---མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་སྐོར་བཀོད་པ།
ལོ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྣོད་བཅུད་སྲུང་སྐྱོབ་སྔོན་ལ་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་བ་གཏོད་པ”བཅས་ཀྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་བྱིས་པ་ས་ཡ་དྲུག་གིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་འབུམ་བདུན་དང་ཁྲི་གཉིས་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་མཐོ་དང་། འབྲི་ཆུ། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་སྔོ་ཞིང་དྭངས་བའི་རི་ཆུ་རྨང་གཞིར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཙོ་བོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀྲག་མདངས་འཚེར་སར་བྱེད་པ་བཅས་བྱས་ཏེ། མཛེས་སྡུག་ལྡན་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མཚོ་སྔོན་གསར་པ་བསྐྲུན་རྒྱུའི་འཆར་གཞི་ཞིག་བཏིང་བ་རེད།
མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཁྲོད་ཞུགས་པའི་བདམས་ཐོན་པ་ཚོས་མཚོ་སྔོན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་པད་ཁའི་ཞིང་འགྲམ་ནས་བསྐྱོད་བཞིན་པ།
ལོ་གསུམ་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས‘མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས’ཞེས་གསུངས་མྱོང་ཡོད་ལ། ད་ལྟ་མཚོ་སྔོན་དུ་འདུ་ཤེས་དེ་མི་རྣམས་ཀྱི་སེམས་གཏིང་དུ་ཟུག་ཡོད”ཅེས་དེ་སྔོན་ཚོགས་ར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་མྱོང་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི་པི་ཧྲེང་ཀྲུང་གིས་བཤད།
ལོ་ངོ་གསུམ་གྱི་རིང་། གཙང་གསུམ་འགོ་ཁུངས་ནས་མདོ་ལ་རིང་མོའི་བར་དང་མཚོ་སྔོན་པོ་ནས་ཁུ་ནུ་རི་བོའི་བར་མཚོ་སྔོན་གྱི་ས་མཐོའི་སྣོད་བཅུད་མ་ལག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་རེར་ལས་གནས་རེའི”སྣོད་བཅུད་བདག་སྐྱོང་བ་ཡོད་པ་དང་འབྲོག་པ་ཁྲི་གཅིག་དང་སྟོང་བདུན་གྱིས་ཕྱུགས་འཚོ་མཚམས་བཞག་སྟེ་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་གསོག་འཇོག་བྱེད་བཞིན་ཡོད། གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་དུ2018ལོ་ཁོ་ནར་ས་མུའུ་ས་ཡ་བཞི་དང་ཁྲི་གཅིག་ལ་ནགས་སྐྲུན་བྱས་པས་ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་དྲུག་ཟིན་པ་དང་ཆུ་ངོས་དང་། འདམ་ར། ནགས་ཚལ་དང་སྤང་ཐང་བཅས་ཡོད་པའི་སྔོ་ལྗང་རི་ཆུའི་བསྡུར་གྲངས་བརྒྱ་ཆའི་བདུན་ཅུ་ལྷག་ཙམ་ཟིན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཀྲུང་གོའི་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་ཏེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་མཚོ་སྔོན་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་བ་བྱེད་དགོས་ཞེས་གསུང་བཤད་གནང་ཡོད”ཅེས་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་དེ་ལྟར་བཤད།
འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཚང་མ་མེད་པ་བཟོས་པ་དང་། མཚོ་སྔོན་པོའི་བྱ་གླིང་དང་བྱེ་གླིང་། གཉན་པོ་གཡུ་རྩེ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལས་རིགས་སྤེལ་མཚམས་བཞག་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ཁུལ་དུ“ཁྲིམས་འགལ་ངང་འགྲོ་རྒྱུ་བཀག་སྡོམ”བྱས་པ། སྣོད་བཅུད་སྲུང་སྐྱོང་བྱ་ཆེད་གཙང་གསུམ་འགོ་ཁུངས་ཀྱི་འབྲོག་པ་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཅིག་གནས་སྤོར་བྱས་ཏེ། དུས་ནམ་ཡིན་རུང་སྣོད་བཅུད་སྲུང་སྐྱོབ་སྔོན་ལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།
2019ལོར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་འཚོལ་ཞིབ་བྱས་ཏེ། འཛམ་གླིང་གི་སྣོད་བཅུད་ཁོར་ཡུག་ལ་སྐུལ་འདེད་གཏོང་རྒྱུ་རེད།
ལོ་ཉེར་གཅིག་ལ་སླེབས་པའི་ཆི་ཚའེ་ལིན་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སན་ཧོ་གྲོང་རྡལ་ཡར་ལངས་སྡེ་བའི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། 2016ལོའི་དགུན་གནང་སྐབས་སུ་ཕ་ཡུལ་དུ་ལོག་ནས་ཡུལ་གཞན་དུ་གནས་སྤོར་བྱས་པའི་ཁང་བ་གསར་པ་མཐོང་བས་སེམས་ནས་དགའ་སྤྲོ་ཆེན་པོ་སྐྱེས། རྒྱུ་མཚན་ནི། “ལོ་ངོ་ཉི་ཤུ་ཙམ་ལ་ས་ཁང་ནང་བསྡད་པ་དང་། ཆུ་མེད་པའི་སྤྱོད་ཁང་བཀོལ་བ། རྡོ་སོལ་དང་ལྕི་བ་འབུད་ཤིང་བྱེད་པ་བཅས་ཀྱི་འཚོ་བ་མཇུག་སྒྲིལ་ནས་ཐོག་བརྩེགས་དྲུག་ཅན་གྱི་རྒྱ་ཆེ་ཞིང་གཙང་སྦྲ་ལེགས་པོའི་གྲོང་ཁྱེར་གྱི་ཐོག་ཁང་དུ་བསྡད་པ་མ་ཟད་སྒྲིག་ཆས་ཆ་ཚང་ཡོད་ལ། ཁྱིམ་གྱི་སྒོ་ཁར་སློབ་གྲྭ་ཡོད་པ་དང་ལོ་ལོན་རྣམས་ཀྱི་ནད་ལ་སྟོན་པར་སྟབས་བདེ་གང་ལེགས་བྱས་ཡོད།”
མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ལས་དོན་མི་སྣ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བའི་དབྱར་དུས་ཀྱི་འབྲོག་རར་ཡོང་ནས་ཡུལ་དེ་གའི་སྡེ་བ་བཅུ་གཅིག་གི་འབྲོག་པ་ཉིས་བརྒྱ་ལྷག་ལ་གད་སྙིགས་གཙང་སེལ་གྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཤིང་། འབྲོག་པ་ལྕགས་བྱམས་རྒྱལ(གཡས་ཀྱི་མདུན་ངོས)གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆད་ཁྲིད་ཉན་བཞིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ལེགས་པོ་སྒྲུབ་དགོས་པའི”དགོངས་དོན་གྱི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥུང་ཧྲེང་གིས2017ལོར་གཏན་འཁེལ་བྱས་པའི་དབུལ་ཕོངས་རྫོང་བདུན་གྱིས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། 2018ལོར་གཏན་འཁེལ་བྱས་པའི་རྫོང་བཅུ་གཉིས་ཀྱིས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རེ་བ་བྱས་ཡོད། ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལས་གཞི་སྤྱིའི་བརྒྱ་ཆའི་གོ་བདུན་ལེགས་གྲུབ་བྱས་ཡོད། 2013ལོའི་ཚུན་དུ་མི་གྲངས་ས་ཡ་དྲུག་ཙམ་ལས་མེད་པའི་མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་ལྟར་ན་དབུལ་ཕོངས་མི་གྲངས་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་གསུམ་ཇེ་ཉུང་དུ་སོང་ཡོད་པ་དང་། དབུལ་བོར་གྱུར་ཚད2012ལོའི་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་བཞི་ནས2018ལོའི་ལོ་མཇུག་ཏུ་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་རུ་མར་ཆགས་ཡོད་ཅེས་མཚམས་སྦྱོར་བྱས།
ལོ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ཤར་གྱི་ཁྱིམ་ཚང་དབུལ་བོའི་སློབ་མ་དང་བོད་རིགས་ས་ཁུལ་གྱི་སློབ་མ་ཡོངས་ལ་ལོ་བཅོ་ལྔའི་རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བྱས་པ་དང་། སློབ་མཚམས་མི་ཆད་པ་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་རྒྱུར་གཅིག་སྡུས་སྒོས་སྐུལ་འདེད་བཏང་སྟེ་སློབ་བྱོལ་སློབ་མ་ཁྲི་གཉིས་དང་སྟོང་བདུན་ཉིས་བརྒྱ་དོན་གཅིག་སླར་ཡང་སློབ་གྲྭར་ཞུགས་ཐུབ་པ་དང་། འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་བདུན་གཅིག་བར་འཕར་ལ། བོད་རིགས་ས་ཁུལ་གྱི་སློབ་མ་སྟོང་དྲུག་ལྷག་ཡུལ་གཞན་དུ་སློབ་གྲྭ་འགྲིམ་ཐུབ་པ་བྱུང་།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་སྣ་ཆོས་དབྱིངས་རྒྱལ་མཚན་གྱིས་བཤད་རྒྱུར། ད་ལྟ་མུ་རི་གཏེར་ཁུལ་ལེགས་སྒྲིག་བྱས་ནས་རྩྭ་བཏབ་པ་དང་སྣོད་བཅུད་ཕྱུགས་ལས་ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ས་རེས་སྐོར་བྱས་ཏེ་ཕྱུགས་འཚོས་པས། རྩྭ་ས་སྔོ་ལྗང་ཅན་དུ་གྱུར་བ་མ་ཟད་ནོར་ལུག་ཇེ་ཉུང་དུ་སོང་ཡོད་པ་དང་། རིན་གོང་མཐོ་རུ་སོང་བ་བཅས་ལས་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད་ཟེར།
མུ་རི་གཏེར་ཁུལ་གྱི་འགྱུར་ལྡོག་ནི་མཚོ་སྔོན་གྱིས་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་ཀྱི་གྲུབ་ཆའི་རིམ་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་ནན་བཤད་གནང་བར་བརྟེན་མཚོ་སྔོན་གྱིས་སྣོད་བཅུད་བཟང་བའི་ཞིང་ཕྱུགས་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གསར་པ་གཙོ་བོར་བྱེད་པ་བཅས་ཀྱི་ལྗང་མདོག་ཐོན་ལས་ཀྱི་གྲུབ་ཆ་གཏན་འཁེལ་བྱས་ཏེ། མདོ་དབུས་མཐོ་སྒང་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་འབྲོག་རར་ལུག་ཁྱུས་རྩྭ་ཆུར་རོལ་བཞིན་པ།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དུ་ཆེད་ལས་མཉམ་ལས་ཁང་སྲིད་འཛིན་སྡེ་བ་ཡོངས་ལ་ཁྱབ་པ་དང་། འབྲི་གཡག་དང་ནས། འཕང་འབྲས་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱས་ཚད་བརྒྱ་ཆའི་ང་དྲུག་ཟིན་ཡོད།
2018ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་བཞི་ལྷག་སྣེ་ལེན་བྱས་པ་དེ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་ལྡབ་བདུན་ཙམ་རེད། ད་ལྟ་ཡུལ་སྐོར་བའི་མི་གྲངས་དང་སྤྱིའི་ཡོང་འབབ་གཉིས་ཀ་འཕར་ནས་རོང་འབྲོག་པ་འབུམ་གཅིག་དང་ཁྲི་གཉིས་ལ་ཡུལ་སྐོར་གྱི་ཕན་ཁེ་ཐོབ་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྒྱུད་ནས“ཀྲུང་ཧྭའི་ཆུ་མཛོད”དེ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་སུ་གྱུར་ཞིང་། 2018ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་ནུས་རྒྱུ་གསར་བའི་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་ཚད་སྟོང་ཝ་བྱེ་བ་གཅིག་དང་ས་ཡ་གཉིས་ལས་བརྒལ་ནས2018ལོར་ནུས་ཁུངས་གཙང་མའི་གློག་འདོན་ཚད་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་དགུ་འཕར་བ་རེད།
མཚོ་སྔོན་གྱིས་གསར་གཏོད་ལག་ལེན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། འཛམ་གླིང་གི་མི་རྣམས་ལ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མུ་མཐུད་དུ་མངོན་པར་བྱས་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།