ཁ་བ་ལྷབ་ལྷབ་ཁྲོད་དུ་ཆེས་བཀྲག་མདངས་ཆེ་བ་ནི་ཏང་གི་དར་ཆ་རེད།
2019.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

བསྟུད་མར་ཉིན་འགར་རིབ་རྗེས། ད་ནི་གནམ་ངོ་ཡོངས་སུ་ཐང་སོང་བ་རེད། ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར།གསར་འགོད་པ་གནོད་སྐྱོན་ཚབས་ཆེ་བའི་ཡུས་ཧྲུའུ་བོད་རིགས་རང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་བརྡལ་གྱི་སྡེ་བ་བཅུ་གཅིག་པ་དང་སྡེ་བ་དགུ་བར་བཅར་འདྲིར་ཕྱིན།
     རྒྱལ་ལམ་314སྟེང་གི་ཁངས་ཞུ་ནས། རླངས་འཁོར་རྒྱུག་པར་བཀག་འགོག་ཅི་ཡང་མེད། ལམ་བར་དུ་དྲིན་ཆེན་གྲོང་བརྡལ་གྱི་འགོ་གཙོ་བསོད་ནམ་རྒྱ་མཚོ་ཡིས་ང་ཚོར་སྡེ་བ་དགུ་བའི་གནས་ཚུལ་ངོ་སྤྲོད་བྱས། "སྔོན་ཆད་ཀྱི་ཉམས་མྱོང་ལྟར་དུ་ཁངས་གནོད་མ་བྱུང་བའི་སྔོན་ནས་ཞིང་ཆེན་དང་ཁུལ། རྫོང་དང་གྲོང་བརྡལ་གྱི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་ཐེངས་མང་པོར་གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བར་གཅིག་གྱུར་བཀོད་འདོམས་བྱས་ཡོད་ཅིང་ཁངས་གནོད་ལ་ཁ་གཏོད་པའི་བསམ་བློའི་གྲ་སྒྲིག་ལེགས་པོ་བྱས་ཡོད། དྲིན་ཆེན་གྲོང་བརྡལ་གྱི་སྡེ་བ་དགུ་བ་ནི་གནད་ཆེ་བའི་དབུལ་ཕོངས་སྡེ་བ་ཡིན་ལ། ཐེངས་འདིའི་གནོད་འཚེ་ཚབས་ཆེན་བྱུང་བའི་སྡེ་བའི་ནང་གི་གཅིག་ཀྱང་རེད། སྡེ་བའི་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ད་ལྟ་ད་དུང་ཁངས་གནོད་སེལ་བའི་ལས་ཡུལ་དང་པོ་ནས་འབད་འཐབ་བྱེད་ཀྱིན་ཡོད།"  
     གསར་འགོད་པ་སྡེ་བའི་ནང་དུ་ཐོན་དུས་ཕལ་ཆེར་ཉིན་གུང་ལ་སླེབས་འདུག ཕྱོགས་བཞི་མཚམས་བརྒྱད་ཁ་བས་གཡོགས་པའི་དཀར་ལམ་ལམ་གྱི་འཇིག་རྟེན་ན་ཆེས་མཛེས་སྡུག་གི་རི་མོ་ཞིག་ཡོད་པ་དེ་ནི་ལྷབ་ལྷབ་སྐྱོད་པའི་རྒྱལ་དར་ཅིག་དང་། ཏང་གི་དར་ཆ་ཅིག  ཏང་ཡོན་ལས་བྱེད་པ་ཉི་ཤུ་སུམ་ཅུ་ལྷག་དང་འབྲོག་པ་མང་ཚོགས་ཀྱིས་ལག་ཏུ་ལྕགས་ཁེམ་བཟུང་ནས་གཞུང་ལམ་སྟེང་ཆགས་པའི་ཁངས་འདྲེད་བཞིན་པའི་སྣང་ཚུལ་དེ་རེད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། "གནོད་འཚེ་ཐེབས་རྗེས། སྡེ་བ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོ་ན་འབད་འཐབ་བྱེད་བཞིན་ཡོད། ཟླ་གཉིས་པའི་ཚེས་གསུམ་ཉིན་ནས་བཟུང་། ཁལ་འཁོར་འཕྲུལ་ཆས་ཀྱིས་སྡེ་བའི་གཞུང་ལམ་གཙང་སེལ་བྱེད་མགོ་བརྩམས། ཁོ་ཚོའི་བྱ་བའི་རྒྱུ་རིམ་ནི་འཕྲུལ་ཆས་ཀྱིས་སྔུན་ནས་ཁངས་འདེད་པ་དང་། ལས་བྱེད་མང་ཚོགས་ཀྱིས་དེའི་རྗེས་སུ་ཁངས་འདྲེད་པ། གཟན་ཆས་དབོར་འདྲེན་རླངས་འཁོར་བདུན་བརྒྱད་ཞིག་དང་། བུད་ཤིང་དྲུད་པའི་རླངས་འཁོར་རྗེས་དེད་ནས་ཡོང་རྒྱུ་དེ་རེད། དེ་ལྟར་སྡེ་དམངས་སྡོད་སའི་ལུང་པ་བདུན་ཁྲོད་ཀྱི་ལུང་པ་ལྔའི་ལམ་ཕུད་པ་དང་ལུང་པ་གཉིས་ཀྱི་ལམ་ད་དུང་ཕུད་བཞིན་པའི་སྒང་རེད། གནོད་འཚེ་མ་ཐེབས་སྔོན་ལ་གསོག་འཇོག་བྱས་པའི་གཟན་རྩྭ་རྣམས་སྔ་རྗེས་སུ་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་འབྱོར། མང་ཚོགས་སྐོར་ཞིག་དང་སྒོ་ཟོག་འགའ་རེ་སྡེ་བའི་ཏང་ཀྲི་པུའུ་ཡི་ཏང་ཡོན་བྱ་འགུལ་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད།

"དངོས་ནས་དཀའ་མོ་རེད། ཟླ་གཉིས་པའི་ཚེས་ལྔའི་ནམ་གུང་གི་དུས་ཚོད་གཅིག་སྟེང་ང་ཚོ་མི་སྐོར་ཞིག་སྡེ་བའི་ལྷས་ཆེན་གོང་མ་ལུང་བ་རུ་སོང་སྟེ་དེ་གའི་གཞུང་ལམ་ངོས་ཀྱི་ཁ་བ་གཙང་སེལ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་དུ་སོང་། ཞོགས་པའི་དུས་ཚོད་དྲུག་བར་དུ་འབད་བརྩོན་ལྷོད་མེད་བྱས་མཐར་ད་གཟོད་རྒུད་སྐྱོབ་དངོས་རྫས་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ཐུབ་པ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་ཕྱིར་ལོག་པའི་ལམ་སྐབས་སུ་ཁ་བ་ཡང་བསྐྱར་བབས་བྱུང་བས། དེ་སྔ་གཙང་སེལ་བྱས་པའི་གཞུང་ལམ་གྱི་ངོས་ལ་ཡང་བསྐྱར་ཁ་བ་ཆགས་པས། ང་ཚོ་ཚང་མ་ལམ་བར་དུ་ལུས་སོང་ལ། སྡེ་བའི་ཀྲུའུ་རིན་གྱི་རླངས་འཁོར་གྱི་འཁོར་ལོ་སྔུན་མ་གཉིས་ཀྱང་གས་སོང་པས། ཉིན་གཉིས་པའི་ཕྱིར་དྲོའི་དུས་ཚོད་ལྔའི་བར་ང་ཚོ་སྤྱི་ལེ་དགུ་ཙམ་གྱི་ལམ་ཐག་ལ་མ་གཏོགས་འགྲོ་མ་ཐུབ། ཉིན་དེའི་དོན་དག་གླེང་ཚེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཀྱི་མིག་ལམ་དུ་ད་དུང་གསལ་ལྷང་ངེར་འཆར། དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་རུང་སྡེ་བ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ན་ཕྱིར་སྣུར་བྱེད་མཁན་གཅིག་ཀྱང་མེད་ལ། ཁ་བ་བུ་ཡུག་ཅི་ཙམ་རྒོད་ནའང་ཁོ་ཚོའི་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ངར་ཐུགས་ཡལ་མེད། ཚེ་སྐྱབས་ཀྱིས་མང་ཚོགས་ཁྲོད་ཀྱི་སྐྱེས་བུ་ཞིག་བསྟན་ནས་གསར་འགོད་པར་བཤད་རྒྱུར། "ཁོ་ནི་ཚེ་རིང་རྒྱལ་མཚན་རེད། ཉིན་འདི་ཚོར་ཁོའི་རང་ཉིད་ཀྱི་རླངས་འཁོར་བསྐོར་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལམ་དུ་འབད་པ་བྱེད་བཞིན་ཡོད། ཁོའི་མི་སྒེར་གྱི་རླངས་འཁོར་གཞུང་དོན་དུ་བཀོལ་བ་དང་། ཉིན་ལྔ་ལ་བསྟུད་མར་སྤྱི་ལེ་སུམ་བརྒྱ་ཙམ་ལ་རྒྱུགས་པ་རེད། རླངས་འཁོར་གྱི་སྣུམ་ལྡུག་པའི་འགྲོ་གྲོན་ཡོད་ཚད་ཁོ་རང་ཉིད་ཀྱི་ཕུད་པ་རེད། ཁོ་རང་གི་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་མོད། ཡིན་ནའང་ཁོའི་འདི་ལྟར་ཡོད་ཚད་བློས་གཏོང་བཞིན་མཆིས། "
       ཁ་བ་གཅིག་རྗེས་གཉིས་མཐུད་དུ་བབས་བྱུང་། ཡིན་ནའང་ང་ཚོས་སེམས་འཁུར་བྱས་མ་མྱོང་། ཏང་ཨུ་སྲིད་གཞུང་ནི་ང་ཚོའི་སྟོབས་དང་ལྡན་པའི་རྒྱབ་རྟེན་གཙོ་བོ་དེ་ཡིན། ཏང་ཡོན་གྱིས་དཔེ་སྟོན་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁ་བའི་གནོད་འཚེ་སེལ་བས་མང་ཚོགས་སྔར་ལས་མང་པོ་ཞིག་ཀྱང་ལས་ཀའི་ཁྲོད་ཞུགས་པ་རེད། གཞུང་ལམ་ལ་བཀག་རྒྱ་མེད་པར་ཕར་འགྲོ་ཚུར་འོང་བྱེད་ཐུབ་སོང་ན་ད་གཟོད་ང་ཚོ་ཁྱིམ་ཚང་རེ་རེའི་ནོར་ལུག་ལ་འགན་སྲུང་བྱེད་ཐུབ་ཞེས་ཚེ་རིང་རྒྱལ་མཚན་གྱིས་གསར་འགོད་པར་བཤད། སྡེ་བ་དགུ་བའི་ཁངས་གནོད་སེལ་བའི་ཁྲོད་གུང་ཁྲན་ཏང་ཡོན་གྱིས་སྔོན་ཐོན་དང་མིག་དཔེའི་ནུས་པ་ཐོན་ཡོད་ལ། རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་བསྐྱེད་ནས་བློ་སེམས་རྩེ་གཅིག་གིས་སྡེ་བ་ཡོངས་ཀྱི་གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བའི་ཁྲོད་འབད་འཐབ་བྱེད་བཞིན་ཡོད། ཟླ་དང་པོའི་ཚེས་ཉེར་བརྒྱད་ནས་ཟླ་གཉིས་པའི་ཚེས་གཉིས་ཉིན་བསྟུད་མར་ཉིན་མཚན་བཅུ་ལ་གནོད་སེལ་རྒུད་སྐྱོབ་བྱས་ཏེ་གཅིག་གིས་ཀྱང་མིག་བཙུམས་མ་མྱོང་།   
      " ང་ཚོའི་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་གྱིན་པའི་སྡེ་བ་ཞིག་ཡིན་ལ། ཁྱིམ་ཚང་རེ་རེ་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད།ཁངས་ཆག་ལྷུང་བས་ནོར་ལུག་ལ་རྩྭ་ཟ་རྒྱུ་མེད་པར་གྱུར་བ་དང་། ཁངས་ཀྱིས་ལམ་བཀག་པར་བརྟེན་གཟན་རྩྭ་ནང་འདྲེན་བྱེད་མི་ཐུབ་པས། ནོར་ལུག་མང་པོ་འཆི་ཉེན་ལ་ཐུག སྔོ་འབུད་པར་ད་དུང་ཟླ་གསུམ་ལྷག་གི་དུས་ཚོད་ཡོད་པས། གནོད་སེལ་རྒུད་སྐྱོབ་ཀྱི་ལས་འགན་ད་དུང་སྔར་ལས་ལྗིད་ཅིང་ལམ་ཐག་དེ་ལས་ཀྱང་རིང་།

ང་ཚོའི་ལས་དགོས་པ་ནི་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ཏེ། ཧུར་ཐག་འབད་ཐག་གིས་མང་ཚོགས་ཀྱི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས་པ་དེ་རེད། ནོར་གཅིག་དང་ལུག་གཅིག་ཡིན་ནའང་མང་ཚོགས་ལ་མཚོན་ན་དེ་ནི་ཆེས་ཆེ་བའི་ཁེ་ཕན་ཡིན་པས། ང་ཚོས་བློས་བཏང་བར་རིན་ཐང་ལྡན་པ་ཞིག་རེད་"ཅེས་ཚེ་སྐྱབས་ཀྱིས་དེ་ལྟར་བཤད།
       སྡེ་བའི་འབྲོག་མི་ཐར་ཤུལ་སྡོད་ས་ནི་ལམ་ཐག་རིང་ཞིང་མཐའ་འཁོབ་ཀྱི་ས་ཞིག་ཡིན་པས་ཁོ་ཚང་གི་སྒོ་ཁར་གཟན་ཆས་དུས་ཐོག་ཏུ་ཐོན་ལ་དེ་ནི་ཏང་དང་སྲིད་གཞུང་གི་ཐུགས་འཁུར་དང་རོགས་རེམ་བྱས་པ་ལས་བྱུང་བ་རེད། ཁོས་བཤད་རྒྱུར། "ད་ལྟ་འབྲོག་ཁུལ་གྱི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་། རོགས་སྐྱོབ་ཀྱི་སྒྲིག་ཆས་སྔོན་ཐོན་ཡིན་པས། གནོད་འཚེ་ཙམ་གྱིས་ང་ཚོ་ཕམ་པར་གཏོང་མི་སྲིད་"ཟེར། བཅར་འདྲིར་ཁྲོད་ང་ཚོའི་ཤེས་པ་ལྟར་ན། གནོད་ཐེབས་ས་ཁུལ་དུ་དྲིན་ཆེན་གྲོང་བརྡལ་གྱི་སྡེ་བ་དགུ་བའི་སྣང་ཚུལ་དེ་ག་ས་གང་དུའང་མཐོང་ཐུབ། ཁྲི་འདུ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་ཀྲིན་གྱིས་བཤད་རྒྱུར། གནོད་འཚེ་བྱུང་རྗེས་སུ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། ཏང་ཡོན་གྱིས་རང་འགན་ཕྲག་ཏུ་བླངས་ཏེ་ཐོག་མའི་དུས་ཚོད་ནང་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ལ་ཞུགས་པ་དང་། མང་ཚོགས་དང་མཉམ་དུ་འབད་འཐབ་བྱས་ནས་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་དང་། ཏང་ཡོན་གྱི་སྔོན་ཐོན་དཔེ་ལེགས་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས། གནོད་སེལ་ཕྱུགས་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་ང་ཚོས་ཏང་ཡོན་ལས་བྱེད་པས་རང་འགུལ་སྒོས་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་མངོན་དགོས་ལ། གནས་ཡུལ་གལ་ཆེན་དང་། ཁོར་ཡུག་གལ་ཆེན་དུ་ཏང་གི་དར་ཆ་བཙུགས་ནས། མི་དམངས་མང་ཚོགས་ལ་དུས་དང་རྣམ་པ་ཀུན་དུ་ཏང་གི་སྣེ་ཁྲིད་ཀྱི་ནུས་པ་མཐོང་དུ་འཇུག་དགོས་པ་དང་། ཏང་རྩ་འཛུགས་ཀྱིས་གནད་འགག་གི་སྐབས་སུ་སྐུལ་སློང་དང་ཐུགས་འཁུར་བྱེད་བཞིན་པ་མངོན་པར་མཚོན་དགོས་པའི་རེ་བ་བཏོན།

ཁྲི་འདུ་རྫོང་ཨུའི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། མིག་སྔར་རྫོང་ཡོངས་སུ་སྔ་གཞུག་ཏུ་ཏང་ཡོན་སྟོང་གཅིག་དང་ཉིས་བརྒྱ་དྲུག་བཅུ་ལྷག་རྩ་འཛུགས་བྱས་ནས།  " ཚེ་སྲོག་གི་ལམ་ཁ་བརྟོལ་བ་དང་། རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་"བཅས་ཏང་ཡོན་འཕྲལ་རྒོལ་རུ་ཁག་སོ་གསུམ་ལྷག་རྩ་འཛུགས་བྱས་ནས། གནོད་ཐེབས་ས་ཁུལ་ཡུལ་དངོས་སུ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྤེལ་བར་མ་ཟད།  མང་ཚོགས་རང་སྐྱོབ་དང་།  གཞུང་ལམ་ཤར་གཏོང་། དངོས་རྫས་སྐྱེལ་འདྲེན་བྱེད་པར་རོགས་འདེགས་བྱེད་པར་སྐུལ་སློང་བྱས།
                                                                                                                                      ལོ་ཙཱ་བ། སྐར་མ་མཚོ།