རྩེ་ཆུ་རྩྭ་ཐང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
2019.03.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 30

ཟླ2པའི་ཚེས27ཉིན། དཔྱིད་མགོ་ཚུགས་པའི་ཉི་འོད་གྱིས་ནམ་མཁའ་སྔར་ལས་གཡའ་དྭངས་ཤིང་། རྩྭ་ཐང་དུ་རྒྱུ་བཞིན་པའི་ནོར་ནག་ནི་མུ་ཏིག་ནག་པོའི་ཚོམས་ཤིག་དང་མཚུངས་པར་ཁ་བ་བབས་རྗེས་ཀྱི་ལྷིང་འཇགས་ལ་གསོན་ཤུགས་རྒྱས་སུ་བཅུག

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཞང་དུ་བོད་རིགས་གཙོར་བྱས་རྒྱ་དང་། ཁ་ཆེ་བ། ཧོར། ཟ་ལར་སོགས་མི་རིགས་སོ་སོ་ལྷན་དུ་གནས་ཤིང་སྡེ་བ་དང་ཁྱིམ་མཚེས་བར་འཆམ་མཐུན་མཉམ་གནས་བྱུང་ཡོད།

མདུན་ཕྱོགས་ཀྱི་གཟི་བརྗིད་གྱང་ངོས་སུ“ རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས”དང“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སྔོན་ཐོན་ཁུལ་བྱ་བའི་སྔོན་ཐོན་གྲོང་རྡལ”སོགས་དམིགས་གསལ་གྱི་གཟི་བརྗིད་དཔང་ཡིག་བཀལ་ཡོད།

དཔྱི་ས་ཞང་གི་ཏང་ཨུའི་ཧྲུའུ་ཅི་སངས་རྒྱས་མཁར་གྱིས་བཤད་རྒྱུར། མི་རིགས་ས་ཁུལ་ནས་གཙོ་བོ་མི་རིགས་མཐུན་སྒྲིལ་གྱི་བྱ་བ་བསྒྲུབ་དགོས་ཟེར།

དཔྱི་ས་མངའ་ཁོངས་སུ་མཐུན་སྒྲིལ་སྡེ་བ་དང་། མཆོང་སྐྱོད་སྡེ་བ། དར་དམར་སྡེ་བ་བཅས་སྲིད་འཛིན་སྡེ་བ3ཡོད། ཉེ་བའི་ལོ་འགའི་རིང་ལ། དཔྱི་ས་ཞང་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། དེའི་འོག་ཏུ་གཞུང་ལས་ཁང་བཙུགས་ནས་ཟླ་རེར་ཆེད་དོན་ཚོགས་འདུ་འཚོགས་ཏེ《དཔྱི་ས་ཞང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་ལག་བསྟར་ཇུས་གཞི》བཟོས་ཏེ་གསར་འཛུགས་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་།《དམིགས་ཚད་འགན་འཁྲིའི་ཡི་གེ》བཞག་ནས་ལས་ཀའི་བྱེད་ཐབས་དང་ལས་ཀའི་བཀོད་སྒྲིག་སྔར་བས་འཐུས་ཚང་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་བྱེད་སྒོ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་།

དཔྱི་ས་ཞང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དམངས་འབྲེལ་ལས་ཁོངས་ཡིན་པའི་ཆ་ནས། དམངས་སྲིད་ཀྱི་ལས་བྱེད་པ་དབང་ཆེན་བསོད་ནམས་ཀྱིས་གསར་འགོད་པར"འབྲོག་པ་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་ཡོང་ཆེད། ང་ཚོས་རྒྱུན་པར་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་བསྒྲུབ་དགོས་པའི་ལས་སྒོ་དག་འབྲོག་པའི་ཁྱིམ་དུ་སོང་ནས་སྒྲུབ་ཀྱིན་ཡོད་པས་འགྲོ་འདུག་མི་བདེ་བའི་རྒན་རྒོན་མང་པོ་ཞིག་ལ་སྟབས་བདེ་བསྐྲུན་ཡོད"ཅེས་ཟེར།

དཔྱི་ས་ཞང་གི་ཤར་ཕྱོགས་སུ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ཡོད་པ་དང་།  ལྷོ་ཕྱོགས་སུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཡོད། སྡེ་བ་དང་ཁྱིམ་ཚང་སོ་སོའི་བར་ཐག་རིང་ཡང་། དབང་ཆེན་བསོད་ནམས་ཀྱིས་འབྲོག་ཁྱིམ་དུ་དངོས་སུ་བསྐྱོད་པའི"ཞབས་ཞུ"ཐེངས་མང་པོར་བསྒྲུབས་ཡོད་དེ། དཔེར་ན་ཁོས་འགན་ཁུར་བའི་ཞང་ཡོངས་ཀྱི་ལོ་བདུན་ཅུ་ཡན་གྱི་ལོ་ལོན་གྱི་གནས་ཚུལ་བསྡུ་ལེན་བྱེད་པའི་ལས་དོན་ལྟ་བུ་སོགས་རེད།

མཆོང་སྐྱོད་སྡེ་བའི་ལོ་ན་བརྒྱད་ཅུར་སོན་པའི་ཆོས་གྲགས་རྒྱ་མཚོ་ནི་ཞབས་ཞུ་སྒྲུབ་ཡུལ་གྱི་གྲས་ཡིན་ལ། ཁྱིམ་དུ་བཟའ་ཟླ་གཉིས་ལས་མེད་སྟབས་ཁོ་རང་ཞང་ཐོག་ཏུ་ཁ་གསབ་རོགས་དངུལ་གྱི་འགྲོ་ལུགས་སྒྲུབ་ཏུ་འགྲོ་བར་སེམས་ཁྲལ་བྱེད་སྐབས། དབང་ཆེན་བསོད་ནམས་ཁྱིམ་དུ་ཡོང་སྟེ་ཁོའི་དོན་དག་དེ་སྒྲུབ་རོགས་བྱས།

ཁྱིམ་ཚང་རེ་རེ་བཞིན་དམངས་ཕན་ཞབས་ཞུའི་ལས་སྒོ་འབྲོག་ཁྱིམ་དུ་ཕྱིན་ནས་བསྒྲུབས་པ་དང་། མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཡིན་པས་ཆ་ནས། ཧྲུའུ་ཅི་སངས་རྒྱས་མཁར་གྱིས་དུས་རྒྱུན་ཞང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞང་མི་དམངས་སྲིད་གཞུང་གི་ཞང་གཙོ་དཀོན་རྡོ། ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གསང་བདག་རྡོ་རྗེ་བཅས་འབྲོག་ཁུལ་དུ་ཁྲིད་དེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་དམས་ཕན་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། དེ་མིན་དུས་ཐོག་ཏུ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་སྐོར་གྱི་ཆ་འཕྲིན་བསྒྲགས།

དཔྱི་ས་ཞང་གིས་ལོ་རེའི་ཟླ5བའི་ནང་མི་རིགས་མཐུན་སྒྲིལ་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཉིན་མོར་གཏན་འཁེལ་བྱས་ཏེ་དུས་ལ་སླེབས་པ་ན་དགོན་པ་དང་སྲང་ལམ། བྱ་འགུལ་ཡུལ་དངོས་བཅས་སུ་སོང་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ལག་དེབ་འགྲེམས་གཏོང་བྱས་པ་མ་ཟད་ཡུལ་དངོས་ནས་འགྲེལ་བཤད་ཀྱང་བྱས། ཆུང་བྱིས་པ་ནས་མགོ་བཟུང་སྟེ་མངའ་ཁོངས་ཀྱི་སློབ་གྲྭ་རུ་མི་རིགས་མཐུན་སྒྲིལ་བྱ་བ་སློབ་རར་བསྐྱོད་པའི་བྱེད་སྒོ་སྤེལ་ནས།  གསར་འཛུགས་བྱ་བ་ལེགས་འགྲུབ་བྱུང་བར་ནུས་ཤུགས་ཡོད་དགུ་བཏོན།

མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཡོང་ཆེད་དཔྱི་ས་ཞང་གིས་སྲིད་འཛིན་ཞང་དང་དགོན་པ། སློབ་གྲྭ་བཅས་རྨང་གཞིའི་དྲ་རྒྱ་བྱས་ཏེ། དྲ་རྒྱ་དེའང་སྡེ་ཚན126ལ་བགོས་ཤིང་ཕྱོགས་ཡོངས་ནས་དྲ་མིག་ཅན་དུ་དོ་དམ་བྱེད་པར་ལག་བསྟར་དོན་འཁྱོལ་ཡོང་བར་བྱས།

མི་རིགས་མཐུན་སྒྲིལ་གསར་འཛུགས་དང་གནད་ཕིགས་དབུལ་སྐྱོར་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་ཁོ་ཚོས་ཡུལ་གཞན་དུ་གནས་སྤོ་བའི་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཞང་གསར་སྐྲུན་བྱས་པ་དང་ཡུལ་གཞན་དུ་གནས་སྤར་བའི་དུད་ཁྱིམ195ཡོད་ལ། དུད་ཁྱིམ་ཚང་མ་གཅིག་གྱུར་འཆར་འགོད་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅིག་སྡུད་ཀྱིས་བཀོད་སྒྲིག་བྱས་པར་མ་ཟད།  དར་དམར་སྡེ་བའི་གྲོང་ཚོ་རིམ་པའི་བགྲོད་ལམ་སྲ་འགྱུར་བཟོ་སྐྲུན་ལ་མ་དངུལ་སྒོར་ཁྲི2800བཏང་།

བྱ་བ་སོ་སོར་ཏན་ཏིག་གིས་སྐུལ་འདེད་བྱས་པས་དཔྱི་ས་ཞང་ནི་རྩེ་ཆུ་རྩྭ་ཐང་དུ་རྣམ་པར་བཞད་ཅིང་ལྷུག་པོར་གྲོལ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྐང་གཅིག་ཏུ་གྱུར།

                                                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།