སྦྲ་དཀར་དཔེ་དབྱིབས་རིམ་པ་མཐོ་གྲས་སུ་བསྙེགས་པ།
2019.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

གནད་དོན་གནས་ས་ནི་བཅོས་སྒྱུར་བྱེད་སའི་ཁ་ཕྱོགས་ཡིན། གནད་དོན་གང་དུ་ཡོད་དམ། འགལ་བ་གང་དུ་ཡོད་དམ། བཅོས་སྒྱུར་གྱི་ཁ་ཕྱོགས་གནས་དེར་སྟོན་དགོས། རྒྱུན་ཆད་མེད་པར་སྙོམས་སྒྲིག་དང་བཅོས་སྒྱུར། གསར་སྐྲུན་བཅས་བྱས་ན། ད་གཟོད་འགལ་བ་སེལ་ནས་ཐབས་ལམ་གསར་བ་བཙལ་ཐུབ།

དུས་རབས་སྔོན་མའི་དུས་མཇུག་ཏུ། རང་ཞིང་གི་རྩྭ་ས་ཇེ་ཞན་དུ་གྱུར་བ་དང་ཕྱུགས་ལས་ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པ། ཐོན་སྐྱེད་ཚོང་གཉེར་རགས་ལས་ཡིན་པ། ཕྱུགས་ལས་ཀྱི་ཐོན་ཁུངས་བསྒྱུར་ཚད་དམའ་བ། རྩྭ་སའི་ཕྱུགས་ཟོག་ཚད་ལས་བརྒལ་བ། རྩྭ་ཕྱུགས་ཀྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར་ཡོད། 2008ལོའི་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་རྩྭ་ས་ཚད་མི་འདྲ་བའི་སྒོ་ནས་ཇེ་ཞན་དུ་གྱུར་བ་དང་། འབྲོག་ཁུལ་གྱི་རྩྭ་སའི་འཕེལ་རྒྱས་ཇེ་ཞན་དུ་གྱུར་མགོ་བརྩམས།

ཡིན་ཡང་། 2008ལོར་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་འཚོལ་ཞིབ་བྱེད་པའི་ཐད་ཚ་རླབས་ཆེན་པོ་བྱུང་བས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་ཤུགས་ཆེན་པོས་བཅོས་སྒྱུར་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་སྦྲ་དཀར་སྡེ་བས་རང་སྟེང་གི་ཁྱད་སྟོབས་ལ་བརྟེན་ནས། འགལ་བ་འདུམ་འགྲིག་གི་གཙོ་གནད་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་སྟེང་བཞག་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཏེ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྩྭ་ས་ཁག་བགོས་ཏེ་ཕྱུགས་རེས་མོས་སྒོས་འཚོས་པ་དང་། ཕྱུགས་ཟོག་རིགས་བགར་ནས་གསོས་པ། མི་སྣ་འོས་འཚམས་སྒོས་ལས་བགོས་བྱས་པས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་བོ་ཆགས་པ་དང་། རྨ་ལྷོ་ཁུལ་དང་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ཡོངས་ཀྱིས་དབུལ་ཐར་གྱི་དཔེ་མཚོན་མངོན་འགྱུར་བྱས།

ད་ལྟ། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པོའི་ཚོང་རར་ཁ་གཏད་ནས། རྩེ་ཁོག་རྫོང་གིས་མུ་མཐུད་དུ་འཕེལ་རྒྱས་ཀྱི་བསམ་གཞིགས་བསྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་ནང་འདྲེན་བྱེད་པ། སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་གཙོ་གནད་དུ་འཛིན་པ་དང་། དཔེ་སྟོན་ས་ཁུལ་འཛུགས་སྐྲུན་སྟེགས་བུ་བྱེད་པ། ཕྱུགས་ཟོག་འཚོ་ཞོར་དུ་གཟན་གསོ་བྱེད་པའི་ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི་གཙོ་གནད་དུ་འཛིན་པ། མཉམ་ལས་ཁང་གི་ཚོང་གཉེར་ཐད་ཡན་ལག་ཚོང་ཁང་འཛུགས་པ། ཐོན་ལས་རོགས་སྐྱོར་ཐད་འདེགས་སྐྱོར་བྱེད་པ། ནུས་ཤུགས་ཡོད་དགུས་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱས་ཏེ། རྩེ་ཁོག་སྐྱེ་ཁམས་ཕྱུགས་ལས་ཏེ་འཁོར་རྒྱུག་བཟང་བོའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐུལ་ཁྲིད་བྱེད་དགོས།

མཉམ་ལས་ཁང་བཅོས་སྒྱུར་གྱི་དཔེ་སྟོན་སྣེ་ཁྲིད་པ་ཡིན་པའི་སྦྲ་དཀར་སྡེ་བར་མཚོན་ན། 2010ལོའི་སྔོན་དུ་ད་དུང་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་ལག་བསྟར་བྱེད་ཀྱིན་ཡོད། ཕྱུགས་ལས་ས་ཁུལ་གྱི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཕྱུགས་ཟོག་ཚད་ལས་བརྒལ་ཏེ་འཚོས་པས་མི་ཕྱུགས་ཀྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར་ཡོད་ལ། “རྩྭ་ས་ཇེ་ཞན་དུ་གྱུར་བ་དང་ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་མེད་པ། འབྲོག་པས་ཕྱུགས་འཚོ་ཐབས་མེད་ལ་ཡོང་སྒོ་ཇེ་དམའ་རུ་གྱུར”བའི་རྣམ་པ་མངོན། 2010ལོའི་ལོ་མཇུག་ཏུ། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་གཉིས་དང་ལྔ་བརྒྱ་བཅུ་གཉིས་ཡོད་པ་དང་། སྐབས་དེར་དཔེར་མཚོན་གྱི་དབུལ་ཕོངས་སྡེ་བ་ཞིག་རེད།

དཀའ་ཁག་སེལ་དགོས་ན། འཕེལ་རྒྱས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་ཏེ་སྲུང་སྐྱོབ་བྱེད་དགོས།

2011ལོར། ཞིང་ཆེན་ཡོངས་ཀྱིས་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བ་དེ་གོ་སྐབས་སུ་བརྩིས་ནས། སྦྲ་དཀར་སྡེ་བའི་རུ་ཁག་གཉིས་པའི་རུ་གཙོ་ཨོ་རྡོ་ཡིས་རུ་ཁག་ཡོངས་ཀྱི་ཁྱིམ་ཚང་སོ་དྲུག་དང་མི་གྲངས་ཉིས་བརྒྱ་བཅུ་བདུན་རྩ་འཛུགས་བྱས་ཏེ། སྦྲ་དཀར་སྡེ་བའི་ཆེད་ལས་མཉམ་ལས་ཁང་བཙུགས། ཐོན་སྐྱེད་རྒྱུ་ཆ་དབྱར་སའི་རྩྭ་ས་སྤྱི་ཆིངས་བཞི་བརྒྱ་དང་ནོར་གནག་དོན་བཞི་ཡོད་ལ། རྩེ་ཁོག་རྩྭ་ཐང་དུ་འཕོ་འགྱུར་གསར་བ་ཞིག་བསྐྲུན།

སྦྲ་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོར་བདམས་པའི་ཨོ་རྡོ་ཡིས་བཤད་རྒྱུར། གྲངས་ཀ་གདེང་འཇོག་བྱེད་པ་ལས་སྤུས་ཚད་དང་ཕན་འབྲས་ལ་དོ་སྣང་མི་བྱེད་པའི་ལམ་རྙིང་དུ་བགྲོད་དཀའ་བ་རེད། སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱས་ཏེ། གཅིག་གྱུར་དོ་དམ་དང་ཕན་འབྲས་མཉམ་སྤྱོད། ཉེན་ཁ་མཉམ་ཁུར་གྱི་མཉམ་ལས་རྣམ་པ་ཆགས་ན། ད་གཟོད་ཚོགས་པ་འཕེལ་རྒྱས་སུ་འགྲོ་ཐུབ་ལ། ཡོང་སྒོ་ཡང་འཕར་སྣོན་འབྱུང་སྲིད།

དང་ཐོག མཉམ་ལས་ཁང་གིས་སྡེ་བ་ཡོངས་ཀྱི་སྡེ་དམངས་ལ་རྩྭ་སའི་ཁ་གསབ་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བདུན་སྟོང་བཞི་བདུན་བརྒྱ་སྒོར་མོ་རུ་བཀུག་ནས་མ་རྐང་དུ་བཞག་ཏེ་མཉམ་ལས་ཁང་གི་མ་དངུལ་འཁོར་རྒྱུག་བྱས་ཏེ། དབྱར་རྩྭ་ཉོ་འཚོང་དང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱས། ལོ་དེར་མཉམ་ལས་ཁང་གི་ཡོང་སྒོ་སྒོར་འབུམ་གཉིས་དང་ཁྲི་གཅིག་ཡོད་པ་དང་། རུ་ཁག་གཉིས་པའི་ཁྱིམ་ཚང་སོ་དྲུག་ལ་ཡོང་སྒོ་བགོ་བཤའ་བརྒྱབ། འབྲོག་པ་མང་ཚོགས་ཀྱིས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འཕེལ་རྒྱས་རེ་བ་མཐོང་བས། འབྲོག་པ་མཉམ་ལས་ཁང་དུ་ཟབ་ཞུགས་བྱེད་ཚད་རིམ་བཞིན་ཇེ་མང་དུ་སོང་།

2013ལོར། ཨོ་རྡོ་ཡིས་སྔར་ཡོད་ཀྱི་ནོར་གནག་དོན་བཞི་ལ་རྒྱུད་ལེགས་གསོ་སྤེལ་བྱས་ཏེ་ཁྱབ་གདལ་དུ་བཏང་བས། ལོ་མཇུག་ཏུ་མཉམ་ལས་ཁང་གི་རྒྱུད་ལེགས་ནོར་གནག་གསོ་སྤེལ་བྱས་ཏེ་ནོར་གནག་དྲུག་བརྒྱ་གྱ་གཉིས་ལ་སླེབས་ཡོད་པ་མ་ཟད། གསོ་སྤེལ་བྱས་པའི་རྒྱུད་ལེགས་གཡག་རིན་གོང་མཐོན་པོས་ཕྱིར་འཚོང་བྱས། དེ་དང་ཆབས་ཅིག ཕྱུགས་ལས་ཐོན་རྫས་དང་དབྱར་རྩྭ་ཕྱིར་བཙོང་གི་ཉོ་འཚོང་མུ་མཐུད་དུ་རྒྱ་བསྐྱེད་པས། མཉམ་ལས་ཁང་གི་དཔལ་འབྱོར་ཡོང་སྒོ་ཕན་ནུས་ཡོད་པའི་སྒོ་ནས་འཕར་སྣོན་བྱུང་བ་དང་། ལོ་ཧྲིལ་བོར་མཉམ་ལས་ཁང་གི་ཡོང་སྒོ་བགོ་བཤའ་བརྒྱབ་ཚད་སྒོར་འབུམ་ལྔ་དང་ཁྲི་བཞི་ལ་སླེབས་ཡོད་པས། སྡེ་བ་ཡོངས་དབུལ་ཐར་བྱེད་པ་མངོན་འགྱུར་བྱས།

དབུལ་ཐར་ཁོངས་མི་དཀོན་པེ་ཡིས་བཤད་རྒྱུར། “མཉམ་ལས་ཁང་དུ་མ་ཞུགས་སྔོན་ཁྱིམ་དུ་ཕྱུགས་འཚོ་བཞིན་ཡོད། འོན་ཀྱང་། ཁྱིམ་དུ་ཕྱུགས་ཟོག་ཉུང་བ་དང་རྩྭ་ས་ཆུང་བ། ངལ་རྩོལ་པ་མེད་པས། ཁྱིམ་གྱི་འཚོ་བར་དཀའ་ཁག་ཧ་ཅང་ཆེ། མཉམ་ལས་ཁང་དུ་ཞུགས་རྗེས། ང་རང་མཉམ་ལས་ཁང་གི་ཆེད་བསྐོས་རྩིས་གཉེར་པར་གྱུར་བས། ཟླ་རེར་ཟླ་ཕོགས་ལེན་ཐུབ་པར་མ་ཟད། ལོ་མཇུག་ཏུ་ད་དུང་བགོ་བཤའ་རྒྱག་ཐུབ། 2017ལོར་བཟའ་མི་ཡོངས་ལ་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་ལྔ་བརྒྱད་བརྒྱ་བགོ་བཤའ་བརྒྱབ་པ་དང་། བུ་ཆུང་ད་དུང་མཉམ་ལས་ཁང་གིས་བོད་ལྗོངས་ཐད་འཚོང་ལྟེ་གནས་སུ་མངག་ཏེ་ཚོང་གཉེར་བྱེད་ཀྱིན་ཡོད”ཟེར།

མིག་སྔར། མཉམ་ལས་ཁང་དུ་ཁོངས་མིའི་ཁྱིམ་ཚང་བརྒྱ་དང་དོན་གཉིས་ཡོད་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་མི་གྲངས་བརྒྱད་བརྒྱ་བཅོ་བརྒྱད་ཡོད། གཅིག་བསྡུས་བྱས་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིངས་སྟོང་དྲུག་ལྷག་ཡོད་ལ། མ་རྐང་དུ་བཞག་པའི་ཕྱུགས་ཟོག་སྟོང་ལྔ་དང་བཅུ་དགུ་ཡོད། འབྲོག་པ་ཁྱིམ་ཚང་དང་ཕྱུགས་ཟོག རྩྭ་ས་སོགས་ཐོན་ཁུངས་ཧྲིལ་བསྡུས་བྱས་ཚད་ཆ་སྙོམས་བྱས་ན་བརྒྱ་ཆའི་གོ་ལྔ་རུ་སླེབས་ཡོད་པ་དང་། མ་རྐང་དུ་བཞག་པའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་གཅིག་ཁྲི་དྲུག་སྟོང་གཅིག་དགུ་བརྒྱ་ཡོད་པ་དང་། ནོར་ལུག་དང་རྩྭ་ས་ཡོད་ཚད་མ་རྐང་དུ་བཅག་ན་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་གསུམ་འབུམ་གཉིས་ཁྲི་བཞི་ཡོད། མཉམ་ལས་ཁང་བཙུགས་པ་ནས་ད་ལྟའི་བར། མཉམ་ལས་ཁང་གིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་བཞི་དང་སྟོང་གསུམ་བདུན་བརྒྱ་བགོ་བཤའ་བརྒྱབ། 2017ལོར། མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་ལྔ་བརྒྱ་དང་བཅུ་ལ་སླེབས་ཡོད།

ལོ་འགའི་རིང་ལ་འཚོལ་ཞིབ་གསར་སྐྲུན་བྱས་པ་བརྒྱུད། སྦྲ་དཀར་སྡེ་བ་ཞིང་ཆེན་དང་ཁུལ། རྫོང་ཞིང་ཕྱུགས་སྡེ་ཁག་གི་སྣེ་ཁྲིད་འོག་སྒྲིག་སྲོལ་འཛུགས་པ་དང་ལམ་ལུགས་གཏན་འཁེལ་བྱེད་པ། “འཇོན་མིའི་སྐུལ་ཁྲིད་དང་དམངས་གཙོའི་དོ་དམ”གཙོ་གནད་དུ་འཛིན་པ། “ལས་གཞིའི་རོགས་སྐྱོར་དང་རྩལ་ནུས་གསོ་སྦྱོང”བྱས་ཏེ། ཕྱོགས་ཡོངས་ནས་མ་རྐང་ལམ་ལུགས་བསྒྱུར་བཀོད་ཀྱི་བྱ་བ་མངོན་འགྱུར་བྱས་པས། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་གྱུར།

རགས་ལས་ཀྱི་ཚོང་གཉེར་རྣམ་པ་ཐག་གཅོད་བྱས་ཏེ། ཞིབ་ཚགས་ཅན་གྱི་དོ་དམ་རྣམ་པར་བསྒྱུར།

སྦྲ་དཀར་གྱི་ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། རྩྭ་ལྟར་ཕྱུགས་གཏན་འཁེལ་བྱས་ཏེ་མ་རྐང་དུ་འཇོག་པ་དང་། ཕྱུགས་ཟོག་ཁྱུ་དགར་ཏེ་གསོ་སྐྱོང་བྱེད་པ། རྩྭ་ས་ཁག་བགོས་ཏེ་ཕྱུགས་འཚོས་པ། མཉམ་ལས་ཁང་གི་ཁོངས་མིར་ལས་བགོས་བྱས་པ། ཡོང་འབབ་མ་རྐང་དང་ལས་ཚད་ལྟར་བགོ་བ་བཅས་ལག་བསྟར་བྱས་པས། སྲྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་ནས་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཆེས་བཟང་བའི་བྱེད་ཐབས་སུ་རིམ་འཕར་བྱས།

ད་ལྟའི་སྦྲ་དཀར་སྡེ་བར་ཐོན་པ་ན། འདེབས་འཛུགས་ས་ཁུལ་དང་གསོ་སྤེལ་ས་ཁུལ། འཚོ་སྡོད་ས་ཁུལ་བཅས་རིགས་དགར་བ་ཧ་ཅང་མངོན་གསལ་རེད། འཚོ་སྡོད་ས་ཁུལ་དུ་སྡོད་གནས་གསར་བའི་ཁང་བ་བརྒྱ་དང་དྲུག་ཅུ་གྲལ་དག་པར་བསྒྲིགས་ཡོད་ལ། ཚོང་ཁང་དང་མེ་ཏོག་ར་བ། སྡེ་བའི་ཨུ་ཡོན་ལྷན་ཁང་། ཏང་ཡོན་བྱ་འགུལ་ལྟེ་གནས། འཕྲོད་བསྟེན་ཁང་། བྱིས་གཉོར་ཁང་བཅས་ཚང་མ་འཛོམས་ཡོད།

གསོ་སྤེལ་ས་ཁུལ་དུ་རྩེ་ཁོག་རྫོང་གིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་བཏང་ནས་ཐོན་ལས་སོ་སོར་རོགས་སྐྱོར་བྱས་པ་དང་། སྦྲ་དཀར་སྡེ་བའི་མཉམ་ལས་ཁང་ལ་འཚོ་ཞོར་དུ་གཟན་གསོ་བྱེད་སའི་ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི་གཉིས་ལས་པ་དང་། ཕན་ནུས་མཐོ་བའི་ཕྱུགས་སྤྱིལ་ཁང་མུས་གྲུ་བཞི་མ་ཐིག་དང་གྲངས་ཆུང་བཞི་བརྒྱད་ཅན་ཞིག་ལས་ཡོད་པ་མ་ཟད། གཟན་ཆས་སྟེར་ས་དང་བཙོག་འདོན་སྦུ་གུ། འགུལ་སྐྱོད་བྱེད་ས། གཟན་ཆས་གསོག་ས། ནད་ཡོད་པའི་ཕྱུགས་ཟོག་ཁེར་འགོག་བྱེད་ས། དུག་སེལ་ཁང་བ། དུག་སེལ་རྫིང་བུ་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པས། ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས།

ཉེ་བའི་ལོ་འགའི་རིང་ལ། རྩྭ་སའི་སྡེ་ཁག་གི་ཁྲིད་སྟོན་འོག མཉམ་ལས་ཁང་གིས་རྩྭ་སྔོན་སྐམ་པོ་འདེབས་སའི་རྟེན་གཞི་སྤྱི་ཆིངས་དོན་ལྔ་ཅན་ཞིག་ལས་པ་དང་། གཟན་རྩྭའི་རྟེན་གཞི་སྤྱི་ཆིངས་བཞི་བརྒྱ་རེ་བདུན་གསར་དུ་ཁ་སྣོན་བྱས་ལ། ལོ་གཅིག་གི་ནང་དུ་རྩྭ་སྔོན་སྐམ་པོ་སྤྱི་རྒྱ་ས་ཡ་གཉིས་དང་འབུམ་བརྒྱད་ཐོན་སྐྱེད་བྱེད་ཐུབ་པས། ཕྱུགས་ཟོག་དུས་ཚིགས་བཞིའི་འཁོར་སྐྱོད་ལྟར་ཤ་ཤེད་རྒྱས་པ་དང་། ཤེད་ལྷུང་བའི་འཁོར་སྐྱོད་མི་ལེགས་པའི་རྣམ་པ་ཐག་གཅོད་བྱས།

དང་ཐོག་གི“སྦྲ་དཀར”དཔེ་དབྱིབས་ཏེ་ད་ལྟའི་རྣམ་པ་ལྟར་རྩ་འཛུགས་ཅན་དང་ཚད་ལྡན་ཅན་ཞིག་གཏན་ནས་མ་རེད། 2014ལོ་ནས་བཟུང་། རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་རོགས་སྐྱོར་འོག སྦྲ་དཀར་སྡེ་བའི་མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱས་པ་དང་། ཐོན་ཁུངས་རིགས་མང་པོ་ཧྲིལ་བསྡུས་བྱས་པ་བརྒྱུད། ད་ལྟའི“སྐྱེ་ཁམས་དང་དཔལ་འབྱོར་ཕྱོགས་གཉིས་རྒྱལ་བའི”རྣམ་པ་གསར་བཟོ་བྱས་པ་དང་། མཚོན་བྱེད་རང་བཞིན་ལྡན་པ་དང་དཔེ་ལྟ་བྱས་ཆོག་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞིག་ཏུ་གྱུར་ཡོད།

ཨུ་རྡོ་ཡིས་བཤད་རྒྱུར། སྦྲ་དཀར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་སྦྲ་དཀར་དཔེ་དབྱིབས་བསྐྲུན་ཟིན་མོད། འོན་ཀྱང་། མཉམ་ལས་ཁང་གི་དོན་དག་མང་པོ་ཞིག་ང་ཚོས་བསྒྲུབ་པ་མི་བཟང་ལ། ཆེད་ལས་ཡང་མིན་པ་དང་། སྦྲ་དཀར་གྱི་དཔེ་དབྱིབས་དངོས་དང་བསྡུར་ན་ད་དུང་བར་ཁྱད་ཅུང་ཆེན་པོ་ཡོད་ཟེར།

རྩེ་ཁོག་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཙི་ཡིས་བཤད་རྒྱུར། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་དཔེ་མཚོན་ཡིན་པའི་ཆ་ནས། སྦྲ་དཀར་དཔེ་དབྱིབས་ཀྱིས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་འཆམ་མཐུན་འཕེལ་རྒྱས་ཀྱི་ཐད་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད། འོན་ཀྱང་། དང་ཐོག་འཇོན་མི་དཀོན་པ་དང་། མཉམ་ལས་ཁང་གི་དོ་དམ་ཐད་མི་འདང་ས་མང་པོ་གནས་ཡོད་པས། མཉམ་ལས་ཁང་གི་ནོར་སྲིད་དོ་དམ་བྱ་བ་བཟང་བོར་སྒྲུབ་ཆེད། རྩིས་ཐོ་གསལ་བོ་མིན་པ་དང་འདྲ་མཉམ་མིན་པ་སོགས་ཀྱི་གནད་དོན་འབྱུང་བ་གཏན་འགོག་བྱས་ཏེ། རྫོང་ཡོངས་སུ་སྡེ་བའི་ནོར་སྲིད་ཞང་གིས་དོ་དམ་བྱེད་པ་ལག་བསྟར་བྱས་ནས། རྫོང་ཡོངས་ཀྱི་མཉམ་ལས་ཁང་སོ་སོའི་ནོར་སྲིད་དོ་དམ་ཚད་ལྡན་ཅན་གྱི་བགྲོད་ལམ་དུ་སྙེག་པར་བྱས།

སྦྲ་དཀར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་མ་ཐག ནོར་ལུག་ཁྱུ་བགར་ནས་གཟན་གསོ་བྱས་པ་དང་། རྩྭ་ས་ཁག་བགོས་ནས་ཕྱུགས་འཚོས་མོད། ཕྱུགས་རྒྱུད་ལེགས་བསྒྱུར་དང་མོ་ཕྱུགས་ཀྱི་བསྡུར་ཚད་ཇེ་བཟང་དུ་སོང་མེད། ཞིང་ཆེན་དང་ཁུལ། རྫོང་ཞིང་ཕྱུགས་སྡེ་ཁག་གི་རོགས་སྐྱོར་འོག མཉམ་ལས་ཁང་གིས་རྟ་ཐང་ཕྱུགས་ར་ནས་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ཚན་རིག་ལྟར་གསོ་སྤེལ་བྱེད་པར་མཛུབ་སྟོན་བྱེད་དུ་བཅུག་པ་མ་ཟད། བོད་ལུག་ལོ་གཉིས་ཀྱི་ནང་ཐེངས་གསུམ་རྩེབ་པ་དང་། ནོར་གནག་ལོ་གཅིག་ལ་ཐེངས་གཅིག་རྩེབ་པའི་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ནང་འདྲེན་བྱས་ཏེ། ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། རིམ་བཞིན་ད་ལྟའི་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་དཔེ་སྟོན་མཉམ་ལས་ཁང་དུ་གྱུར།

ཨོ་རྡོ་ཡིས་བལྟས་ན། ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཉམས་སད་བརྒྱུད་ནས། མཉམ་ལས་ཁང་གི་ཁོངས་མི་རྣམས་ཀྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ངོས་ཟིན་ཐོབ་པ་དང་། ཐོག་མར་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་ནས་ཞིབ་ཚགས་ཅན་གྱི་དོ་དམ་བྱས་ན། རྫོང་གིས་བཏོན་པའི“ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་མ་རྐང་དུ་བསྒྱུར་བ། འབྲོག་པ་མ་རྐང་བདག་འཛིན་དུ་འགྱུར་བ། ཕྱུགས་ལས་ཐོན་ལས་སུ་འགྱུར་བ། ཁོངས་མི་ལས་བཟོ་བར་འགྱུར་བ”མངོན་འགྱུར་བྱེད་ཐུབ་ལ། དེ་ནི་སྦྲ་དཀར་དཔེ་དབྱིབས་དངོས་རེད་ཟེར།

ཞིང་ཆེན་རྩྭ་སའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། 2016ལོར། སྦྲ་དཀར་སྡེ་བའི་རང་བྱུང་རྩྭ་སའི་རྩྭའི་ཐོན་ཚད་ཆ་སྙོམས་བྱས་ན་མུའུ་རེ་ནས་སྤྱི་རྒྱ་ཉིས་བརྒྱ་ཉེར་ལྔ་དང་གྲངས་ཆུང་དྲུག་ཐོན་པ་དང་། 2010ལོ་ལས་སྤྱི་རྒྱ་ཉེར་གཅིག་དང་གྲངས་ཆུང་བཞི་དང་། བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་འཕར་ཡོད། རང་བྱུང་རྩྭ་སའི་ཕྱུགས་ཐེག་ཚད་ལུག་རེར་མུའུ་བཅུ་དང་གྲངས་ཆུང་བདུན་དྲུག་ནས་ལུག་རེར་མུའུ་བཅུ་གསུམ་དང་གྲངས་ཆུང་བདུན་ལྔ་སྙོམས་སྒྲིག་བྱས་ཡོད་པས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་གྱུར་ཡོད།

ཚོང་རའི་འབྲེལ་མཐུད་ཐག་གཅོད་བྱས་ཏེ། ཐོན་ལས་གསུམ་པའི་མཉམ་བསྲེས་འཕེལ་རྒྱས་རྣམ་པ་བསྒྱུར་བ།

སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་སྐྱེ་ཁམས་ཕྱུགས་ལས་སུ་བསྒྱུར་བའི་ངོ་བོ་ནི་གཞི་ཁྱོན་ཅན་གྱི་ཚོང་གཉེར་བརྒྱུད་ནས་ཚོང་ར་ཅན་མངོན་འགྱུར་བྱས་པ་དང་། ཆེས་མཐར་ཐུག་གི་དམིགས་ཡུལ་ནི་ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་དང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་དེ་རེད།

མ་རྐང་མཉམ་ལས་ལམ་ལུགས་བསྒྱུར་བཀོད་ལ་སྐུལ་འདེད་དང་འཚོལ་ཞིབ་བྱེད་པ་དང་། འབྲོག་པས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བཞག་ནས་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་ཞུགས་པ། ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་ཅན་དང་རྒྱུ་ནོར་མ་རྐང་ཅན། ཐོན་ལས་ཆེད་ལས་ཅན། ཚོང་གཉེར་མཉམ་ལས་ཅན། མི་སྣ་གཅིག་གྱུར་བཀོད་སྒྲིག་བྱེད་པ། ཚོང་གཉེར་ཚོང་ར་ཅན་བཅས་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉས་བསྲེས་བྱས་ནས་ལྗང་མདོག་དང་ཕན་ནུས་མཐོ་བ། དེང་རབས་ཕྱུགས་ལས་འཕེལ་རྒྱས་བགྲོད་ལམ་དུ་བསྙེག་ན། དེ་ནི་མ་འོངས་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ངེས་བརྒྱུད་བགྲོད་ལམ་ཉག་ཅིག་རེད།

2018ལོའི་ཟླ་བཅུ་གཉིས་པའི་ཟླ་འགོར། སྦྲ་དཀར་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་མིང་མེད་པར་བཟོས་ནས། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་ཚོགས་སྤྱིའི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ལེགས་འགྲུབ་བྱུང་བའི་ཚོད་ལྟའི་སྡེ་བ་རུ་གྱུར། ད་ལྟ་རྫོང་དཔོན་གཞོན་པའི་འགན་བཞེས་ཡོད་པའི་འབྲུག་བྱམས་རྒྱལ་གྱིས་བཤད་རྒྱུར། འདི་ནི་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བསྒྱུར་བཀོད་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་བའི་རྒྱུ་ནོར་དབང་ཆ་འགན་སྲུང་བྱེད་པ་དང་། ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཚོགས་སྤྱིའི་ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་ནས། རྐྱེན་སྲོལ་བསྒྱུར་བ་དང་། ཚན་རིག་ལྟར་དོ་དམ་བྱེད་པའི་གོམ་སྟབས་གལ་ཆེན་དུ་བསྙེགས།

སྦྲ་དཀར་དཔེ་དབྱིབས་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། རྫོང་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལ་མིག་དཔེ་ལྟ་ས་དང་ཉམས་མྱོང་ཁྱབ་གདལ་དུ་གཏོང་སར་གྱུར་ཡོད། མིག་སྔར། རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་རེ་བཞིའི་ཁྲོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེ་གཉིས་ཀྱིས་ཕྱོགས་ཡོངས་ནས་ཐོན་ཁུངས་ཧྲིལ་བསྡུས་དང་མ་རྐང་བསྒྱུར་བཀོད་བྱ་བ་ཡོངས་འགྲུབ་བྱས་ཡོད་པ་མ་ཟད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སོ་དྲུག་གིས་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་དང་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཡོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དགུ་ཡིས་ཁྲིམས་འཛིན་དྲང་བདེན་གྱི་བྱ་བ་ཡོངས་འགྲུབ་བྱས་ཡོད་པ་དང་། དེའི་ཁྲོད་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་མཉམ་ལས་ཁང་བཅུ་གཅིག་གི་མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་གསུམ་ཡིན་པ་དང་། རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་ཞུགས་ཚད་སོ་སོར་བརྒྱ་ཆའི་གོ་གསུམ་གྲངས་ཆུང་བཞི་དང་བརྒྱ་ཆའི་གྱ་དགུ་གྲངས་ཆུང་བདུན་དུ་སླེབས་ཡོད།

ཀྲང་ཙི་ཡིས་བཤད་རྒྱུར། ཚོང་རར་ཁ་གཏད་ནས། མཉམ་ལས་ཁང་རིམ་པ་དང་པོ་ཅན་གྱིས་རིམ་འཕར་བྱེད་དཀའ་བ་ཞིག་རེད། ཐོན་ཁུངས་ཀྱི་ལེགས་ཆ་ཇི་ལྟར་རྐང་འཛུགས་པ་དང་། ས་ཁོངས་ཀྱི་ཁྱད་སྟོབས་འབུར་དུ་བཏོད་པ། རྩེ་ཁོག་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་ཚད་ཇེ་མཐོར་བཏང་ནས། ནུས་ཤུགས་ཡོད་དགུས་ཕྱུགས་ལས་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་སུ་གཏོང་བ་དང་། “དཔེ་སྟོན་ས་ཁུལ་དང་ཁེ་ལས་གཙོ་བོ། མཉམ་ལས་ཁང་། འབྲོག་པ་ཁྱིམ་ཚང”བཅས་ཐོན་ལས་ཅན་གྱི་ཚོང་གཉེར་རྣམ་པ་བཅས་ལ་སྐུལ་འདེད་བྱེད་པ་དང་། ཁེ་ལས་གཙོ་བོར་བརྟེན་ན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་ཟེར།

དེའི་ཕྱིར། རྩེ་ཁོག་རྫོང་གིས“དོ་དམ་ཨུ་ཡོན་ལྷན་ཁང་གཅིག་དང་ཐོན་ལས་དཔེ་སྟོན་ར་བ་གཉིས། དཔེ་སྟོན་ས་ཁུལ་གསུམ་དང་མིང་གྲགས་ཐོན་རྫས་བཅུ་དང་སྡེ་ཚན་རེ་བཞི”གསར་བཟོ་བྱེད་དགོས་པའི་རེ་བ་བཏོན། “ཨུ་ཡོན་ལྷན་ཁང་གཅིག”ནི་རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་དཔེ་སྟོན་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་རེད། “དཔེ་སྟོན་ར་བ་གཉིས”ནི་ཀྲུང་གོའི་ཤར་ཕྱོགས་འཛུགས་སྐྲུན་རྩེ་ཁོག་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་དཔེ་སྟོན་ར་བ་དང་། ནུབ་ཕྱོགས་འཛུགས་སྐྲུན་རྩེ་ཁོག་ཁྱད་ལྡན་ཞིང་ལས་རྒྱུ་ཆ་འདེབས་འཛུགས་དཔེ་སྟོན་ར་བ་གཉིས་རེད། “དཔེ་སྟོན་ས་ཁུལ་གསུམ”ནི་ནུབ་རྒྱུད་ས་ཁུལ་དུ་བོད་ལུག་གི་ཁྱད་སྟོབས་བཀོལ་ནས་གསོ་སྤེལ་དཔེ་སྟོན་ས་ཁུལ་དང་ནོར་གནག་གི་ཁྱད་སྟོབས་གསོ་སྤེལ་དཔེ་སྟོན་ས་ཁུལ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་རྒྱུ་ཆ་འདེབས་འཛུགས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད་འཐེན་པ་བཅས་རེད།

“ཁྱད་ལྡན་མིང་གྲགས་ཐོན་རྫས་བཅུ”གསར་བཟོ་བྱས། དེ་དག་ནི་རྩེ་ཁོག་ནོར་གནག་དང་བོད་ལུག ཤ་མོ་སེར་བོ། གྲོ་མ། ནས་ནག ལོག་དཀར། ལྕུམ་རྩྭ། སྦྲ་དཀར་དང་མཐོ་སྒང་གི་སྔོ་ཚོད་སོགས་ཁྱད་ལྡན་མིང་གྲགས་ཐོན་རྫས་བཅུ་རེད། “སྡེ་ཚན་རེ་བཞི”ནི་ད་ཡོད་ཀྱི་ཐོ་འགོད་བྱས་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་རེ་བཞི་ལ་བརྟེན་ནས། ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་སྡེ་ཚན་མང་པོ་འཛུགས་སྐྲུན་བྱས་པ་དང་། ནོར་ལུག་གསོ་ཁ་ན་ཡོད་ཚད་ལྟར་འདེགས་སྐྱོར་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ལ། ཆ་ཚང་སྒྲིག་ཆས་ཀྱི་དྲོད་ཁང་དང་། ཆུ་གློག་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པས། “སྦྲ་དཀར”དཔེ་དབྱིབས་དཔེ་མཚོན་ཅན་དུ་གྱུར་ལ། རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཐོན་སྐྱེད་ལ་སྐུལ་ཁྲིད་བྱས།

མིག་སྔར། མཚོ་སྔོན་ཞི་པེ་ཧོང་སྐྱེ་ལྡན་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་གཡེར་ཐང་མཐོ་སྒང་སྐྱེ་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་སོགས་ཤའི་ཐོན་རྫས་ལས་སྣོན་གྱི་ཁེ་ལས་གཙོ་བོར་རོགས་སྐྱོར་དང་གསོ་སྤེལ་བྱས་པ་བརྒྱུད། རྫོང་ཡོངས་སུ་ཞིང་ལས་ལ་འབྲེལ་བ་ཡོད་པའི་ཁེ་ལས་ཞེ་གསུམ་ཡོད་པ་མ་ཟད། དཔལ་འབྱོར་མཉམ་ལས་རྩ་འཛུགས་བཅུ་གསུམ་ལ་རོགས་སྐྱོར་བྱས་ཏེ་དཔེ་སྟོན་ས་ཁུལ་དུ་བསྡད་ཡོད་ལ། དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་དྲུག་ཅུ་ལ་སྣེ་ཁྲིད་བྱས།

ཁྱད་པར་དུ་ཅཱང་སུའུ་དང་ཀྲའེ་ཅང་། སི་ཁྲོན། བོད་ལྗོངས། ཀན་སུའུ། ཟི་ལིང་སོགས་ས་གནས་སུ་རྩེ་ཁོག་ཕྱུགས་ལས་ཐོན་རྫས་ཐད་འཚོང་ཁང་ཉེར་དྲུག་ཕྱེས་ཡོད་པ་དང་། ཐད་འཚོང་སྒེའུ་ཁུང་གྱ་གསུམ་ཡོད་པ་དང་། ཐོན་རྫས་ལས་སྣོན་ཕྱིར་འཚོང་ལ་མཉམ་འབྲེལ་བྱེད་པ་དང་ཐོན་ལས་ཅན་གྱི་ཚོང་གཉེར། སྐྱེ་ཁམས་སྲུང་སྐྱོབ་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ཕྱོགས་གཉིས་རྒྱལ་བ་མངོན་འགྱུར་བྱུང་།

དེ་དང་ཆབས་ཅིག “རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་རྩྭ་ཕྱུགས་མཉམ་སྒུལ་གྱི་འཕེལ་རྒྱས་བསམ་གཞིགས”ལྟར། རྩེ་ཁོག་རྫོང་གིས་གནོད་འགོག་ཕྱུགས་སྐྱོབ་ཀྱི་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་ལྷག་ཡོངས་འགྲུབ་བྱས་ཡོད་པ་དང་། གཟན་རྩྭ་སྐྱེལ་འདྲེན་ལྟེ་གནས་གཉིས། གཟན་རྩྭ་ལས་སྣོན་བྱེད་པའི་ཐོན་སྐྱེད་ལམ་ཐིག་གཉིས། གཟན་རྩྭ་རིགས་མང་པོའི་བཏབ་པའི་རྒྱ་ཁྱོན་ས་མུའུ་ཁྲི་བདུན་དང་སྟོང་ལྔ་རུ་སླེབས་ཡོད། མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་དྲུག་ཅན་གྱི་གཟན་རྩྭ་གསོག་འཇོག་ལྟེ་གནས་ལས་འགྲུབ་བྱས་ཡོད་ལ། གཟན་རྩྭ་མུས་རྒྱ་དཔངས་གྲུ་བཞི་ཁྲི་གཅིག་དང་བརྒྱད་བརྒྱ་གསོག་འཇོག་བྱེད་ཐུབ་པས། གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བའི་ནུས་ཤུགས་ལ་ཁག་ཐེག་བྱས།

ཀྲང་ཙི་ཡིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཚོགས་སྤྱིའི་ཐོན་དབང་ལམ་ལུགས་བཅོས་སྒྱུར་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྫོང་ཡིན་པའི་ཆ་ནས། རྩེ་ཁོག་རྫོང་གིས་སྦྲ་དཀར་དཔེ་དབྱིབས་ལ་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་རེ་བཞིའི་མི་སྣའི་མཚམས་འབྱེད་དང་དངུལ་དངོས་གཙང་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། སྲིད་འཛིན་སྡེ་བ་རེ་བཞི་ཡི་སྡེ་བ་རིམ་པའི་ནོར་སྲིད་དང་བརྟན་འཇགས་རྒྱུ་ནོར་རྩིས་བཤེར་བྱས་ཏེ་ཚད་ལྡན་དུ་བཏང་ལ། སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་རྩིས་ཐོ་ལེགས་འགོད་བྱས་པས། རྗེས་ཕྱོགས་ཀྱི་རྨོ་འདེབས་དང་རྩྭ་ས་འཁོར་རྒྱུག མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཅས་ཀྱི་ཚོང་གཉེར་འབྲེལ་ལམ་ལ་རྨང་གཞི་བརྟན་པོ་བཏིང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།