མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
2019.03.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 59

སེའུ་འབྲུ་མེ་ཏོག་གི་དྲི་ཞིམ་མཚོ་སྔོན་གྱི་ས་གཞི་ཡོངས་ལ་ཁྱབ།

རྒྱ་རིགས་དང་། བོད་རིགས། ཧའེ་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས་སྟོང་ལྷག་སྡོད་ཁུལ་གཅིག་ཏུ་འདུས་སྡོད་བྱས་ཏེ། དུས་ཡུན་རིང་བོར་འཆམ་མཐུན་ངང་འཚོ་ཞིང་གཞེས། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་བདེ་སྐྱིད་སྡོད་ཁུལ་གྱི་འཚོ་བ་ཡིན། སྡོད་ཁུལ་སྡོད་དམངས་འཇམ་དབྱངས་ཀྱིས། ས་གནས་གཅིག་ཏུ་འཚོ་བ་རོལ་ན། ཕན་ཚུན་གྱི་འབྲེལ་བ་ཁྱིམ་ཚང་གཅིག་ལྟར་ཆགས་འགྲོ་བ་ཡིན་ཟེར།

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་དང་། ཆོས་ལུགས་མང་པོ་མཉམ་དུ་གནས་ས། རིག་གནས་མང་པོ་མཉམ་འདྲེས་བྱེད་ས་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་བརྒྱ་ཆའི་ཞེ་བདུན་ལྷག་ཟིན་ཡོད་པ་དང་། དེ་ནི་བོད་ལྗོངས་ལས་གཞན་པའི་བོད་ཀྱི་ས་ཁུལ་ཆེན་པོ་ཨང་གཉིས་པ་ཡིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཁྲོད་མི་རིགས་རང་སྐྱོང་ཁུལ་དྲུག་དང་། མི་རིགས་རང་སྐྱོང་གི་སའི་རྒྱ་ཁྱོན་གྱིས་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད་པ་རེད།

འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སེམས་པ་མཉམ་འབྲེལ་དང་། ཕན་ཚུན་རོགས་སྐྱོར། མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྙེགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱས་པ་དེས་མི་སེམས་གཅིག་བསྡུས་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། རིག་གནས་འབྱོར་ཕྱུག སྤྱི་ཚོགས་བརྟན་འཇགས་ཀྱི་འཐབ་ཕྱོགས་དམིགས་འབེན་སྟེང་དུ་བསྐྱོད་བཞིན་པ་དང་། མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་ག་ས་གང་དུ་མི་རིགས་མཐུན་སྒྲིལ་ནི་ཁྱིམ་ཚང་གཅིག་ལྟར་མཐུན་པའི་རྣམ་པ་ཞིག་ཆགས་ཡོད།

མི་རེ་རེས་མཉམ་དུ་འཕེལ་རྒྱས་ལ་བརྩོན་ལེན་བྱས་ཏེ། འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་མི་རིགས་གཅིག་ཀྱང་ཆད་མི་ཆོག

ཕྱི་དྲོའི་དྲོད་འཇམ་གྱི་ཉི་ཟེར་དྲོན་མོ་ཁང་བའི་སྒེའུ་ཁུང་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཐང་ནག་ཞང་ཤར་རྫོང་ཞོལ་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཏིག་ཕའེ་ཡིས་སྟེང་དུ་འཕྲོས། ཁོ་ཚང་གིས་ཁང་བ་གསར་བའི་ནང་ལོ་སར་བ་དང་། ཁོའི་གདོང་ལ་དུས་དང་རྣམ་པ་ཀུན་ཏུ་འཛུམ་གྱིས་ཁེངས་འདུག

ཁང་ཁྱིམ་གསར་བར་གནས་སྤར་རྗེས། ལི་ཏིག་ཕའེ་ཁྱིམ་ཚང་གང་བོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྔོན་ཆད་ཀྱི་ཁང་བ་རྙིང་བ་དང་ཁ་གྱེས་ཏེ་མུས་གྲུ་བཞི་མ་བརྒྱ་དང་ལྔ་བཅུའི་ཐོག་ཁང་གཉིས་པ་ཅན་ཞིག་ཏུ་གནས་སྤར་ཞིང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཡངས་པ་དེ་རེད།

ལི་ཏིག་ཕའེ་ཡིས་ཡིད་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། ང་དང་ངའི་བུ་གཉིས་ཀྱིས་གླ་གཏོང་རླངས་འཁོར་བསྐོར་བ་དང་། བཟའ་ཟླས་སྔོ་ཚོད་འཚོང་ས་ཞིག་གཉེར་རྒྱུའི་འཆར་གཞི་ཡོད་ལ། མནའ་མས་ཞིན་ཧེ་རྫོང་གི་བྱིས་གཉོར་ཁང་ཞིག་ཏུ་མཁོ་སྒྲུབ་ཀྱི་བྱ་བ་གཉེར་བཞིན་ཡོད། གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་བུ་མོས་སྨན་ཁང་ནས་བྱ་བ་ཞིག་ཀྱང་རྙེད། ད་ལྟ་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པས། སེམས་གཏིང་ནས་ཡིད་ཚིམས་ཡོད་ཟེར།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ཆད་མི་ཉན་ལ། གཅིག་ཀྱང་རྗེས་སུ་བསྐྱུར་མི་རུང་། འདི་ནི་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུན་མོང་གི་ངོས་ཟིན་ཡིན། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་གཅིག་དང་། མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བརྩོན་ལེན་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བྱས། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བ་རུ་ཁྱད་པར་ཅན་གྱི་སྡེ་བ་ཞིག་ཡོད་དེ། དེའི་མིང་ལ་མཱ་ཧེ་སྡེ་བ་ཟེར། དེ་ནི་ཉིས་སྟོང་གཉིས་ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞིན་ཅང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་ཧ་སག་རིགས་ཀྱི་མང་ཚོགས་བཀོད་སྒྲིག་བྱས་རྗེས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཧ་སག་རིགས་ཀྱི་སྡེ་བ་གཅིག་པུ་ཡང་ཡིན།

ལོ་ངོ་མང་པོའི་སྔོན་ལ། སྡེ་བའི་དཔལ་འབྱོར་རྨང་གཞི་ཞན་པ་དང་། འཕེལ་རྒྱས་ཀྱི་རྨང་སྲབ་ལ། སྡེ་བའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་དམའ། ཡིན་ནའང་། ད་ལྟ་འབྲོག་པ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་དེ་ཉིས་སྟོང་གཉིས་ལོའི་སྒོར་མོ་བཞི་བརྒྱ་དང་ཉི་ཤུ་ནས་སྒོར་མོ་ཁྲི་གཅིག་ལ་སླེབས། མཱ་ཧེ་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དེ་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པའི་བདེན་དཔང་ཡིན་པ་རེད།

གླེང་རིན་ཡོད་པ་ཞིག་ནི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་ཟབ་ཚད་དང་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱར་རོགས་སྐྱོར་བྱེད་པ་དང་། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དང་མཉམ་འབྲེལ་བྱེད་པ། དམངས་གཉེར་ཁེ་ལས་དྲུག་བརྒྱ་དང་ང་གཉིས་ཀྱིས་དཀའ་ངལ་ཆེ་བའི་སྡེ་བ་སྟོང་གཅིག་དང་བཞི་བརྒྱ་སུམ་ཅུར་ཁ་གཏད་རོགས་སྐྱོར་བྱེད་པའི་གན་རྒྱ་བཞག་པ་དང་། ལས་གཞིར་མ་དངུལ་གཏོང་བ་དང་། ཐོན་ལས་རོགས་སྐྱོར་མ་དངུལ། རིགས་སོ་སོའི་ཞལ་འདེབས་སོགས་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་དགུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་འབུམ་གཅིག་དང་ཁྲི་ལྔ་ལྷག་ལ་ཁེ་ཕན་ཐོབ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཐུན་ཞེས་པའི་རིག་གནས་འཕྲོད་བསྟེན་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་བརྩོན་ལེན་བྱས་ཏེ་མཚོ་སྔོན་དུ་འོངས་པར་མ་ཟད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དང་དུས་ཡུན་རིང་བོའི་ལག་རྩལ་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འཐད་པ་བྱུང་། དེ་དང་ཆབས་ཅིག་ཏུ། ཐུམ་འབུའི་ནད་འགོག་བཅོས་དྲིལ་སྒྲོག་སློབ་གསོ་དེ་དགོན་པའི་ནང་སྤེལ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་མང་ཚོགས་དང་དགོན་པའི་གྲྭ་བཙུན་ཁྲོད་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་གྱི་འཕྲོད་བསྟེན་འདུ་ཤེས་ཇེ་མཐོར་བཏང་།

དཔལ་འབྱོར་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བརྟན་འཇགས་སྒོས་གོང་འཕེལ་གཏོང་བ། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ཞིབ་ཚགས་ཀྱིས་བསྒྲུབས་པ་བཅས་དང་བསྟུན་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ཆད་མི་ཆོག་པའི་དམ་ཚིག་དེ་ནི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་གི་གསོན་ཉམས་ལྡན་པའི་དོན་དངོས་ཤིག་ཏུ་གྱུར་ཡོད།

འདས་སོང་ལ་ཕྱིར་ལྟ་བྱས་ན། འགྱུར་བཞིན་པ་ནི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་ཕྱིའི་རྣམ་པ་ཡིན་པ་དང་། མི་འགྱུར་བ་ནི་སྤུན་ཟླའི་བརྩེ་སེམས་རེད།

མ་འོངས་པར་རྒྱང་བལྟ་བྱས་ཚེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོས་སེམས་པ་གཅིག་མཐུན་དང་། ཕན་ཚུན་རོགས་རམ་བྱས་ཏེ། མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་རེ་བ་གསར་བ་བསྩལ་ཡོད་པ་དང་། འབད་བརྩོན་གྱི་དབྱངས་རྟ་གསར་བ་ཞིག་ཀྱང་བྲིས་ཡོད། བཀྲག་མདངས་འཚེར་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པ་དེས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་མཚོ་སྔོན་ལ་མཛེས་སྡུག་གི་ཁ་དོག་གསར་བ་ཞིག་བསྣོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།

                                                                                                                  ལོ་ཙཱ། ཚེ་རིང་སྒྲོལ་མ།