དུང་དཀར་མཉམ་ལས་ཁང་གི་འཕོ་འགྱུར།
2019.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 127

ཕྱུགས་ལས་རྩྭ་ས་ཇེ་ཞན་དུ་གྱུར་བའི་གནད་དོན་དང་འཕྲད་སྐབས། མི་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་། རྩྭ་ཕྱུགས་དོ་མཉམ་དུ་གཏོང་བ་དེ་མཚོ་སྔོན་ལྷོ་ཕྱོགས་འབྲོག་ཁུལ་གྱི་མི་རྣམས་ཀྱིས་གནའ་ནས་རྙེད་པའི་ཐབས་ལམ་ཉག་གཅིག་རེད།

དེང་སྐབས། ཚོང་རར་རྐང་བཙུགས་ན། བཅོས་སྒྱུར་གྱི་སྟོབས་ཤུགས་རྩྭ་ཐང་གི་གྲུ་ཟུར་ཡོངས་སུ་ཁེབས་ཐུབ་ལ། རྩྭ་སའི་སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བ་དང་། ཕྱུགས་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ། འབྲོག་པའི་སྤུས་ཀ་མཐོ་བའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་གོམས་སྟབས་སྔར་ལས་ཇེ་བརྟན་དུ་འགྲོ་བ་དང་། ཞིང་ཆེན་ཏང་ཨུའི་བཏོན་པའི“ལྔ་བཞིའི་འཐབ་ཇུས”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱས་ན་བརྟན་འཇགས་སྒོས་འཕེལ་རྒྱས་བགྲོད་ལམ་དུ་སྙེག་ཐུབ།

 2018ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་ཉིན་གུང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་མི་རྣམས་དགའ་སྤྲོའི་འདུ་འཛི་ཁེངས། “སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྒོ་ཁར་རླངས་འཁོར་ཆུང་བ་བཅུ་ལྷག་གྲལ་དག་པའི་སྒོ་ནས་སྒྲིག་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཁང་དུ་སོང་བ་ན། ཚོགས་འདུ་ཁང་དུ་སྡེ་བའི་ལོ་གཅིག་གི་ཡོང་སྒོ་བགོ་བཤའ་རྒྱག་པའི་སྡེ་བའི་འཐུས་ཚབ་པས་གྲོས་མོལ་བྱེད་བཞིན་ཡོད་ལ། ཁོ་ཚོ་མི་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ཕན་ཚུན་ལ་དགོད་ཁ་སློང་བཞིན་བགོ་བཤའ་རྒྱག་པར་སྒུག་འདུག

དུང་དཀར་སྡེ་བ་ནི་རྩྭ་སའི་གཞི་རྒྱ་ཆུང་ལ་མི་གྲངས་མང་ནའང་། ཁོ་ཚོར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་རེད། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་བསོད་བྷ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དེ་དག་ཡོད་ཚད་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བདེ་ཐང་འཕེལ་རྒྱས་ལ་འབྲེལ་བ་ཡོད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྒོ་ཆུང་བརྒྱུད་ན། མིག་ལམ་དུ་མངོན་པ་ནི་མཉམ་ལས་ཁང་གི་ར་སྐོར་རེད། ར་སྐོར་གྱི་ཕྱོགས་བཞི་རུ་གཞུང་སྒྲུབ་ཁང་དང་ཕྱུགས་སྤྱིལ་ཁང་། གཟན་རྩྭ་གསོག་ཉར་ཁང་རིམ་པ་བཞིན་སྒྲིག་ཡོད་ལ། ཕྱུགས་སྤྱིལ་ཁང་བའི་ཕྱི་རོལ་དུ་བ་མོས་རྩྭ་ཟ་བཞིན་ཡོད་པ་དང་། གསར་དུ་རྩེབ་པའི་བེའུ་ས་ལྡིང་གནམ་ལྡིང་བྱེད་བཞིན་ཡོད། ཕྱུགས་གསོ་མཁན་གྱི་བུ་མོ་རྣམས་ཀྱིས་བྲེལ་འཚུབ་སྒོས་ནོར་ལ་གཟན་རྩྭ་སྟེར་བཞིན་ཡོད།

དགུན་གཞུང་དུ་རྩེབ་པའི་བེའུ་ཆུང་ཆུང་གླེང་སྐབས། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་བསོད་བྷ་ཡིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་ཡོངས་སུ། དགུན་དུས་བེའུ་རྩེབ་པའི་ཕྱུགས་ལས་མཉམ་ལས་ཁང་ང་ཚོའི་དུང་དཀར་མ་གཏོགས་གཅིག་ཀྱང་མེད། དགུན་ཚུགས་ནས་ད་བར་དུ་བེའུ་བཞི་བཅུ་ལྷག་རྩེབ་ཡོད་ཟེར།

2014ལོར་མཉམ་ལས་ཁང་རྒྱུན་ལྡན་གྱི་བགྲོད་ལམ་དུ་ཞུགས་པའི་ཚུན་ལ། ལོ་རེའི་ཟླ་བཅུ་གཉིས་པ་ནི་དུང་དཀར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ནོར་གནག་རྩེབ་པ་ཆེས་མང་པོའི་དུས་སྐབས་ཡིན། དེས་འབྲོག་པ་རྣམས་ཀྱིས་དེ་སྔོན་གྱི་ཉམས་མྱོང་ཁྲོད་ནོར་ལུག་དགུན་དུས་དང་དཔྱིད་དུས་རྩེབ་པའི་རྣམ་པ་དེ་དགུན་དུས་རྩེབ་པར་བསྒྱུར། བསོད་བྷ་ཡིས་བལྟས་ན། དེ་ནི་ཕྱུགས་རེས་མོས་སྒོས་འཚོས་པའི་ལེགས་སྐྱེས་ལྟ་བུ་རེད།

དུང་དཀར་མཉམ་ལས་ཁང་དུ་ཕྱུགས་རེས་མོས་སྒོས་འཚོ་བའི་ཆོས་ཉིད་དེ་སྔར་ལས་གསལ་བོར་གྱུར་ཡོད། ལོ་རེའི་ལོ་ཕྱེད་དུ་མཉམ་ལས་ཁང་གི་ནོར་གནག་སྟོང་གཅིག་དང་ལྔ་བརྒྱ་བརྒྱད་ཅུ་སྡེ་བའི་རྩྭ་ས་སྤྱི་ཆིངས་སྟོང་གཉིས་དང་དྲུག་བརྒྱ་བདུན་ཅུའི་སྟེང་འཚོ་བཞིན་ཡོད་པ་དང་། ཕྱུགས་འཚོ་མཁན་གྱིས་རྗེས་འདེད་བྱེད་བཞིན་ཡོད། ལོ་ཕྱེད་ཀྱི་དུས་ཚོད་ནང་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་གཟན་ཆས་ལ་བརྟེན་ནས་མཉམ་ལས་ཁང་གི་ཕྱུགས་སྤྱིལ་ཁང་བའི་ནང་གསོ་བཞིན་ཡོད། འཚོ་ཞོར་དུ་གཟན་གསོ་བྱེད་པའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བ་དང་། དུང་དཀར་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་འབྲོག་པ་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་གྱུར་ཡོད་ལ། རྩྭ་སའི་སྐྱེ་ཁམས་མངོན་གསལ་སྒོས་སླར་གསོ་བྱུང་ཡོད། བསོད་བྷ་ཡིས་བཤད་རྒྱུར། 2014ལོར་ཡོང་སྒོ་བགོ་བཤའ་ཐེངས་དང་པོར་རྒྱག་སྐབས། བགོ་བཤའི་ཡོང་སྒོ་སྒོར་འབུམ་བཞི་ཡོད་པ་དང་ད་ལོར་སྒོར་འབུམ་བདུན་དང་ཁྲི་གསུམ་དུ་སླེབས་ཡོད། ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་ལ་དེ་ལས་ཀྱང་གལ་ཆེ་བ་ནི། རྩྭ་སའི་གནས་ཀུན་ཏུ་ཕྱུགས་རྩྭ་སླར་གསོ་བྱུང་ཚད་ཇེ་བཟང་ཡིན་ལ། ཁོས་ཕལ་ཆེར་ལོ་ངོ་སུམ་ཅུའི་རིང་རྩྭ་སའི་སྐྱེ་ཁམས་འདི་ལྟར་སྐྱེ་སྟོབས་ཀྱིས་ཁེངས་བཞིན་པ་མཐོང་མ་མྱོང་ཟེར།

དེ་སྔོན་སྡེ་བའི་ནང་དུ་རྩྭ་སའི་རྒྱ་ཁྱོན་ག་འདྲ་ཡོད་པ་སུས་ཀྱང་གསལ་བོ་བཤད་མི་ཐུབ། འོན་ཀྱང་། བསོད་བྷ་ཡིས་གསལ་བོར་ཤེས་པ་ནི། སྐབས་དེ་ནི་ནོར་ལུག་གི་གྲངས་ཀ་ལྟར་དཔལ་འབྱོར་གྱི་སྟོབས་ཤུགས་བསྡུར་བཞིན་པའི་དུས་རབས་རེད། ནོར་ལུག་སྐར་ཚོགས་བཞིན་དུ་རྩྭ་སའི་སྟེང་ཁེངས་ཡོད་ལ། རྩྭ་ས་སླར་གསོ་བྱུང་ཐུབ་མེད། ལོ་བཅུའི་སྔོན་ལ། ཉིན་རེ་བཞིན་ཇེ་ཞན་དུ་འགྲོ་བཞིན་པའི་རྩྭ་ས་དང་ཕྱུགས་ཟོག་གསོན་ཚད་དམའ་བ་བཅས་ཀྱིས་འབྲོག་པ་རྣམ་ལ་བསམ་བློ་གསར་བ་གཏོང་དུ་བཅུག

དུང་དཀར་གྱི་ད་ལྟའི་གནས་བབ་ཐད། བསོད་བྷ་ཡིས་བལྟས་ན། 2012ལོ་ནས2014ལོའི་ལོ་གསུམ་གྱི་དུས་ཚོད་ནི་དོན་སྙིང་ལྡན་པའི་ལོ་གསུམ་རེད། 2012ལོར་མཉམ་ལས་ཁང་བཙུགས་པ་དང་། ནོར་ལུག་མ་རྐང་དུ་འཇོག་པ། ངལ་རྩོལ་ནུས་ཤུགས་གཞི་རྒྱ་ཆེ་བའི་བཅིངས་འགྲོལ་ཐོབ་ལ། རྩྭ་སར་ཡང་བཅིངས་འགྲོལ་ཐོབ། 2013ལོར། སྡེ་བ་ཡོངས་རྫོང་མཁར་གྱི་ཤར་ཕྱོགས་སུ་གཏན་སྡོད་བྱས། 2014ལོར། མཉམ་ལས་ཁང་གིས་ཐོག་དང་པོར་ཡོང་སྒོ་བགོ་བཤའ་བརྒྱབ་པ་དང་། མ་དངུལ་སྒོར་འབུམ་བཞི་འབྲོག་པ་རྣམ་ལ་བགོ་བཤའ་བརྒྱབ།

བསོད་བྷ་ཡིས་བཤད་རྒྱུར། སྡེ་བའི་ནང་དུ་རླངས་འཁོར་ཆུང་བ་ལྔ་བཅུ་ལྷག་ཡོད་པ་དང་། མི་མང་པོ་ཞིག་གིས་ཚོང་ལས་གཉེར་བཞིན་ཡོད། རྫོང་མཁར་གྱི་ཉེ་འགྲམ་དུ་ཚོང་ཁང་ཆེ་ཆུང་བཅུ་ཕྱེས་ཡོད་ལ། མཉམ་ལས་ཁང་གི་གྲུབ་འབྲས་ཡང་ཅུང་བཟང་བས། ང་ཚོའི་དབུལ་ཕོངས་སྡེ་བ་འདི་ལ་ད་ལྟ་སྤྲོ་ཉམས་རྒྱས་ཡོད། དུང་དཀར་གྱི་འགྱུར་ལྡོག་འདི་དག་ནི་མ་རྐང་ལམ་ལུགས་བསྒྱུར་བཀོད་དང་ལེགས་བསྡུས་ཞིབ་གཉེར་ཅན། ཚོང་ར་ཅན་བཅས་ཀྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་ལ། གུར་འོས་པའི་རང་བྱུང་ཁམས་དང་དེ་ལས་ཀྱང་འབྲལ་ཐབས་མེད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།