རེབ་གོང་སྒྱུ་རྩལ་ཐོན་ལས་དེ་དབུལ་ཐར་ཕྱུག་འགྱུར་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཏུ་གྱུར་བ།
2019.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་ས་ཁུལ་དུ་རླབས་ཆེ་བའི་རེབ་གོང་སྒྱུ་རྩལ་དེ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་སྙན་པའི་གྲགས་པ་ཕྱོགས་དང་ཕྱོགས་སུ་མཆེད། རེབ་གོང་སྒྱུ་རྩལ་དེ་གཙོ་བོ་རོང་བོ་དགུ་ཆུའི་འགྲམ་གྱི་སེང་གེ་གཤོང་དང་གཉན་ཐོག སྒོ་དམར། རྐ་གསར་སོགས་བོད་དང་ཧོར་རིགས་འདུས་སྡོད་བྱེད་པའི་སྡེ་བ་དག་ཏུ་དར་ཞིང་། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཕྱོགས་ཁག་གལ་ཆེན་ཞིག་སྟེ། དེ་ལ་གཙོ་བོར་ཐང་ག་དང་འཚེམ་དྲུབ། ལྡེབ་རིས། འཇིམ་བརྐོས་སོགས་སྒྱུ་རྩལ་གྱི་རྣམ་པ་མཆིས།

ལོ་འདི་དག་གི་རིང་ལ་རེབ་གོང་སྒྱུ་རྩལ་དེ་རྒྱལ་ཁབ་ཕྱི་ནང་མང་པོར་ཁྱབ་གདལ་དུ་སོང་ཡོད་པ་དང་། རེབ་གོང་སྒྱུ་རྩལ་དེ་ས་གནས་གང་དུ་ཐོན་ན་དེ་རུ་དྲིལ་སྒྲོག་དང་འཕེལ་རྒྱས་ཆེན་པོ་བྱུང་བཞིན་ཡོད་པ་དང་། དེས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་གཉེར་ཐུབ་ཀྱི་ཡོད་པར་མ་ཟད་རིག་གནས་རྒྱུན་འཛིན་དང་ཡོང་འབབ་འཕར་སྣོན་སོགས་ཕྱོགས་གང་ལའང་དགེ་མཚན་ཆེན་པོ་ཐོན་བཞིན་ཡོད། ན་ནིང་ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་ཐད་ཀྱི་ལས་གཉེར་མི་སྣ་མི་གྲངས་ཁྲི་གཉིས་ལྷག་ལ་བུད་ཡོད། རིག་གནས་གསར་སྐྲུན་གྱི་ཡོང་འབབ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་ལྔ་རུ་བསླེབས། ན་ནིང་གི་ལོ་མཇུག་ཏུ་ཐུན་རིན་རྫོང་ཞིང་ཆེན་རིམ་པའི་ཁྱད་ལྡན་མཁར་གྲོང་ཆུང་བར་བདམས་པ་དང་། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་གསར་འགོད་པ་ཐུན་རིན་རྫོང་གི་འགྱུར་ལྡོག་དེའི་སྐོར་ལ་རྒྱུས་ལོན་བྱེད་དུ་སོང་།

ཡུལ་ཁམས་གཞན་དུ་སོང་ནས་མི་རིགས་རིག་གནས་དར་སྤེལ་བྱས་པ།

ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བ་གོང་མར་འབྲེལ་བའི་སར་ན་ས་སྤྱི་ཆིང་གཅིག་དང་གྲངས་ཆུང་དྲུག་བདུན་ཅན་གྱི་རྣམ་པ་ཆེ་བའི་བཟོ་སྐྲུན་གྱི་བཀོད་པ་ཞིག་ཡོད་པ་དང་། དེ་ནི་ཉེ་འགྲམ་གྱི་གྲོང་སྡེ་གཞན་དག་དང་བསྡུར་ན་ཅུང་ལྗིད་ཉམས་ལྡན་ཞིང་དེ་ནི་རེབ་གོང་མི་རིགས་རིག་གནས་ཁང་རེད། རིག་གནས་ཁང་དེ་ནི་སངས་རྒྱས་དང་སྐལ་བཟང་རྒྱ་མཚོ། ནམ་མཁའ་སྤུན་གསུམ་གྱིས་ཉིས་སྟོང་བཅུ་གསུམ་ལོར་འཛུགས་སྐྲུན་བྱས་ཤིང་དུས་མཉམ་དུ་ཐང་ག་ལས་རིགས་གསོ་སྦྱོང་སློབ་གྲྭའང་གསར་དུ་བཙུགས།

ད་ལྟའི་རེབ་གོང་མི་རིགས་རིག་གནས་གླིང་ནི་ལྷ་རིས་པ་ནམ་མཁའ་དང་ཁོའི་བུ་ཆེ་བ་ལྷ་བརྟན་རྒྱ་མཚོ་གཉིས་ཀྱིས་དོ་དམ་བྱེད་ཀྱིན་ཡོད་པ་རེད། ཉིན་དེར། གསར་འགོད་པ་རིག་གནས་ཁང་དུ་བསླེབས་དུས། ཡུལ་ལ་ལོ་སར་དུ་སོང་བའི་ལྷ་བརྟན་རྒྱ་མཚོ་དང་འཕྲད་བྱུང་། ལོ་ན་ཉེར་བཞི་ལ་སོན་པའི་ལྷ་བརྟན་རྒྱ་མཚོ་ལ་མཚོན་ན་ད་ལྟ་ཐང་གའི་ལྷ་རིས་སྒྱུ་རྩལ་པའི་ཁྲོད་དུ་མིང་གྲགས་ཅུང་ཙམ་ཡོད་པར་མ་ཟད། ལྷ་རིས་སྒྱུ་རྩལ་པའི་ཁྲོད་དུ་ལྷ་རིས་འབྲི་བཞེངས་ལ་མཁས་པའི་ཁར་དེའི་སྐོར་གྱི་ཤེས་བྱ་འཆད་པར་མཁས་པའི་རྙེད་པར་དཀའ་བའི་མི་སྣ་ཞིག་ཡིན། ལྷ་བརྟན་རྒྱ་མཚོས་ད་ལྟ་ཐེན་ཅིན་ན་བྱ་བ་སྒྲུབ་བཞིན་ཡོད་པ་དང་ཁོས་བྱང་ཆ་ལྡན་པའི་རྒྱ་སྐད་ལ་བརྟེན་ནས་གནས་སྐོར་བ་རྣམས་ལ་ཐང་ག་འབྲི་བཞེངས་ཐད་ཀྱི་ཤེས་བྱའི་སྐོར་ནས་བཤད་བྱུང་།

རིག་གནས་ཁང་དེའི་བཞི་ཐོག་གི་སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་ཁང་དུ་ལས་གཞིའི་རོགས་སྐྱོར་ཐོབ་པའི་ཕུལ་བྱུང་སློབ་མའི་བརྩམས་ཆོས་བརྒྱ་ཕྲག་ལྷག་འགྲེམ་སྟོན་བྱས་ཡོད་པ་དང་། ཞིབ་ཚགས་མཛེས་སྡུག་གི་འབྲི་རྩལ་ལ་གནས་སྐོར་བ་རྣམས་ཀྱི་བསྟོད་བསྔགས་བྱེད་ཀྱི་འདུག  བཞི་ཐོག་གི་ལྷོ་ཕྱོགས་ཀྱི་དཔེ་དཔེ་མཛོད་ཁང་དུ་རྒྱལ་བའི་བཀའ་བསྟན་དང་རིག་གནས། རི་མོ་བཅས་རིགས་ཆེན་པོ་གསུམ་གྱི་རྒྱ་བོད་ཤན་སྦྱར་གྱི་དཔེ་ཆ་དག་བཤམས་འདུག རིག་གནས་ཁང་དེ་འཛུགས་སྐྲུན་བྱས་རྗེས་སུ་ཉེ་འགྲམ་གྱིས་སྡེ་བའི་ནང་གི་བྱིས་པ་རྣམས་བསྡུ་རུབ་བྱས་ནས་ཁོ་ཚོར་རིན་མེད་སྒོས་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་སྦྱོང་དུ་བཅུག་པ་དང་། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བརྒྱ་ཕྲག་ལྷག་ཅིག་ཡོད་པ་རེད། ལྷ་བརྟན་རྒྱ་མཚོས་གསར་འགོད་པ་བཤད་རྒྱུར། དཔེ་མཛོད་ཁང་ནི་གཙོ་བོ་སློབ་མ་འདི་དག་གི་ཆེད་དུ་བཙུགས་པ་ཡིན། ཁོ་ཙོས་སྔ་དྲོ་རིག་གནས་སློབ་ཚན་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ་ཕྱི་དྲོ་ཐང་ག་འབྲི་བཞེངས་སྐོར་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ལྟར་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་སྦྱངས་བའི་ཞོར་དུ། ཐང་ག་དང་འབྲེལ་བ་ཡོད་པའི་རིག་གནས་ཀྱི་སྐོར་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། འཛམ་གླིང་ལ་འབྲེལ་འདྲིས་བྱེད་པའི་སྒོ་མོ་འབྱེད་པར་བརྩོན་ལེན་བྱེད་ཀྱི་ཡོད་ཟེར།

དེའི་རྗེས་སུ། ལྷ་བརྟན་རྒྱ་མཚོས་གསར་འགོད་པ་ཁྲིད་ནས་སེང་གེ་གཤོང་མ་མགོ་སྡེ་བར་སོང་། ལྷ་བརྟན་རྡོ་རྗེའི་ཐོག་མའི་དགེ་རྒན་སངས་རྒྱས་འབུམ་གྱི་ཁྱིམ་གྱི་ལས་སྒྲུབ་ཁང་དེ་སྡེ་བ་དེར་འདུག སངས་རྒྱས་འབུམ་ནི་མིང་དུ་གྲགས་པའི་ཀྲུང་གོའི་ཐང་ག་སྒྱ་རྩལ་གྱི་ལྷ་རིས་པ་ཞིག་ཡིན་ཞིང་། ལྷ་བརྟན་རྒྱ་མཚོ་ལོ་ན་དགུ་ཡི་སྟེང་ནས་སངས་རྗེས་འབུམ་གྱི་རྗེས་དེད་ནས་ཐང་ག་འབྲི་བཞེངས་བྱེད་པའི་སྐོར་ལ་སློབ་སྦྱོང་བྱས་པ་རེད། གསར་འགོད་པ་ལས་སྒྲུབ་ཁང་དེར་ཐོན་དུས་ལས་སྒྲུབ་ཁང་དེ་རུ་བྱིས་པ་ལྔ་ཡིས་སོ་སོར་ཐང་ག་འབྲི་བའི་ལས་ལ་བྲེལ་བཞིན་འདུག

ཐང་ག་འབྲི་བཞེངས་བྱེད་པའི་ལས་ཀ་དེ་ནི་དེ་འདྲའི་ལས་སླ་མོ་ཞིག་མ་ཡིན་ཏེ། ལན་རེར་ཙོག་ཐེངས་གཅིག་ལ་དུས་ཚོད་བཅུ་གཉིས་ལྷག་ལ་ཙོག་ནས་འདུག་དགོས་དུས་ཀྱང་ཡོད་པས་དེ་ལ་བཟོད་སེམས་ཆེན་པོ་ལྡན་དགོས་པ་དང་།  དེ་ལས་གཞན་ཅུང་རྙོག་འཛིང་ཆེ་བའི་ཐང་ག་འབྲི་བཞེང་གི་རིགས་ནི་དེ་ལས་ཀྱང་བཤད་མ་དགོས་པ་ཞིག་རེད། ལྷ་བརྟན་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། ཐང་ག་འབྲི་བཞེངས་བྱེད་པའི་བྱ་བ་ཁོང་དུ་ཆུད་པའི་ཚད་གཞིར་བསླེབ་དགོས་ན་ཆེས་ཉུང་ཡང་ལོ་ངོ་བརྒྱད་དགུ་ཞིག་གི་དུས་ཚོད་དགོས་ཟེར།

དཀའ་སྤྱད་སྡུག་རུས་བྱས་པ་ལ་འབྲས་བུ་སྨིན་པ་ཆོས་ཉིད་ཡིན། ལྷ་བརྟན་རྒྱ་མཚོས་ཐང་ག་འབྲི་བཞེང་བྱེད་པའི་ལག་རྩལ་གྱི་མཐོ་རླབས་དང་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་པའི་ནུས་རྩལ་ལ་བརྟེན་ནས། མ་འོངས་པ་ན་རེབ་གོང་ས་ཁུལ་གྱི་ཐང་གའི་བརྩམས་ཆོས་དེ་འཛམ་གླིང་གི་ས་ཁུལ་སོ་སོས་འཛད་སྤྱོད་བྱེད་ཐུབ་པར་བྱེད་རྒྱུ་རེད། ལྷ་བརྟན་རྒྱ་མཚོས་བླངས་པའི་གྲུབ་འབྲས་དེ་ད་ལྟའི་བྱིས་པ་འདི་དག་གིས་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཀྱང་ཡིན་ནོ། །

ཕ་ཡུལ་སྲུང་ཞིང་ཕྱོགས་ཀྱི་མགྲོན་པོ་བསུས་པ།

ཐུན་རིན་རྫོང་གཉན་ཐོག་ཞང་སྒོ་དམར་སྡེ་བ་ཡང་རེབ་གོང་སྒྱུ་རྩལ་དར་ཁྱབ་བྱུང་སའི་གནས་གཅིག་ཡིན་པ་དང་། སྡེ་བ་ཆུང་ཆུང་དེའི་ག་ས་གང་དུ་ལྷ་རིས་སྒྱུ་རྩལ་པས་ཁྱབ་འདུག་ཅིང་། སྐལ་བཟང་རྒྱ་མཚོ་ཡང་དེ་དག་གི་ཁྲོད་ཀྱི་གཅིག་རེད། ཁོས་ཞིབ་ཚགས་གཟབ་ནན་གྱི་ཐང་ག་འབྲི་བཞེང་བྱེད་པའི་ལག་རྩལ་གྱིས་རེབ་གོང་སྒྱུ་རྩལ་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱས་པར་མ་ཟད་ད་དུང་སྡེ་བའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པའང་རེད།

སྐལ་བཟང་རྒྱ་མཚོ་ཚང་གི་ཁྱིམ་གྱི་ར་སྐོར་དེར་བལྟས་ན་གཞན་དང་ཁྱད་པར་ཆེར་མེད་མོད། ཡིན་ནའང་སྒོ་འགྲམ་དུ་རེབ་གོང་རིག་གནས་འཇོན་མི་གསོ་སྐྱོང་བྱེད་པའི་ཚོད་ལྟའི་ཁྱིམ་ཚང་ཞེས་པའི་སྒོ་བྱང་བཀལ་ཡོད་པའི་ཁང་པ་དེའི་ནང་ནི་གཞན་དང་མི་འདྲ་སྟེ། རྨིད་གྲུ་བཞི་མ་ཉི་ཤུ་ཙམ་ཡོད་པའི་ཁང་པ་དེའི་ནང་དུ། མཛེས་བཟོ་བྱས་ཟིན་པའི་ཐང་ག་སྐོར་ཞིག་གྲལ་དག་པར་བཞག་འདུག་པ་དང་ཐང་ག་འབྲི་བཞེངས་བྱེད་པར་བཀོལ་བའི་ཚོས་མདོག་སྣ་ཚོགས་དང་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་སྐོར་ཞིག་གིས་མིག་དབང་འཕྲོག་པར་མ་ཟད། མ་ཎི་ཡིག་དྲུག་བརྐོས་ཡོད་པའི་རྡོ་བ་ཆུང་ཆུང་སྐོར་ཞིག་ཀྱང་གང་སར་མཐོང་ཐུབ། ཁང་པའི་སྒོ་འགྲམ་དུ་མྱུར་སྐྱེལ་ཤོག་བྱང་མཐུག་པོ་ཞིག་བཀལ་ཡོད་ཅིང་སྐལ་བཟང་རྒྱ་མཚོས་སྤོབས་སེམས་དང་བཅས་ཏེ་གསར་འགོད་པར་བཤད་རྒྱུར། འདི་དག་ཚང་མ་ནི་ངས་ལོ་འདི་ཚོར་ཕྱིར་བཙོང་ཟིན་པའི་ཐང་གའི་མངག་ཐོ་ཡིན། མི་སྟོང་ཚོ་གཅིག་ལྷག་གིས་ངའི་ཐང་ག་ཉོས་ཟིན། སྐལ་བཟང་རྒྱ་མཚོས་གསར་འགོད་པ་ལ་དེ་ལྟར་བཤད་ཞོར་དུ་མི་སྣ་དེ་དག་གི་ཁྲོད་ཀྱི་མི་སྐོར་ཞིག་དང་མཉམ་དུ་བླངས་པའི་མཉམ་པར་རེ་འགའ་བླངས་ནས་བསྟན་བྱུང་། ཁོས་སེམས་ཞིབ་མོའི་སྒོ་ནས་མཉམ་པར་དེ་དག་ཉར་ཚགས་བྱས་འདུག

སྐལ་བཟང་རྒྱ་མཚོས་འབྲི་བཞེངས་བྱས་པའི་ཐང་གའི་བརྩམས་ཆོས་ལ་ཚོང་རའི་ཁྲོད་དུ་ཁས་ལེན་ཐོབ་པས་ཁོའི་ཁྱིམ་ཐབ་ཀྱི་འཚོ་བ་ཡང་རིམ་བཞིན་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར། ཡིན་ནའང་ཁོས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་དེ་ནམ་ཡང་བརྗེད་ཀྱི་མེད། ཁང་པ་དེའི་ནང་དུ་དབུལ་སྐྱོར་རོགས་དངུལ་དང་སློབ་དངུལ་གྱི་རོགས་རམ། བྱམས་བརྩེའི་རོགས་རམ་སོགས་བྱས་པར་བཀའ་དྲིན་ཞུ་བའི་བྱང་བུ་མང་དུ་ཕུལ་ཡོད་པ་དེ་དག་ནི་ཁོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཟེངས་རྟགས་རེད།

ཉིས་སྟོང་བཅུ་གསུམ་ལོར། སྐལ་བཟང་རྒྱ་མཚོས་སྐལ་བཟང་རེབ་གོང་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་ཞེས་པའི་ཁེ་ལས་རང་རྐྱ་བ་དེ་གསར་དུ་བསྒྲུབས་པ་དང་། དེར་དང་ཐོག་སློབ་མ་བཅུ་གཉིས་བསྡུས་ནས་གཙོ་བོ་ཐང་ག་འབྲི་བཞེངས་ཐད་ཀྱི་ལས་རིགས་གཉེར། ཕྱིས་སུ་སྐལ་བཟང་རྒྱ་མཚོས་རང་ཉིད་སྡོད་པའི་ར་སྐོར་དེའི་ནང་དུ་ཐང་ག་འགྲེམ་སྟོན་བྱས་པར་མ་ཟད་སློབ་མ་བསྡུ་ལེན་བྱས་ནས་སློབ་གྲྭ་བཙུགས། ཁོས་གསོ་སྐྱོང་གི་འོག་ཏུ་དབུལ་ཕོངས་ཁྱིམ་ཚང་སུམ་ཅུས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན་པ་དང་དབུལ་ཕོངས་ཁྱིམ་ཚང་རེ་དགུ་ལ་རོགས་སྐྱོར་བྱས་པར་མ་ཟད། སློབ་མ་སྟོང་གཅིག་དང་དྲུག་བརྒྱ་ལྷག་གསོ་སྐྱོང་བྱས། ཉིས་སྟོང་བཅུ་བཞིའི་ལོ་ནས་ད་ལྟའི་བར། ཁོས་རེབ་གོང་ས་ཆའི་དབུལ་ཕོངས་མང་ཚོགས་ལ་རོགས་སྐྱོར་བྱས་པའི་སྒོར་མོ་དང་དངོས་པོ་དེ་ཕལ་ཆེར་སྒོར་མོ་འབུམ་བཞི་དང་ཁྲི་གཅིག་སྟོང་གསུམ་ཙམ་ལ་འབུད། ཚོན་གྱིས་བརྒྱན་པའི་ཁང་པ་དེ་རུ་ཕྱིར་འབུད་སྐབས་གསར་འགོད་པས་ཉལ་ཐུལ་དང་ཉལ་གདན་གསར་བ་ཉི་ཤུ་ལྷག་ཅིག་མཐོང་བྱུང་བ་དང་། དེ་ནི་སྐལ་བཟང་རྒྱ་མཚོས་སྡེ་བའི་ནང་གི་ལོ་ལོན་སྐོར་ཞིག་ལ་གྲ་སྒྲིག་བྱས་པ་རེད།

རིག་གནས་ཐོན་ལས་ཀྱིས་དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།

འདི་ལྟར་མི་རེ་རེ་ཡིས་ཐང་ག་ཅུང་ཟད་ཙམ་འབྲི་བཞེངས་བྱེད་ཤེས་པའི་རེབ་གོང་རིག་གནས་འཕེལ་རྒྱས་བྱུང་སའི་གནས་འདི་རུ། ཐང་ག་དང་འཇིམ་བཟོ། འཇིམ་བརྐོས་གསུམ་གྱི་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་གསར་སྐྲུན་རྟེན་གཞི་གྲུབ་པར་བྱས་ཡོད་པ་དང་། དེ་རུ་རིགས་སྣ་ཚོགས་ཀྱི་དབུལ་ཐར་རྣམ་གྲངས་ཉེར་གཉིས་ཙམ་སྒྲིག་འཛུགས་བྱས་ནས་དེ་རུ་དབུལ་ཕོངས་མང་ཚོགས་གསོ་སྦྱོང་དང་ལས་ཞུགས་བཅས་བྱས་ཏེ། མི་མང་པོ་ཞིག་གིས་བྱེད་ཐབས་དེ་འདྲ་བརྒྱུད་ནས་དབུལ་ཐར་བྱས་ཟིན་པས། རེབ་གོང་སྒྲུ་རྩལ་དེ་དབུལ་ཐར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐོན་སྐྱེད་ནུས་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད།

ན་ནིང་ཐིན་རིན་རྫོང་གིས་ཐང་གའི་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱས་པ་དང་།  རེབ་གོང་རིག་གནས་བརྗོད་དོན་གཙོ་བོ་ཡིན་པ་དང་ཐང་གའི་ཐོན་ལས་དང་སྤྲོ་གསེང་དང་རིག་གནས་གནས་སྐོར་ཐོན་ལས་དེ་རིག་གནས་དང་གནས་སྐོར་ཐོན་ལས་མཉམ་དུ་འཕེལ་རྒྱས་འབྱུང་བའི་སྒུལ་ཤུགས་གཙོ་བོར་བརྩིས་ཡོད། མཁར་གྲོང་ཆུང་བའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་གཉིས་དང་གྲངས་ཆུང་བརྒྱད་ཡོད་པ་དང་འཛུགས་སྐྲུན་གཙོ་བོའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་གཅིག་ཡོད་ལ། འཛུགས་སྐྲུན་ས་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་གཅིག་དང་གྲངས་ཆུང་གཉིས་བདུན་ཡོད། ལྷ་བརྟན་རྒྱ་མཚོ་སྡོད་སའི་སེང་གེ་གཤོང་སྡེ་བ་གོང་མ་དང་སེང་གེ་གཤོང་སྡེ་བ་ཞོལ་མ། རྒྱ་ཚང་མ་སྡེ་བ་བཅས་ཚང་མ་མཁར་གྲོང་ཆུང་བའི་ཁོངས་སུ་གཏོགས་པ་རེད། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན།  ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་རིན་རྫོང་ལ་ཐང་ག་སྒྱུ་རྩལ་གྱི་ཞིང་ཆེན་རིམ་པའི་ཁྱད་ལྡན་མཁར་གྲོང་ཆུང་བའི་མཚན་སྙན་བསྩལ་ནས། མཚོ་སྔོན་དང་ཐ་ན་མདོ་དབུས་མཐོ་སྒང་གི་རྟགས་མཚན་ཞིག་ཏུ་འགྱུར་བར་རེ་བ་བྱེད་བཞིན་ཡོད།

རྒྱ་ཆེ་ཞིང་གཏིང་ཟབ་པའི་རེབ་གོང་སྒྱུ་རྩལ་གྱི་ཁྱད་ཆོས་དེ་ཡི་གེའི་ལམ་ནས་རྒྱས་བཤད་བྱེད་དཀའ་མོད། ཡིན་ནའང་ས་ཁུལ་དེའི་མི་རྣམས་ཀྱིས་རེབ་གོང་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བཅས་བྱེད་པར་འབད་འབུངས་བྱེད་བཞིན་པའི་རྣམ་པ་དེ་ཧ་ཅང་གསལ་བོར་ཤེས་ཐུབ་པ་ཞིག་རེད།

                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།