུ། “ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་པའི་ཐད་ལ་བླང་བྱ་གསལ་པོ་བཏོན།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕེང་གིས་ནན་གྱིས་བསྟན་དོན། 2018ལོར། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་བླངས་ཤིང་། འབྲུ་རིགས་ལ་ལོ་ལེགས་སྨིན་པ་དང་ཞིང་སྡེ་དར་སྤེལ་གྱི་མགོ་བཟང་པོ་བརྩམས། 2019ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་ལོ་ཡིན་པས། “ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་བ་དང་། དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བ་བཅས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གིས“ཞིང་གསུམ”བྱ་བའི་མགོ་ཁྲིད་པར་ཤུགས་སྣོན་པ། “ཞིང་གསུམ”གནད་དོན་ཐག་གཅོད་པ་དེ་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་ཁྲོད་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་དངོས་འབེབས་བྱེད་པ། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་འགྲུབ་དགོས་པའི་བསྒྱུར་དུ་མེད་པའི་ལས་འགན་ལ་དམིགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་དེ་རང་རྒྱལ་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཐད་བཏོན་པའི་བླང་བྱ་གསར་པར་མཐུན་པར་བྱེད་པ་བཅས་ཀྱིས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། བྱ་བ་དངོས་འབེབས་བྱེད་པ་བཅས་ཀྱི་སྒོ་ནས་ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་པོ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་འཛིན་པ། རེས་གསར་པའི་ཞིང་སྡེའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མི་འདང་ས་མགྱོགས་མྱུར་གྱིས་ཁ་གསབ་བྱེད་པ། ཞིང་སྡེའི་འཆར་འགོད་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་བྱ་བ་སོ་སོ་ནན་ཏན་གྱིས་ལེགས་པར་སྒྲུབ་པ། རིམ་པ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་དམ་འཛིན་བྱེད་པའི་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཤེས་པ་དང་ཞིང་སྡེར་དགའ་བ། ཞིང་པ་དང་ཞིང་སྡེར་དགའ་བའི་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེ་བའི་ཞིང་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་བྱེད་པ་བཅས་ཀྱིས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་གོམ་སྟབས་གསར་པ་སྤོ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཆོག་བཀོད་མཛུབ་སྟོན་གནང་། ལི་ཁི་ཆང་གིས་ནན་གྱིས་བསྟན་དོན། སང་ལོའི“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་པ་ནི། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བརྟན་བརླིང་ཡོང་བའི་སྤྱི་ཡོངས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་སྡེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཞིང་པ་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཕན་པ། ཞིང་པ་ཕྱུག་པོར་བསྒྱུར་བའི་སྲིད་ཇུས་སྣ་ཚོགས་དངོས་གནས་དངོས་འབེབས་བྱེད་པ་དང་། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཤུགས་གང་ཡོད་ཀྱིས་ལེགས་སྒྱུར་བྱེད་པ། ཞིང་པ་དུང་ཕྱུར་ཁྲི་ཡི་བརྩོན་སེམས་དང་གསར་སྐྲུན་གྱི་སེམས་ཤུགས་སྲུང་སྐྱོང་དང་སྐུལ་སློང་བྱེད་པ་བཅས་ཀྱིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས། དབུལ་ནག་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ཀྱི་གནས་བབ་ལ་ཁ་ཕྱོགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱེད་ཐབས་ཆེན་པོ་དངོས་འབེབས་དང་དབུལ་ཐར་གྱི་སྤུས་ཚད་མཐོར་འདེགས་བྱས་ནས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། འབྲུ་རིགས་ཐོན་སྐྱེད་ནུས་པ་དང་ཞིང་ལས་རྨང་གཞི་བརྟན་པོར་གཏོང་བ། སྤུས་ལེགས་དང་ཁྱད་ལྡན། ལྷད་མེད་སོགས་ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་ལེགས་སྒྱུར་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཞིང་སྡེའི་ཐོན་ལས་སྣ་ཚོགས་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས། ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་གྱིས་སྐྱེད་སྲིང་བྱེད་པ་དང་། འཇོན་མི་སྣ་ཚོགས་ཕྱིར་གཞི་རིམ་དུ་ལོག་པ་དང་གཞི་རིམ་དུ་བསྐྱོད་དེ་ལས་སྐྲུན་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། ཞིང་སྡེའི་ལས་ཞུགས་བར་སྟོང་དང་ཞིང་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས། “ཞིང་གསུམ”བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་བརྟན་པོར་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ཀྱིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་གོང་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང“ཞིང་གསུམ”བྱ་བ་ལེགས་པར་སྒྲུབ་པའི་སྐོར་གྱི་བསམ་འཆར་འགའ》ལ་བགྲོ་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ཤིང་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ད་ལོ་དང་སང་ལོ་གཉིས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་གི་དུས་ཡིན་ལ། དབུལ་བོ་ལས་ཐར་བ་དང་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་བསྣོལ་མཚམས་ཡིན། དཔལ་འབྱོར་རྒུད་པར་འགྱུར་བའི་གནོན་ཤུགས་ཇེ་ཆེ་དང་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་པའི་གནས་བབ་རྙོག་འཛིང་གི་འོག་ཏུ། ངེས་པར་མིག་སྔའི“ཞིང་གསུམ”བྱ་བ་ལེགས་པར་སྒྲུབ་པའི་དམིགས་བསལ་དང་གལ་ཆེན་རང་བཞིན་ལ་ངོས་ཟིན་གང་ལེགས་ཡོད་དགོས་པ་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་གོང་སྤེལ་གཏོང་བའི་སྲིད་ཇུས་ཀྱི་ཕྱོགས་སྟོན་བརྟན་པོར་འཛུགས་དགོས། “ཞིང་གསུམ”གྱི་རྩ་བའི་རྨང་གཞི་འདི་བརྟན་པོར་གཏོང་བ་དང“ཞིང་གསུམ”བྱ་བའི་བསྒྱུར་དུ་མེད་པའི་ལས་འགན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱས་ཏེ། 2020ལོར་བསླེབ་དུས་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་འགྲུབ་པར་བྱེད་པའི་དམ་བཅའ་བདེ་བླག་གིས་མངོན་འགྱུར་གཏོང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལས་རྒྱལ་བར་བྱེད་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མ་མཐའི་འོས་འགན་ཡིན། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱེད་པར་འཕྲད་པའི་གནད་དོན་འབུར་ཐོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་ལ། “ལྗོངས་གསུམ་ཁུལ་གསུམ”སོགས་དབུལ་ནག་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱེད་ཚད་ཇེ་ཆེར་གཏོང་བ་དང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་རང་སྐྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་མི་འབོར་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་ཇེ་ཉུང་དང་སྔོན་འགོག་བྱེད་དགོས།
ཞིང་སྡེའི་ཁོར་ཡུག་ལེགས་བཅོས་ཀྱི་ལོ་གསུམ་བྱ་འགུལ་ལེགས་པར་བཟུང་ནས། ཞིང་སྡེའི་དངོས་ཡོད་གནད་དོན་ནས་བཟུང་སྟེ་གད་སྙིགས་དང་བཙོག་ཆུ་གཙང་བཟོ། སྤྱོད་ཁང་གསར་བརྗེ། སྡེ་བའི་རྣམ་པ་ལེགས་བཅོས་སོགས་གཙོ་གནད་དུ་བཟུང་ནས་བསྒྲུབ་དགོས། འབྲུ་རིགས་ཐོན་སྐྱེད་ལེགས་པར་འཛིན་པ་དང་འབྲུ་རིགས་རྨོ་འདེབས་ཀྱི་གཞི་ཁྱོན་བརྟན་པོར་གཏོང་བ། ཐོན་སྐྱེད་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོ་དག་ཕན་འབྲས་དང་ལྡན་པར་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས། “སྤྱི་ཁང་ཆེན་མོའི”གནད་དོན་གཙང་སེལ་དང་བཅོས་སྐྱོང་བྱེད་ཤུགས་གཏིང་ཟབ་ཏུ་སྤེལ་བ་དང་། ཧྥེ་གླིང་ཕག་གི་རིམས་འགོག་བྱ་བ་ལྷོད་མེད་ངང་དམ་འཛིན་བྱེད་དགོས། ཞིང་སྡེའི་ཐོན་ལས་ཤུགས་ཆེན་དུ་སྤེལ་ནས་ཞིང་པས་ཉེ་འགྲམ་ནས་ལས་ཞུགས་དང་ལས་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྔར་ལས་ལྷག་པར་ཞིང་སྡེའི་ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ལས་བདག་གཉེར་བྱེད་སྟངས་གསར་སྒྱུར་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་འཆར་འགོད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་བཟོ་འགོད་ལག་བསྟར་བྱས་ནས་ཞིང་སྡེའི་ཁོར་ཡུག་དང་སྤྱི་པའི་ཞབས་ཞུའི་མི་འདང་སར་ཁ་གསབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཁྱོན་ཡོངས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཞིང་སྡེའི་གཞི་རིམ་ཏང་ཀྲི་པུའུ་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱས་ནས་དེའི་གཡུལ་སའི་བཙན་རྫོང་གི་བྱེད་ནུས་འདོན་སྤེལ་བྱེད་དགོས། ཞིང་སྡེའི་གོམས་སྲོལ་ལེགས་སྒྱུར་ལ་བསྟུད་མར་སྐུལ་འདེད་བྱས་ནས་གོམས་སྲོལ་ངན་པ་གཙང་མར་བཅའ་དགོས། ཏང་ཡོངས་ཀྱི་རྩ་འཛུགས་མགོ་ཁྲིད་ཀྱི་རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་ཞིང་སྡེའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། གསོན་ཤུགས་ལྡན་ཞིང་འཆམ་མཐུན་གོ་རིམ་ལྡན་པའི་ཞིང་སྡེ་ཞིག་བསྐྲུན་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།