ཞི་ཅིན་ཕིང་གིས་ཀྲུང་གོའི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་མི་སྣར་གདམས་པ་བདུན།
2019.03.07 ཁུངས། མཚོ་ལྷོ་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ་མ་ཟད། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་གསན།  མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཨུ་ཡོན་བརྒྱད་ཀྱིས་གཏམ་བཤད་སྤེལ་བ་དང་ཞི་ཅིན་ཕིང་གིས་ཁོང་ཚོའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གནང་བ་རེད།   རིག་གནས་དང་རིག་རྩལ་བྱ་གཞག་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་ལ་ཞི་ཅིན་ཕིང་གིས་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། “རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་བླ་སྲོག་མེད་ན་མི་འགྲིག”“མི་དམངས་ནི་གསར་རྩོམ་གྱི་འབྱུང་རྩ་ཡིན”“དད་སེམས་ཡོད་པ་དང་། བརྩེ་སེམས་ཡོད་པ། འགན་འཁྲི་འཁུར་བ་བཅས་བྱེད་དགོས”ལ་སོགས་ཁོང་གིས་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ལ་གནང་བའི་གསུང་བཤད་དེ་དག་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ལ་མཚོན་ན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་བའི་བླང་བྱའང་ཡིན། 

གཅིག དུས་རབས་གསར་བས་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་ལ་རེ་འབོད་བྱེད་ཀྱིན་ཡོད།

དུས་རབས་གསར་བས་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་རེ་འབོད་བྱེད་ཀྱི་ཡོད་པས་རིག་རྩལ་གསར་རྩོམ་དང་། རིག་གཞུང་གསར་རྩོམ་ལ་བར་སྟོང་ཧ་ཅང་ཆེན་པོ་ཡོད། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འཕར་རྩ་སྟངས་འཛིན། དུས་རབས་ཀྱི་འབོད་སྒྲར་ཉན་པ་བཅས་བྱས་ཏེ་དུས་རབས་དང་གོམ་སྟབས་གཅིག་མཚུངས་སྤོ་བ་དང་། མི་དམངས་ལྟེ་བར་འཛིན་པ། བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་བ། སྤྱོད་བཟང་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གཉིས། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་བླ་སྲོག་མེད་ན་མི་འགྲིག

རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་བླ་སྲོག་མེད་ན་མི་འགྲིག རིག་གནས་སྒྱུ་རྩལ་ལས་དོན་དང་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག་ལས་དོན་ནི་རྩ་བ་འཛུགས་པ་དང་བླ་སྲོག་གཏོད་པའི་ལས་དོན་གྱི་ཁོངས་སུ་གཏོགས་པས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་གནས་བབ་བཟུང་ཡོད་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་ལྡན་ཡོད།

གསུམ། དུས་རབས་དང་གོམ་སྟབས་གཅིག་མཚུངས་མཐའ་འཁྱོངས་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཚང་མས་དུས་རབས་གསར་པ་ཟིན་ཐོ་འགོད་པ་དང་། དུས་རབས་གསར་པའི་ལེའུ་རྩོམ་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱི་འགན་འཁྲི་ཁུར་ནས་དུས་རབས་ཀྱི་ཞིབ་འཇུག་བྱེད་གཞིར་ལན་འདེབས་ཕོད་པ་དང་། དེང་རབས་ཀྲུང་གོའི་རླབས་ཆེའི་གསར་སྐྲུན་ཁྲོད་ནས་གསར་རྩོམ་གྱི་བརྗོད་དོན་གཙོ་བོ་ཤེས་རྟོགས་དང་གསར་རྩོམ་གྱི་རིག་ཀློང་འཚོལ་ཞིབ་བྱེད་པ། ང་ཚོའི་དུས་རབས་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་གཏིང་ཟབ་མཚོན་པར་བྱེད་པ། ང་ཚོའི་དུས་རབས་འདིའི་སྙིང་སྟོབས་ཀྱི་འཆར་གཞི་འདིང་བ་བཅས་བྱས་ཏེ། ཆེད་དུ་དུས་རབས་ཀྱི་གཟུགས་བརྙན་གཏོད་པ་དང་། དུས་རབས་ཀྱི་ལོ་རྒྱུས་འབྲི་བ།  དུས་རབས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱེད་རྒྱུའི་རེ་བ་ཡོད།

བཞི། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས།

གྲུབ་འབྲས་མཐའ་དག་མི་དམངས་ལ་བརྟེན་ནས་བྱུང་བ་དང་གཟི་བརྗིད་ཚང་མ་མི་དམངས་ལ་དབང་བ་ཡིན། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་པའི་འཆར་གཞི་ཆེན་པོ་བདེ་བླག་ངང་མངོན་འགྱུར་བྱེད་པར། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་མི་དམངས་དུང་ཕྱུར་བཅུ་བཞི་ཡི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་འཕེལ་བར་བྱེད་དགོས།

ལྔ། བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་རྒྱུ་མཐའ་འཁྱོངས་བྱེད་དགོས།

རིན་ཐང་དང་དོན་སྙིང་ལྡན་པའི་རིག་རྩལ་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་མཐའ་དག་གིས་དོན་དངོས་མཚོན་པ་དང་དོན་དངོས་ལ་ཞིབ་རྟོགས་བྱེད་དགོས། དེ་དག་ཚང་མ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་དངོས་ཡོད་ཀྱི་ཞིབ་འཇུག་བྱེད་གཞིར་ལན་འདེབས་རྒྱུར་ཕན་པ་ཡོད། ཚང་མས་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ་དང་ཀྲུང་གོའི་ས་གཞི་ཆེན་མོར་རྩ་བ་ཚུགས་ཏེ། དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་དང་དེང་རབས་ཀྲུང་གོ་བའི་ངོ་མཚར་ཆེ་བའི་འཚོ་བ་ཡག་པོ་མངོན་པར་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ལ་འཆད་འགྲེལ་ཡག་པོ་བྱེད་དགོས། རིག་རྩལ་གསར་རྩོམ་བྱེད་སྐབས་རང་ཡུལ་ལ་གཞི་ཚུགས་པ་དང་དུས་རབས་ལ་རྩ་བ་བརྟན་པོ་འཛུགས་རྒྱུ་རྨང་གཞིར་བྱས་ཏེ་བརྩམས་ཆོས་ཀྱི་བསམ་བློའི་མཐོ་ཚད་མཐོ་རུ་གཏོང་བ་དང་། རིག་གནས་ཀྱི་ནང་དོན་ཇེ་ཟབ་ཏུ་གཏོང་བ་སྒྱུ་རྩལ་གྱི་རིན་ཐང་ཆེ་རུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ལ་གཞི་ཚུགས་ནས་རང་བརྟེན་རང་བཞིན་དང་ཐུན་མོང་མ་ཡིན་པའི་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་འདོན་དགོས།

དྲུག སྤྱོད་བཟང་ལ་བརྟེན་ནས་སྲོལ་གསར་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

རིག་གནས་དང་རིག་རྩལ་ལས་དོན་པ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་བློ་སྒོ་འབྱེད་པ་དང་། གཤིས་བཟང་དར་སྤེལ། སེམས་ཁམས་གསོ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་ལ། རིག་གནས་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་། རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བ། རིག་གནས་ལ་བརྟེན་ནས་རྩ་བ་སྐྱོང་བ་བཅས་ཀྱི་འགན་འཁྲི་ཡང་ཁུར་ཡོད། དད་སེམས་ཡོད་པ་དང་། བརྩེ་སེམས་ཡོད་པ། འགན་འཁུར་བ་བཅས་ཀྱི་ཐོག་ནས་ཕུགས་བསམ་ཆེན་པོ་དོན་གཉེར་དང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་འཆང་བའི་བསམ་བློ་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ལ་ལེགས་སྐྱེས་འབུལ་བའི་སྒྱུ་རྩལ་མཁས་ཅན་དང་ཡོན་ཏན་ཅན་ཞིག་ཧུར་ཐག་གིས་བྱེད་པ་དང་། བླ་ན་མེད་པའི་ལས་རིགས་ཀྱི་ཀུན་སྤྱོད་བསྲུངས་ཏེ་དཀའ་སྤྱད་འབད་བརྩོན་མང་ཙམ་བྱེད་པ་དང་རྩལ་ནུས་ངོ་མ་མང་ཙམ་སྦྱངས་ནས་ལས་ལ་བརྩོན་ཞིང་ལས་སྒོ་ལ་བྱང་ཆུབ་པ་ཞིག་བྱེད་དགོས།

བདུན། ཀྲུང་གོའི་རིགས་པའི་གཞུང་ལུགས་གང་ལེགས་སྤྱད་ནས་ཀྲུང་གོའི་ལག་ལེན་གསལ་འགྲེལ་བྱེད་དགོས།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ལོ་རེད། ལོ་ངོ་བདུན་ཅུའི་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། རང་རེའི་རྒྱལ་ཁབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡིན་ནའང་འདྲ་ཡང་ན་འཛམ་གླིང་གི་ལོ་རྒྱུས་གང་ཞིག་ཡིན་རུང་། འདི་ནི་གནམ་ས་སྒུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། ཚང་མས་ལོ་ངོ་བདུན་ཅུའི་རིང་གི་ཏང་དང་མི་དམངས་ཀྱི་འབད་འཐབ་ཀྱི་ལག་ལེན་གཏིང་ཟབ་མཚོན་པར་བྱེད་པ་དང་། ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་གནས་པའི་གཏན་ཚིགས་གསལ་འགྲེལ་གཏིང་ཟབ་བྱེད་པ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱབ་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་ལེགས་ཆ་གསལ་བོར་ཤོད་པ། ཀྲུང་གོའི་རིགས་པའི་གཞུང་ལུགས་གང་ལེགས་སྤྱད་ནས་ཀྲུང་གོའི་ལག་ལེན་གསལ་འགྲེལ་བྱེད་པ་བཅས་བྱས་ཏེ་ཏང་དང་མི་དམངས་མུ་མཐུད་མདུན་སྐྱོད་བྱ་ཆེད་བསམ་པའི་སྐུལ་ལྕག་ཆེན་པོ་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།