འཐུས་མི་ཤ་བོ་སྒྲོལ་མས་སེམས་གཏམ་གླེང་བ།
2019.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཤ་བོ་སྒྲོལ་མས་གཏམ་བཤད་བཞིན་པ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ངའི་ཕ་ཡུལ་ཡིན་པ་དང་། ལོ་འདི་འགའི་རིང་དང་ལྷག་པར་དུ་ཉེ་བའི་ལོ་གཉིས་ཀྱི་རིང་ལ། མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པར་བརྗོད་ཆོག གཞི་རིམ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ངས་གཞི་རིམ་གྱི་འགྱུར་ལྡོག་དང་སེམས་གཏམ་དེ་རྒྱལ་ས་པེ་ཅིན་དུ་ཁྱེར་ཡོང་ནས་ང་ཚོ་མི་རིགས་ས་ཁུལ་གྱི་གཏམ་བཟང་དེ་བརྒྱུད་སྒྲོག་བྱེད་འདོད།

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་། ལུས་ལ་བོད་ལྭ་གྱོན་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། ཐུན་རིན་རྫོང་རང་འབབ་ཆུ་ཀུང་ཟིའི་ལས་བཟོ་པ་ཤ་བོ་སྒྲོལ་མའི་རྣམ་དག་གི་སྐད་ཆས་གཞི་རིམ་མང་ཚོགས་ཀྱིས་ཏང་དང་སྲིདགཞུང་གི་དྲིན་དྲན་བཞིན་པའི་གཏམ་རྒྱུད་བརྗོད་བཞིན་འདུག

ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་དུ་སྐྱེས་པའི་ཤ་བོ་སྒྲོལ་མ་ཕ་ཡུལ་ཏུ་ལོག་ཐེངས་རེར་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཟེགས་ལམ་དང་། ཤིན་ཏུ་གསལ་བའི་གློག་སྒྲོན། མཛེས་སྡུག་ལྡན་པའི་ཐང་ཆེན། འཛུམ་མདངས་རྒྱས་པའི་དགོད་སྒྲ་སོགས་ཕ་ཡུལ་གྱི་འགྱུར་ལྡོག་རེ་རེ་ཉམས་སུ་མྱོང་བཞིན་ཡོད། ཁོ་མོས་བཤད་རྒྱུར། སྔོན་ཆད་སྡེ་བའི་ནང་གི་ཁྱིམ་ཚང་ཚང་མ་ཧ་ཅང་དབུལ་བོ་ཡིན། ཆུང་དུས་སུ་ང་དང་མཉམ་དུ་རྩེད་རྒྱུར་དགའ་བའི་གྲོགས་པོ་ཞིག་ཡོད་དེ། ཁོ་མོའི་མིང་ལ་བདེ་སྐྱིད་ཟེར་ཞིང་། སྔོན་ཆད་ཁོ་མོ་ཚང་དཀའ་ཁག་ཅན་ཞིག་རེད། མོའི་ཕུ་བོས་ཐང་ག་འབྲི་ཤེས་ཡང་། སྔོན་ཆད་གོན་པ་བཟང་པོ་ཞིག་ཀྱང་ཉོ་ཐུབ་ཀྱིན་མེད། ལོ་འདི་འགར། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ཏུ། བདེ་སྐྱིད་ཀྱིས་ཞིང་བའི་སྤྲོ་སྐྱིད་ཁང་ཞིག་གཉེར་བ་དང་། ཐོག་ཁང་དང་པོའི་ནང་ཟ་མ་གཡོས་སྦྱོར་བྱེད་ཀྱིན་པ་དང་། ཐོག་ཁང་གཉིས་པའི་ནང་ཐང་ག་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་ཀྱིན་ཡོད་པས། ཚོང་ཧ་ཅང་བྲིན་ལ། ན་ནིང་ཁོ་མོ་ཚང་གི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ལྷག་ལ་སླེབས། ལྷག་པར་དུ་ཁོ་མོའི་ཕུ་བོས་སྔོན་ཆད་ཐང་ག་འབྲི་ཤེས་ཡང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མེད་པས། གསེར་གྱི་དཀལ་ཡོལ་བཟུང་ནས་གཞན་ལ་ཟས་སློང་བཞིན་ཡོད་པ་དང་ཀུན་ནས་མཚུངས། ལོ་འདི་གཉིས་ཀྱི་རིང་ལ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག་ཏུ། ཁོའི་ཐང་གའི་ཚོང་ལས་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། ད་དུང་ཧྲང་ཧའེ་དང་། ཀོང་ཀྲིག་སོགས་གྲོང་ཁྱེར་ཆེན་པོ་སོགས་སུ་སོང་ནས་ཚོང་བརྒྱབ་པས་ང་ཚོ་སྡེ་བའི་ཕྱུག་བསྒྱུར་སྣེ་ཁྲིད་པར་གྱུར་ཡོད། ཐེངས་རེ་རེའི་གླེང་མོལ་ཁྲོད་དུ། སྡེ་བའི་ནང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་གླེང་སྐབས་ང་ཚོས་སེམས་གཏིང་ནས་ཏང་གི་ཐུགས་ཁུར་ལ་བཀའ་དྲིན་ཞུས་པ་ཡིན།

2018ལོའི་ཟླ4བར། ཤ་བོ་སྒྲོལ་མ་སྔ་གཞུག་ཏུ་ཐུན་རིན་རྫོང་རྒྱལ་བོ་ཞང་དང་གཅན་ཚ་རྫོང་ཁམས་ར་གྲོང་རྡལ། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ། ཧི་ནན་སོག་རིགས་རང་སྐྱོང་རྫོང་སོགས་ལ་སོང་ནས། ཡུལ་དངོས་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བཞི་བརྒྱ་ལྷག་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པའི་དུས་མཚུངས་སུ། ད་དུང་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་བསམ་བློ་བརྗེ་རེས་བྱས་པ་དང་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་ལ་ཉན།

མིང་ལ་རྟ་གྲགས་ཟེར་བའི་བོད་རིགས་རྒན་པོ་ཞིག་གིས་ཤ་བོ་སྒྲོལ་མར་བག་ཆགས་ཟབ་མོ་ཞིག་བཞག་པ་དང་། རྒན་པོ་ཚང་ལ་སོང་བ་ན། མིག་ལམ་དུ་དེང་རབས་ཁྱད་ཆོས་ཀྱིས་ཕྱུག་པའི་བོད་ལུགས་ཀྱི་གཞིས་ཀ་ཆུང་ཆུང་ཞིག་ཤར་ཡོང་། ལོ་ན་རེ་ལྔར་སོན་ཡོད་པའི་རྒན་པོ་རྟ་གྲགས་ཀྱིས་དགའ་སྤྲོའི་ངང་ཤ་བོ་སྒྲོལ་མར་བཤད་རྒྱུར། ད་ལྟ་ཏང་དང་སྲིད་གཞུང་ང་ཚོ་མང་ཚོགས་ལ་ཧ་ཅང་བཟང་གི མང་ཚོགས་ཀྱི་ཡོང་འབབ་ཉིན་རེར་ཇེ་མང་དང་ཁྱིམ་ཚང་གི་འཚོ་བ་ཡང་སྔར་ལས་ཇེ་བཟང་རེད། རྒན་པོ་ང་ལྟ་བུར་མཚོན་ན་རྒན་གསོ་མ་དངུལ་ཡོད་པ་དང་། རྗེས་ནས་ད་རུང་རྒན་པའི་ཁ་གསབ་ཀྱང་ཡོད་རྒྱུ་རེད། ཏང་དང་སྲིད་གཞུང་གི་བཀའ་དྲིན་བརྗོད་ཀྱི་མི་ལངས།  ངས་དུས་རྒྱུན་ཏུ་སྡེ་བའི་ན་གཞོན་ཚོར་ཏང་གི་རྗེས་སུ་འབྲངས་ནས་བདེ་སྐྱིད་ལྡན་པའི་འཚོ་བར་སྙེགས་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད་ཟེར།

ད་ཐེངས་རྒྱལ་ས་པེ་ཅིན་ལ་མ་ཡོང་བའི་སྔོན་ལ། ང་ཡང་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སྟེ་རྒན་པོ་ཚེ་བརྟན་ཚང་ལ་སོང་ནས། གཞི་རིམ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་རྗེས་གནས་འདིར་ཡོང་ནས་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སྐབས་དེར་རྒན་པོ་ཚེ་བརྟན་ལ་གློ་ཡུའི་ཡན་ལག་གཉན་ཚད་བྱུང་ཡོད། རྒན་པོས་མིག་ལ་མཆི་མ་འཁོར་བཞིན་ང་ལ་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་ནས་ངའི་ནད་གཞི་གསོ་བཅོས་བྱས་པ་དང་། ད་དུང་དུས་རྒྱུན་ང་ལ་ཟ་མ་བསྐྱལ་ཡོང་། ནམ་ཡིན་ཡང་ཏང་དང་སྲིད་གཞུང་གི་བཀའ་དྲིན་བརྗེད་མི་སྲིད་ཅེས་ཡང་ཡང་བཤད། ཐེངས་འདིར་རྒན་པོའི་རྣམ་རིག་སྔར་ལས་གསལ་བོར་གྱུར་ཡོད་པ་མ་ཟད། གྱོན་པ་ཡང་གསར་བར་བརྗེ་འདུག རྒན་པས་སེམས་འགུལ་ཐེབས་པའི་ངང་ནས་ང་ལ་བཤད་རྒྱུར། ཏང་གི་སྲིད་ཇུས་ཀྱི་ཉི་ཟེར་དྲོན་མོ་མི་རེ་རེའི་སྟེང་དུ་འཕྲོས་པ་དང་། ངའི་ལུས་སྟེང་དུའང་འཕྲོས་པས། སྐྱིད་སྣང་ཞིག་ངང་གིས་ཤར་ཡོང་ཟེར།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ནན་ཏན་སྒོས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་བྱེད་པ་སོགས་གླེང་འདུག འདིས་ང་ཚོ་མི་རིགས་ས་ཁུལ་ལ་རེ་བ་དང་ཡིད་ཆེས་བསྩལ་བ་དང་། རྗེས་ཕྱོགས་མུ་མཐུད་དུ་གཞི་རིམ་སོང་ནས་གནས་ཚུལ་ལ་རྟོག་དཔྱོད་དང་། རོང་འབྲོག་མང་ཚོགས་ཀྱི་སེམས་འདུན་དྲོན་མོ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་འདོན་རྒྱུ་ཡིན་པ་ནན་གྱིས་བསྟན།

                                                                                                                      ལོ་ཙཱ། ཚེ་རིང་སྒྲོལ་མ།