མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཉིས་སྟོང་བཅུ་དགུ་ལོར་དམངས་ཕན་དོན་བཟང་ཉི་ཤུ་བསྒྲུབ་རྒྱུ་རེད།
2019.03.13 ཁུངས། མཚོ་ལྷོའི་གསར་འགྱུར་དྲ་བ། ཀློག་གྲངས། 83

ལྔ་བཞིའི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་བརྟན་བརླིང་སྒོས་སྐུལ་འདེད་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་དམངས་ཚིས་ཁོངས་གཏོགས་ཀྱི་འབྲེལ་ཡོད་བཅོས་སྒྱུར་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། མི་དམངས་མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཐག་བཅད་ནས། ཉིས་སྟོང་བཅུ་དགུ་ལོར་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་བཅོས་སྒྱུར་སྐུལ་འདེད་བཅས་ཀྱི་བླང་བྱ་ལྟར། ཕྱོགས་སོ་སོ་ནས་མ་དངུལ་སྒོར་དུང་ཕྱུར་སུམ་ཅུ་ལྷག་བརྩོན་ལེན་བྱས་ནས། སློབ་ཞུགས་དང་ལས་ཞུགས། རྒན་གསོ། སྡོད་ཁང་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་པ་དང་། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ལས་ས་ཁུལ་གྱི་ཆུ་གློག་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་རྒྱུ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱས་ཏེ་མུ་མཐུད་དུ་མི་དམངས་ལ་དོན་དངོས་ཉི་ཤུ་བསྒྲུབ་རྒྱུ་རེད།

གཅིག མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ནས། སློབ་གསོའི་རྨང་གཞི་ཇེ་དྲག་ཏུ་གཏོང་བའི་བཟོ་སྐྲུན་ལག་བསྟར་དང་། སློབ་གྲྭ་ཆུང་འབྲིང་ཉེར་གསུམ་དང་བྱིས་གཉོར་ཁང་བཅུ་དགུ་གསར་འཛུགས་དང་རྒྱ་བསྐྱེད་བྱེད་རྒྱུ་ཡིན་ལ། མཐོ་འབྲིང་གཅིག་གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ལས་རིགས་སློབ་གྲྭའི་སློབ་ཁྲིད་ཀྱི་སློབ་སྒྲུབ་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། གཞན་ཡུལ་གྱི་སློབ་འབྲིང་དང་ལས་རིགས་འཛིན་གྲྭའི་སློབ་མ་ཉིས་བརྒྱ་བསྡུ་བའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།

གཉིས། རྒྱུན་མཐུད་ངང་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་གཏོང་བར་སྐུལ་འདེད་བྱེད་པ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་བཏང་ནས། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ལམ་གལ་ཆེན་མྱུར་སྐྱོབ་ས་ཚིགས་བཅུ་གསུམ་དང་མྱུར་སྐྱོབ་རླངས་འཁོར་སྒྲིག་ཆས། གུང་ཧོ་རྫོང་བུད་མེད་དང་བྱིས་པའི་ལུས་ཁམས་བདེ་སྲུང་ཁང་གི་ལས་སྒོའི་ཁང་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་བཏང་སྟེ། ལོ་རེ་ལྔ་ཡན་གྱི་རྒན་པའི་བདེ་ཐང་ལུས་ཕུང་བརྟག་དཔྱད་ཀྱི་ཚད་ལོ་དྲུག་ཅུའི་ཡན་གྱི་རྒན་པར་ཁེབས་པར་བྱེད་རྒྱུ་རེད།

གསུམ།  ལས་ཞུགས་དང་སླར་ཡང་ལས་ཞུགས་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་སྟོང་གཉིས་སུ་སླེབས་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི་བཞི་དང་སྟོང་ལྔ་ས་གནས་གཞན་དུ་ལས་ཞུགས་བྱེད་དུ་བཅུག་ནས། ངལ་རྩོལ་གྱི་ཡོང་སྒོ་སྒོར་དུང་ཕྱུར་གསུམ་ལ་སླེབས་སུ་འཇུག་རྒྱུ་རེད།

བཞི། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་གསུམ་བཏང་སྟེ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་མཐོ་སྒང་གི་མཛེས་པའི་ཞིང་སྡེ་སུམ་ཅུ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་པ་དང་། ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་བདུན་དངོས་འབེབས་བྱས་ཏེ། རོང་འབྲོག་པའི་ཉེན་ཁང་སྟོང་གཅིག་བརྒྱ་དང་ཞེ་གསུམ་བསྒྱུར་བཀོད་དང་ལེགས་བཅོས་བྱེད་རྒྱུ་རེད།

ལྔ། མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་ནས། འགྲིམ་འགྲུལ་གཞུང་ལམ་རིམ་སྤར་བསྒྱུར་བཀོད་དང་ས་ཚིགས་འཛུགས་སྐྲུན། ཆུ་འདྲེན་ལས་གཞི་སོགས་འགྲིམ་འགྲུལ་གྱི་རྨས་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་རེད།

དྲུག མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་ལྔ་བཏང་ནས། ཁྲི་ཀ་རྫོང་གི་དཀར་བརྗིད་ཞང་དང་། ཞིན་ཧེ་རྫོང་གི་ཧོལ་ཁ་གྲོང་རྡལ་གྱི་ལྔ་གཅིག་སྡེ་བ་སོགས་སུ་ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐུན་ལས་གཞི་ལག་བསྟར་བྱས་ནས། ས་ཞིང་མུའུ་འབུམ་གསུམ་དང་ཁྲི་གཅིག་གསར་སྤེལ་བྱེད་རྒྱུ་རེད།

བདུན། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་ལེན་དང་གཙང་སེལ་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་བྱས་ཏེ།  མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་སྲིད་འཛིན་སྡེ་བ་དོན་དགུ་ཡི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།

བརྒྱད། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་ནས། ཁུལ་ཡོངས་ནས་སྲིད་འཛིན་སྡེ་བ་ཉིས་བརྒྱ་རེ་དགུ་ལ4Gདྲ་བའི་ཞབས་ཞུའི་ས་ཚིགས་ཉིས་བརྒྱ་རེ་དགུ་འཛུགས་སྐྲུན་བྱས་ནས། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་བཞི་བརྒྱ་ཉེར་གསུམ་ལ་སྐུད་མེད་དྲ་བའི་བརྡ་རྟགས་ཀྱིས་ཁེབས་པར་བྱེད་རྒྱུ་རེད།

དགུ།  མ་དངུལ་སྒོར་དུང་ཕྱུར་དགུ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་ལྔ་བཏང་ནས། སྡོང་བོ་ཆེ་གྲས་ཀྱི་ནགས་ཚལ་ས་མུའུ་འབུམ་ལྔ་ལྷག་དང་མིས་བཟོས་སྡོང་ཕྲུག་གི་ནགས་ཚལ་ས་མུའུ་འབུམ་གཅིག་དང་ཁྲི་གཉིས། ས་མུའུ་ཁྲི་བདུན་དང་སྟོང་ལྔ་ལ་སྡོང་ཕྲུག་འཛུགས་པ། ས་མུའུ་ཁྲི་ལྔ་དང་སྟོང་དྲུག་ལ་བྱེ་མའི་ས་ཆ་འགོག་བཅོས་བྱས་ཏེ་རྩྭ་འདེབས་པ་སོགས་ཀྱི་བྱ་བ་བཅས་ལག་བསྟར་བྱེད་རྒྱུ་རེད།

བཅུ།  ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་བྱེ་བ་གསུམ་བརྩོན་ལེན་བྱས་ནས། ཞང་སྡེའི་ཡུལ་སྐོར་ལས་གཞིའི་ཁ་གསབ་རོགས་སྐྱོར་དང་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་དངུལ་བུན་ཁ་གསབ་ལག་བསྟར་བྱས་ཏེ། ཡུལ་སྐོར་ལྗོངས་ཁུལ་དུ་སྤྱོད་ཁང་སོ་གཉིས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཡུལ་སྐོར་ལས་གཉེར་མི་སྣ་སྟོང་གཉིས་དང་བཞི་བརྒྱ་ལ་གསོ་སྦྱོང་བྱེད་པའི་བྱ་འགུལ་བཅས་ལག་བསྟར་བྱེད་རྒྱུ་རེད།

བཅུ་གཅིག མ་དངུལ་སྒོར་བྱེ་བ་བརྒྱད་དང་འབུམ་གཉིས་བཏང་ནས་རྩྭ་ས་མུའུ་ས་ཡ་གཅིག་ལ་ལྕགས་ར་འཐེན་པ་དང་ས་མུའུ་འབུམ་བདུན་ལ་ས་ཁུལ་བགོས་ཏེ་ཕྱུགས་ཟོག་རེས་མོས་སྒོས་འཚོ་བ་ལག་བསྟར་བྱེད་རྒྱུ་རེད། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་སུམ་ཅུ་དང་། ཁྱིམ་ཚང་ཕྱུགས་ར་དང་རོང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ལྔ་བཅུ། བོད་ལུག་དང་འབྲི་གཡག་གསོ་བའི་ཕན་ནུས་མཐོ་བའི་གསོ་སྤེལ་མཉམ་ལས་ཁང་བཅུ་བཅས་ལ་རོགས་སྐྱོར་བྱས་ཏེ། རྩྭ་སའི་ཁ་གསབ་ཀྱི་བྱ་དགའི་རོགས་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་དགུ་འབུམ་ལྔ་དངོས་འབེབ་དོན་འཁྱོལ་བྱེད་རྒྱུ་རེད།

བཅུ་གཉིས། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བརྩོན་ལེན་བྱས་ནས། 2019ལོར་དབུལ་ཕོངས་མི་གྲངས་སྟོང་དགུ་དང་བརྒྱ་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་སྡེ་བ་ཉེར་བདུན་གྱི་དབུལ་ཐར་བྱས་ཏེ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

བཅུ་གསུམ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བརྒྱད་ཁྲི་གཉིས་བཏང་སྟེ། ཁུལ་ཡོངས་སུ་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་སོ་དགུ་འཛུགས་སྐྲུན་བྱེད་པ་དང་། སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཁང་ང་དྲུག་ལ་རྒྱང་སྒྲོག་གི་སྒྲིག་ཆས་མཁོ་སྤྲོད་བྱེད་རྒྱུ་རེད།

བཅུ་བཞི། མ་དངུལ་སྒོར་བྱེ་བ་བརྒྱད་བཏང་ནས། རོང་འབྲོག་ཁུལ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་རིམ་སྤར་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་མང་ཚོགས་ཁྲི་ལྔ་ཡི་འཐུང་ཆུའི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད།

བཅོ་ལྔ། རོགས་སྐྱོར་འཛུགས་སྐྲུན་གྱི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་དངོས་འབེབ་བྱས་ཏེ། ཁུལ་ཡོངས་ཀྱི་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། གནད་འཁེལ་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་བཀོལ་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་ཞང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་དངོས་འབེབ་བྱས་ཏེ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་རྒྱུ་རེད།

བཅུ་དྲུག མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་བཏང་ནས། སྟོང་ཧྥུ་སོ་ལྔ་ཅན་གྱི་གློག་འདོན་ས་ཚིགས་གཉིས་འཛུགས་སྐྲུན་བྱེད་པ་དང་། སྟོང་ཧྥུ་སོ་ལྔ་ཅན་གྱི་སྐུད་ལམ་མུས་ཉིས་བརྒྱ་བཞི་བཅུ་ཡིན་ལ། གསར་དུ་བཙུགས་པའི་གློག་བསྒྱུར་ཤོང་ཚད་ཀྲའོ་ཧྥུའུ་ཨན་ལྔ་དང་གྲངས་ཆུང་གཅིག་ལྔ་རེད། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་ནས། སྟོང་ཧྥུ་བཅུ་ཅན་གྱི་སྐུད་ལམ་སྤྱི་ལེ་དྲུག་བརྒྱ་གྱ་གཉིས་དང་གྲངས་ཆུང་བརྒྱད་ལ་འཐེན་པ་དང་། གློག་བསྒྱུར་ས་ཚིགས་བཞི་བརྒྱ་སོ་གཉིས་གསར་དུ་འཛུགས་སྐྲུན་བྱས་ནས་ཁྱིམ་ཚང་སྟོང་དགུ་དང་བཞི་བརྒྱ་དྲུག་གི་གློག་བཀོལ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད། ཡིག་ཚགས་བྱང་བུ་བཙུགས་པའི་དབུལ་ཕོངས་སྡེ་བ་བཅུ་གཅིག་དང་དབུལ་ཕོངས་ཀྱི་ཚབས་ཅུང་ཆེ་བའི་ས་ཁུལ་གྱི་སྡེ་བ་བཅུ་བདུན་གྱི་གློག་དྲ་བསྒྱུར་བཀོད་བྱས་ནས། ནུས་ཤུགས་ཡོད་དགུས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་སྡེ་བའི་གློག་དྲ་འཛུགས་སྐྲུན་གྱི་སྒྲིག་ཆས་ཆ་ཚང་ཐག་གཅོད་བྱས་ཏེ། གློག་དྲའི་གློག་འདོན་ནུས་ཤུགས་དང་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་རེད།

བཅུ་བདུན། རྒྱ་ཆེའི་བུད་མེད་རྣམས་ལ་ལས་སྐྲུན་གྱི་དངུལ་བུན་སྒོར་བྱེ་བ་གསུམ་བསྐྱིས་ཏེ། ཧུར་ཐག་གིས་དབུལ་ཕོངས་ས་ཆའི་བུད་མེད་ཀྱི་སྐྲན་ནད་གཉིས་ཀྱི་རོགས་སྐྱོར་བྱ་བར་ཤུགས་སྣོན་བྱས་ནས། འཆར་ལྡན་བུ་སྐྱེས་ཀྱི་ཁྱིམ་ཚང་ལ་བྱ་དགའི་རོགས་དངུལ་སྟེར་བ་དང་། བྱིས་པ་ཉུང་ཉུང་སྐྱེས་ཏེ་སྔ་མོར་ཕྱུག་པོར་འགྱུར་བའི་དམིགས་འབེན་ཡོད་པའི་མི་རྣམས་ལ་རོགས་སྐྱོར་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་དྲུག་དངོས་འབེབ་བྱེད་རྒྱུ་རེད།

བཅོ་བརྒྱད། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གསུམ་བཏང་ནས། ཁུལ་ཡོངས་ཀྱི་མཁར་གྲོང་གི་འཚོ་བར་དཀའ་ངལ་ཆེ་བའི་མང་ཚོགས་ཁྲི་བཞི་ལ་མ་མཐའི་འཚོ་བའི་འགན་སྲུང་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར། གནས་སྐབས་ཀྱི་རོགས་དངུལ་བཅས་ལག་བསྟར་བྱེད་པ་དང་། ཁུལ་ཡོངས་ཀྱི་ལོ་བདུན་ཅུ་ཡན་གྱི་རྒན་པ་ཁྲི་གཅིག་དང་སྟོང་དགུ་དྲུག་བརྒྱ་དགུ་ལ་ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་སྟེར་བ། ཁུལ་ཡོངས་ཀྱི་དཀའ་ངལ་ཅན་གྱི་དབང་བོ་སྐྱོན་ཅན་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་དོན་བརྒྱད་ལ་འཚོ་བའི་ཁ་གསབ་དང་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་ལ་གཉོར་སྐྱོང་བྱེད་པའི་ཁ་གསབ་རོགས་དངུལ་བཅས་སྟེར་རྒྱུ་རེད།

བཅུ་དགུ  མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་བཏང་ནས། གུང་ཧོ་དང་ཁྲི་ཀ ཀོས་ནན་བཅས་རྫོང་གསུམ་གྱི་གནས་སྤོས་ཡུལ་མིའི་སྡེ་བར་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། གནས་སྤོ་ས་ཁུལ་གྱི་ཁང་རྙིང་བསྒྱུར་བཀོད་དང་གནས་སྤར་དབུལ་ཕོངས་སྡེ་བའི་ཐོན་ལས་རོགས་སྐྱོར་ལས་གཞི་ལེགས་འགྲུབ་འབྱུང་བའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།

ཉི་ཤུ། དངུལ་རྩའི་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར་བཅུ་བསྐྱི་རྒྱུ་ཡིན་པ་དང་། ཁེ་ལས་ཆུང་བར་སྒོར་དུང་ཕྱུར་གསུམ་བསྐྱི་རྒྱུ་རེད། གོང་འོག་མཉམ་འགུལ་མཉམ་ལས་ཀྱི་དངུལ་བུན་བསྐྱི་བའི་བྱ་བར་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། འབྲེལ་གཏུག་བྱེད་སའི་གཞུང་སྒྲུབ་ཁང་དོན་ལྔ་འཛུགས་སྐྲུན་བྱེད་རྒྱུ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།