མདའ་བཞི་རྫོང་གསེར་ཐང་ཞང་ཏུང་ཏཱ་སྡེ་བའི་འགྱུར་ལྡོག
2019.01.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 68

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཞང་ཏུང་ཏཱ་སྡེ་བའི་རང་བྱུང་གི་ས་བབ་ཆ་རྐྱེན་ཞན་པ་དང་། ནམ་ཟླ་རྒྱུན་ལྡན་མ་ཡིན་པ་སོགས་རྒྱུ་རྐྱེན་གྱི་དབང་གིས་ཞིང་ལས་ཡོང་སྒོ་དམའ་བ་དང་། རྒྱུ་རྐྱེན་དེ་ལ་དམིགས་ནས་ཞིང་ཆེན་གྱིས་དབུལ་ཕོངས་རྫོང་དུ་གཏན་འཁེལ་བྱས། ཏུང་ཏཱ་སྡེ་བའི་རྗེས་ལུས་ཀྱི་རྣམ་པར་བསྒྱུར་བཅོས་གཏོང་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བསམ་གཞིགས་གང་མང་བཏང་བ་དང་། ཏང་ཡོན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་དལ་བུར་འཕེལ་རྒྱས་སུ་སོང་བ་དང་། ཉིས་སྟོང་བཅུ་བདུན་ལོར། ཏུང་ཏཱ་སྡེ་བ་དབུལ་ཕོངས་ལས་ཐར་བ་དང་། སྡེ་དམངས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་།

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། ས་གཞི་ཡོངས་ལ་དངུལ་དཀར་གྱིས་གོས་ལྭ་མནབས་པ་དང་མཚུངས་ཤིང་། མཁའ་དབྱིངས་སུ་ད་དུང་ཁ་བ་འབབ་གྱིན་འདུག ཏུང་ཏཱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡུག་ནམ་རྒྱུན་དང་འདྲ་བར་སྡེ་བའི་ནང་སོང་སྟེ། མཚམས་ལན་རེར་སྡེ་བའི་གསོ་སྤེལ་ར་བའི་གནས་ཚུལ་ལ་རྟོག་དཔྱོད་བྱས་པ་དང་། མཚམས་ལན་རེར་སྡེ་མིའི་ཁྱིམ་དུ་སོང་ནས་ཁ་བརྡ་བྱེད་ཞོར་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན།

ལོ་འདི་དག་རིང་གི་ཏུང་ཏཱ་སྡེ་བའི་འགྱུར་ལྡོག་གླེང་སྐབས། ཉིག་ཧྲིན་ཡུག་ལ་སེམས་ཚོར་ཆེན་པོ་ཡོད་པ་རེད། ཉིག་ཧྲིན་ཡུག་གིས་བཤད་རྒྱུར། ཏུང་ཏཱ་སྡེ་བར་ཁྱིམ་ཚང་བརྒྱ་དང་གོ་བདུན་དང་། མི་བདུན་བརྒྱ་དང་ལྔ་བཅུ་ཡོད་པ་རེད། སྔོན་ཆད་ཏུང་ཏཱ་སྡེ་བ་ནི་མཚོ་བྱང་ཁུལ་ཡོངས་སུ་ཆེས་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། ས་དེའི་མིས་བཤད་ན། ཏུང་ཏཱ་ཞེས་པ་འདི་གྲང་ངར་ཆེ་ས་ཞིག་ཡིན་པར་མ་ཟད། ད་དུང་རྡུང་རེས་རྒྱག་རྒྱུར་དགའ་བའི་ས་ཆ་ཞིག་ཡིན་པའི་རྐྱེན་གྱིས་སྡེ་བ་གཞན་གྱི་བུ་མོ་རྣམས་ས་འདིར་གནས་ཡོང་འདོད་མེད་པ་རེད། ད་ལྟ་སྡེ་བ་འཕེལ་རྒྱས་སུ་སོང་བ་དང་། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་བཟང་དུ་སོང་ཡོད་པས། ཁུལ་ཐོག་དང་རྫོང་ཐོག་ཏུ་བསྡད་ཡོད་པའི་སྡེ་མི་ལས་གཞན། སྡེ་བའི་ནང་སྡོད་པའི་ཁྱིམ་ཚང་བརྒྱ་དང་ལྔ་བཅུའི་ནང་། ཁྱིམ་ཚང་དགུ་བཅུར་རླངས་འཁོར་ཡོད་པ་དང་། ཏུང་ཏཱ་སྡེ་བར་མནའ་མ་ཡོང་མཁན་གྱི་བུ་མོ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ཟེར།

བཤད་སྲོལ་ལ། བྱ་བ་ལེགས་འགྲུབ་ཡོང་མིན་དེ། མགོ་ཁྲིད་བཟང་པོ་ཞིག་ཡོད་མེད་ལ་རགས་ལས་ཞེས་པ་བཞིན། སྡེ་བ་ཇི་ལྟར་འཕེལ་རྒྱས་གཏོང་དགོས་ཞེས་ན། གཙོ་བོ་བསམ་ཕྱོགས་བསྒྱུར་དགོས། བསམ་ཕྱོགས་བསྒྱུར་དགོས་ན་ཐོག་མར་ཏང་ཡོན་ལས་བྱེད་པ་ནས་མགོ་རྩོམ་དགོས། ཏང་ཡོན་ལས་བྱེད་པའི་བསམ་བློ་སྔོན་ཐོན་ཡིན་ན། འཕེལ་རྒྱས་ཀྱི་ལམ་ཕྱོགས་བཟང་པོ་རྙེད་སྲིད་པ་དང་། དེ་ལྟར་བྱས་ན་ད་གཟོད་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་། མང་ཚོགས་ལ་ཁེ་ཕན་བསྐྲུན་ཐུབ།

ཉིས་སྟོང་བཅོ་ལྔ་ལོའི་ལོ་མགོར། ཏུང་ཏཱ་སྡེ་བའི་ཀྲི་པུའུ་ཡིས་གྲོས་མོལ་བྱས་པ་བརྒྱུད། སྡེ་བའི་ནང་ཐོག་དང་པོའི་ཐུན་མོང་དཔལ་འབྱོར་གཉེར་བར་གྲ་སྒྲིག་བྱས་པ་དང་། རྗེས་ནས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཡང་བསྐྱར་སྡེ་བའི་ཐུན་མོང་ཚོགས་ཆེན་སྟེང་གྲོས་མོལ་བྱས་པ་བརྒྱུད།  ཁྱད་ཆོས་ལྡན་པའི་འདེབས་གསོ་མཉམ་ལས་བསྐྲུན་པ་ནས་མགོ་བརྩམས་པ་དང་། དེ་དང་ཆབས་ཅིག་ཏུ། ལག་རྩལ་མི་སྣས་རྒྱབ་སྐྱོར་དང་འབད་བརྩོན་གྱི་འོག་ནས་ཤ་མོ་འདེབས་འཛུགས་བྱེད་མགོ་བརྩམས། ལོ་གཅིག་གི་རིང་ལ། འདེབས་འཛུགས་ཚོད་ལྟ་ལེགས་འགྲུབ་བྱུང་། གཞི་ཁྱོན་ཅན་དུ་འགྲུབ་ཆེད། དེའི་རྗེས་སུ་ཉིག་ཧྲིན་ཡུག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཉིས་ཀྱིས་མ་དངུལ་བཏང་སྟེ་གསོ་སྤེལ་དྲོད་ཁང་ཞིག་ཕུབ་པ་དང་། དེ་ལྟར་ཏུང་ཏཱ་སྡེ་བའི་ཐུན་མོང་ཐོན་ལས་ཐོག་དང་པོ་བྱུང་། ཉིག་ཧྲིན་ཡུག་གིས་བཤད་རྒྱུར། མཉམ་ལས་ཁང་གི་གཞི་ཁྱོན་རིམ་བཞིན་རྒྱ་བསྐྱེད་པ་དང་། དེ་ནི་ནོར་ལུག་གཅིག་བསྡུས་ཀྱིས་འཚོ་གསོ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་བྱེད་པ། ཤ་མོ་འདེབས་འཛུགས་དང་། ལས་སྣོན། ཞིང་ལས་ཐོན་སྐྱེད་ལས་གཉེར་དང་འབྲེལ་བའི་ལག་རྩལ། ཆ་འཕྲིན་ཞབས་ཞུ་སོགས་གཞི་གཅིག་ཅན་གྱི་ཞིང་བའི་ཆེད་ལས་མཉམ་ལས་ཁང་ཞིག་ཏུ་གྱུར། སྡེ་བའི་མང་ཚོགས་རྣམས་མཉམ་དུ་ཕྱུག་པོར་བསྒྱུར་ཆེད། མཉམ་ལས་ཁང་བཙུགས་རྗེས། ཉིག་ཧྲིན་ཡུག་གིས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བརྒྱད་མཉམ་ལས་ཁང་དུ་ཁྲིད་ཡོང་བ་དང་། མི་རེར་ཟླ་རེར་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ཟླ་ཕོགས་བྱིན་ལ། ལོ་གཅིག་གི་ཟླ་ཕོགས་ཀྱི་འགྲོ་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་མོ་ཁྲི་གསུམ་ལས་མེད་ཀྱང་། མང་ཚོགས་རྣམས་ལ་ཡོང་སྒོ་ཡོད་པར་གྱུར།

ཏུང་ཏཱ་སྡེ་བ་ནི་རོང་མ་འབྲོག་གི་སྡེ་བ་ཞིག་ཡིན་པ་དང་། གསོ་སྤེལ་ལས་རིགས་ནི་སྡེ་བའི་ཐོན་ལས་གཙོ་བོ་ཡིན། སྡེ་བའི་ཐུན་མོང་དཔལ་འབྱོར་སྣ་གཅིག་ཡིན་པའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ཉིས་སྟོང་བཅུ་དྲུག་ལོར། ཏུང་ཏཱ་སྡེ་བ་ནས་གསོན་ཕྱུགས་བརྗེས་རེས་བྱེད་ས་ཞིག་བཙུགས་པ་དང་། ལོ་དེར་སྡེ་བའི་མང་ཚོགས་ཀྱིས་ཡོང་སྒོ་སྒོར་མོ་འབུམ་དྲུག་བླངས།

ཧྲུའུ་ཅི་ཉིག་ཧྲིན་ཡུག་ནི་ད་དུང་གསེར་ཐང་ཞང་གི་འཇོན་མི་གྲོས་དོན་ཚོགས་པའི་ཚོགས་མི་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར། གསེར་ཐང་ཞང་ཏང་ཨུ་དང་། སྲིད་གཞུང་གིས་ཏང་འཛུགས་སྐྲུན་བྱས་ནས་དབུལ་ཕོངས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེ་ཕྱོགས་གནས་བབ་འོག་ཏུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་དང་། འཇོན་མིའི་ཁྱིམ་ཆེན་དང་། ཆེད་ལས་མཉམ་ལས་ཁང་། སྒེར་གཉེར་ཁེ་ལས་སོགས་ཀྱིས་ཕྱུག་བསྒྱུར་ལམ་བུའི་སྟེང་ཕ་ཡུལ་ལ་དྲིན་ལན་འཇལ་བར་སྐུལ་སློང་བྱས་ལ། ཧུར་ཐག་གིས་དབུལ་ཕོངས་ཁྱིམ་ཚང་ངོས་འཛིན་བྱས་ནས་གནད་ཕིགས་དབུལ་སྐྱོར་ལ་རམ་འདེགས་བྱས་པར་མ་ཟད། གསེར་ཐང་ཞང་གི་འཇོན་མིའི་གྲོས་དོན་ཚོགས་པ་རྩ་འཛུགས་བྱས།

འཇོན་མིའི་གྲོས་དོན་ཚོགས་པའི་སྒོ་བྱང་འགེལ་བའི་ཉིན་མོ་དེར་ཞང་ཡོངས་ཀྱི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་གསུམ་དང་མཐའ་ཁུལ་དུ་གནས་པའི་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་ནས་འཇོན་མི་ང་དགུ་ངོས་འཛིན་བྱས།

ཉིག་ཧྲིན་ཡུག་དང་མཉམ་ལས་ཁང་གིས་མཉམ་གཅིག་ཏུ་དབུལ་ཕོངས་ཁྱིམ་ཚང་དགུ་ངོས་ལེན་བྱས་ཏེ། མཉམ་ལས་ཁང་གི་གསོ་སྤེལ་རྟེན་གཞིའི་ནང་བྱ་བ་བཀོད་སྒྲིག་བྱས་པ་དང་། མི་རེར་ཟླ་རེར་གླ་ཕོགས་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་བྱིན། ཉིག་ཧྲིན་ཡུག་གིས་གསར་འགོད་པར་བཤད་རྒྱུར། ལོ་འདི་གཉིས་ཀྱི་ནང་མཉམ་ལས་ཁང་གི་འཕེལ་རྒྱས་བཟང་ལ། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པར་རོགས་རམ་བྱེད་རྒྱུ་དེ་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་པས། ཁོ་ཚོ་རང་ཉིད་ཀྱི་ངལ་རྩོལ་ནུས་པར་བརྟེན་ན་ད་གཟོད་བརྟན་འཇགས་ཀྱི་ཡོང་སྒོ་བསྐྲུན་ཐུབ་ལ། དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་ལམ་དུ་ཞུགས་རྒྱུ་དེ་ཡང་དཀའ་མོ་ཞིག་མིན་པ་རེད་ཟེར།

ཏུང་ཏཱ་སྡེ་བ་ད་ལོ་ཞིང་སྡེ་འཕེལ་རྒྱས་ཀྱི་ཚོད་ལྟ་སྡེ་བའི་ནང་བཞག སྡེ་བའི་ཐུན་མོང་ཐོན་ལས་སྔར་ལས་འཕེལ་རྒྱས་གཏོང་ཆེད། ཉིག་ཧྲིན་ཡུག་གིས་སྡེ་བའི་ནང་གཅིག་བསྡུས་སྒོས་གསོ་སྤེལ་ཁུལ་ཞིག་སྒྲུབ་ཡང་། མ་དངུལ་དཀོན་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར། དཀའ་ངལ་ཡོད་ན་བྱེད་ཐབས་བཙལ་ནས་ཐག་གཅོད་བྱེད་དགོས། ཉིག་ཧྲིན་ཡུག་གིས་འཇོན་མིའི་གྲོས་དོན་ཚོགས་པ་བརྒྱུད་དེ་རྒྱ་ཆེའི་འཇོན་མིར་ཐབས་བཀོད་འཐེན་རོགས་བྱས། མཐའ་མར་འཇོན་ཐང་ཅན་གྱི་ཏང་ཡོན་ཞིས་ཡུག་ཧྥུའུ་དང་ཉིག་ཧྲིན་ཞང་གཉིས་བདམས་ནས་སྔོན་ལ་མ་དངུལ་གཏོང་བའི་རྣམ་པས་ཚད་གཞི་ཅན་གྱི་ལུག་གསོ་སའི་དྲོད་ཁང་བདེ་བླག་ངང་ཕུབ།

ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཏུང་ཏཱ་སྡེ་བའི་ཀྲི་པུའུ་ཡིས་རྨང་གསུམ་འཛུགས་སྐྲུན་བྱེད་པའི་ཁྲོད། ཏང་ཡོན་དཔུང་སྡེའི་དོ་དམ་དེ་ཕྱི་ཚུལ་ཙམ་དང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་པ་མི་བཟང་པའི་གནད་དོན་སོགས་ལ་དམིགས་ནས། ཏང་ཡོན་གྱི་བྱ་བ་བཟང་ངན་གང་ལས་རུང་སྐར་མ་སྣོན་འཕྲིའི་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། ཏང་ཡོན་གྱི་ཉིན་རྒྱུན་གྱི་དོ་དམ་ཇེ་དྲག་ཏུ་བཏང་བ་དང་། ཏང་ཡོན་གྱི་རང་འགུལ་བྱ་སྤྱོད་དང་། མང་ཚོགས་ལ་ཧུར་ཐག་གིས་ཞབས་ཞུ་སྒྲུབ་རྒྱུར་སྐུལ་སློང་བྱས། ཏང་ཀྲི་པུའུ་ཡིས་ཟླ་རེར་སྡེ་བའི་ནང་སྣེ་ཁྲིད་དེ་སྒྲུབ་པའི་དོན་དག་དང་མང་ཚོགས་ཀྱི་རེ་བ་རྣམས་རེའུ་མིག་ཏུ་བྲིས་པ་དང་། དོན་ཆུང་དང་ལེན་བྱེད་མཁན་ཡོད་པ་དང་། དོན་ཆེན་སྒྲུབ་མཁན་ཡོད་པ། དཀའ་གནད་ལ་དམིགས་གཏད་ཡོད་པའི་རྣམ་པ་གསུམ་གྱིས་ཏང་ཡོན་གྱིས་དོན་བཟང་སྒྲུབ་པ་དང་། དཀའ་གནད་སེལ་བ། རང་འགུལ་གྱིས་ཧུར་བརྩོན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱས།  སྡེ་བའི་ནང་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི་ཁོར་ཡུག་གཙང་སྦྲ་དང་། དབུལ་བོར་རོགས་སྐྱོར་དང་དཀའ་ངལ་ཅན་ལ་རོགས་རམ་བྱེད་པ། རྩོད་གླེང་འདུམ་འགྲིག འོས་འགན་ངལ་རྩོལ་སོགས་ཀྱི་ཐད་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཐག་གཅོད་བྱེད་དགོས་པའི་དོན་ཆུང་མང་པོའི་རིམ་པ་དགར་ཏེ། ཏང་ཡོན་ལ་རང་འགུལ་གྱིས་བྱ་བ་སྒྲུབ་ཏུ་བཅུག

སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་དང་། ངལ་རྩོལ་པ་ཞོར་ལས་ལ་འགྲོ་བ། བརྟན་འཇགས་ལ་སྲུང་སྐྱོབ། ལས་གཞི་བརྩོན་ལེན་བྱེད་པ་སོགས་སྡེ་བའི་ནང་གི་དོན་ཆེན་རྣམས་བྱ་བའི་ཁྱབ་ཁོངས་སུ་བཞག་ཏེ། སྡེ་བའི་བྱ་བ་ཡོངས་བསྒྲགས་བྱེད་སའི་སྟེང་ཁྱབ་བསྒྲགས་བྱས་པ་དང་། ཏང་ཡོན་གྱིས་སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་ལ་སྟོབས་ཤུགས་འབུལ་བར་སྣེ་ཁྲིད་བྱས། ངོས་ལེན་བྱེད་མཁན་མེད་པའི་དོན་དག་དཀའ་མོ་ཁ་ཤས་དེ་ཏང་ཀྲི་པུའུ་ཡིས་དོན་དངོས་གནས་ཚུལ་གཞིར་བཟུང་ནས་ཏང་ཡོན་གཅིག་ནས་གཉིས་ཡན་གཏན་འཁེལ་བྱས་ནས་ངོས་ལེན་བྱས་པར་མ་ཟད། ཀྲི་པུའུ་ཡིས་མཐུན་སྦྱོར་བྱས་ནས་ཡོངས་འགྲུབ་བྱེད་དགོས།

ཧྲུའུ་ཅི་ཉིག་དང་སྡེ་བའི་འཇོན་ཐང་ཅན་གྱི་ཏང་ཡོན་གྱི་སྣེ་ཁྲིད་འོག ཏུང་ཏཱ་སྡེ་བ་ཉིས་སྟོང་བཅུ་བུདན་ལོར་དབུལ་ཕོངས་ལས་ཐར་བ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བདུན་དང་བཞི་བརྒྱ་བཅུ་དྲུག་ལ་སླེབས། ད་ལྟའི་ཏུང་ཏཱ་སྡེ་བ་ནི་སྔོན་ཆད་ཀྱི་རྗེས་ལུས་སྡེ་བ་དེ་མ་ཡིན། འཇོན་ཐང་ཅན་གྱི་ཏང་ཡོན་གྱིས་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་། དོན་དངོས་སྒྲུབ་པས། མང་ཚོགས་རྣམས་ལ་ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་ཚོར་དུ་བཅུག་པ་དང་། ཏང་ཡོན་གྱི་སྣེ་ཁྲིད་འོག ཏུང་ཏཱ་སྡེ་བ་རུ་འཇོན་ཐང་ཅན་གྱི་མི་སྔར་ལས་ཇེ་མང་ནས་ཇེ་མང་དུ་གྱུར།

                                                                                                                        ལོ་ཙཱ། ཚེ་རིང་སྒྲོལ་མ།