མང་ཚོགས་ཀྱི་ནད་གཞིར་སྨན་བཅོས་དང་སྨན་བཅོས་ལེགས་པོ་བྱེད་དུ་འཇུག་དགོས།
2019.03.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 31

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་པིས་ཧྲིན་ཀྲོང་གིས་དགའ་སྤྲོའི་ངང་འཐུས་མི་ཁུང་ཆིན་ཅུའུ་ལ་ཏ་ཧྲི་ཅ་སྡེ་བའི་ངོ་མཚར་བའི་གཏམ་རྒྱུད་བཤད།

“སྔོན་འགོག་གཙོར་བཟུང་ནས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གསར་དུ་ཁ་སྣོན་བྱས་པའི་ནོར་སྲིད་ཁ་གསབ་རོགས་དངུལ་ཡོངས་རྫོགས་སྡེ་བ་དང་སྡོད་ཁུལ་འཛུགས་སྐྲུན་གྱི་ཕྱོགས་སུ་བཏང་ནས། ངེས་པར་དུ་གཞི་རིམ་མང་ཚོགས་ལ་ཁེ་ཕན་བསྐྲུན་དགོས།” “རིམས་ནད་འགོག་སྨན་དེ་ཚེ་སྲོག་བདེ་ཐང་ལ་འབྲེལ་ཡོད་པས་ངེས་པར་དུ་གོ་རིམ་ཧྲིལ་བོར་ལྟ་རྟོག་དོ་དམ་བྱེད་དགོས་པ་མ་ཟད། ཁྲིམས་འགལ་ལ་ཆད་པ་ནན་མོ་གཅོད་པ་དང་། འགན་ཤོར་ལས་འཛོལ་བྱུང་མཁན་ལ་འདྲི་གཅོད་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བྱ་བ་བརྟན་སྲུང་བྱེད་དགོས། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་འབྲེལ་ཡོད་ཀྱི་ནང་དོན་ཁྲོད། ཐད་ཀར་དུ་མི་དམངས་མང་ཚོགས་ཀྱི་འཚོ་བའི་གནད་དོན་དང་། དཀའ་ངལ་སོགས་ལ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད།”

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་སྟོབས་འབྱོར་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར། མང་ཚོགས་ཀྱི་ནད་གཞིར་སྨན་བཅོས་བྱེད་ཐུབ་པ་དང་སྨན་བཅོས་ལེགས་པོ་བྱེད་དུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

སྙན་ཞུའི་ཁྲོད་བསྟན་དོན། རྒྱུན་མཐོང་གི་གཅོང་ནད་རིགས་འགོག་བཅོས་དང་། ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་ཀྱི་སྒོ་བསྟེན་སྨན་བཅོས་སྨན་རིན་དག་སྨན་བཅོས་འགན་སྲུང་རྩིས་ཞུ་ནང་འཇོག་དགོས། ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་དུ་ས་གནས་དེ་ག་རུ་རྩིས་ཞུ་བྱེད་པའི་སྲིད་ཇུས་ལག་ལེན་དོན་འཁྱོལབྱས་ཏེ། མགྱོགས་མྱུར་གྱིས་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ནད་པས་གཏན་འཁེལ་སྨན་ཁང་དུ་བྱང་བུར་བརྟེན་ནས་དུས་ལྟར་སྨན་བཅོས་དང་སྨན་རིན་རྩིས་ཞུ་བྱེད་དུ་བཅུག་ཏེ་འཁོར་རྒྱུག་མི་སྣ་དང་གནས་སྤོར་རྒན་རྒོན་ལ་སྟབས་བདེ་སྐྲུན་དགོས་པར་བསྟན། འཐུས་མི་པིས་ཧྲིན་ཀྲོང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་ཀྱི་སྒོ་བསྟེན་སྨན་རིན་རྩིས་ཞུ་བྱེད་ཚད་མཐོ་བ་དང་ས་གནས་གཞན་དུ་སྨན་བཅོས་འགན་སྲུང་རྩིས་ཞུ་བྱེད་དཀའ་བ་སོགས་ཀྱི་སྨན་བཅོས་སྐོར་གྱི་གནད་དོན་དང་དཀའ་ངལ་ལ་ཕན་ནུས་ལྡན་པའི་ཐག་གཅོད་བྱེད་ཐབས་དང་དམིགས་འབེན་གསར་བ་གཏན་འཁེལ་བྱས་ཡོད།

“མཐོ་སྒང་དུ་དབྱང་དབུགས་མི་འདང་བ་དང་རླུང་གནོན་དམའ་བ། གྲང་ངར་ཆེ་བའི་ཁོར་ཡུག་གི་རྐྱེན་གྱིས་མཐོ་སྒང་གི་གཅོང་ནད་སྣ་ཚོགས་འབྱུང་གིན་ཡོད་ལ། མཚོ་ངོས་ལས་མཐོ་ཚད་མུས་ཉིས་སྟོང་ལྔ་བརྒྱ་ཡན་དུ་འཚོ་སྡོད་བྱེད་པའི་མང་ཚོགས་ཁྲོད་བརྒྱ་ཆའི་ལྔ་ནས་བརྒྱ་ཆའི་བཅུ་བར་གྱི་མི་ལ་ས་མཐོའི་གཅོང་ནད་ཕོག་ཡོད་པ་མ་ཟད། མིའི་ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས་ནད་རིགས་ཀྱང་སྣ་ཚོགས་འབྱུང་བཞིན་ཡོད་དེ། ལོ་ལྔ་བཅུ་རུ་ཐོན་ཚེ་ས་མཐོའི་ནད་འབྱུང་ཚད་བརྒྱ་ཆའི་སུམ་ཅུ་ལ་སླེབས་ཡོད། རྒྱལ་ཁབ་ཀྱི་གསོ་རིག་ཁྲོད་མཚོ་སྔོན་ཞིང་ཆེན་ལ་དམིགས་ནས་རྒྱལ་ཁབ་ས་མཐོའི་གསོ་རིག་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཡོངས་ཀྱི་ས་མཐོའི་གསོ་རིག་ཐོན་ཁུངས་གཅིག་སྡུད་བྱེད་དགོས” ཞེས་ཨུ་ཡོན་ལིས་ལིས་ཅོན་གྱིས་བཤད།

ཨུ་ཡོན་ཅིན་དཔའ་ཡིས་བཤད་རྒྱུར། “2030ལོའི་བདེ་ཐང་གི་མཚོ་སྔོན”ཞེས་པའི་འཆར་གཞི་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་སྔོན་འགོག་གཙོར་བྱེད་པའི་འཕྲོད་བསྟེན་བྱ་བའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ་དང་། ཏང་དང་སྲིད་གཞུང་གིས་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་འགོ་ཁྲིད་ལ་དངོས་གནས་ཤུགས་བསྣན་ནས། ནད་རིགས་ལྕི་མོ་སྔོན་འགོག་ཚོད་འཛིན་བྱ་བ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཁྲོད་བཞག་སྟེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ནི་སྲིད་གཞུང་གི་སྲིད་སྐྱོང་བྱས་རྗེས་ཞིབ་བཤེར་གྱི་དམིགས་ཚད་དུ་འཛིན་པ་དང་། ནད་རིགས་ལྕི་མོ་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྲིད་གཞུང་གི་འགན་འཁུར་གསལ་འབེབས་བྱེད་དགོས་པར་བསྟན།

2019ལོར། མཚོ་སྔོན་གྱིས“2030ལོའི་བདེ་ཐང་གི་མཚོ་སྔོན”ཞེས་པའི་འཆར་གཞི་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་འབྲེལ་མཐུད་འཛུགས་སྐྲུན་དང་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། རིམ་པ་གསུམ་གྱི་སྨན་ཁང་འབྲེལ་མཐུད་བྱེད་པའི་བཅོས་སྒྱུར་ནུས་ཤུགས་དང་ཕན་ནུས་ལ་ཤུགས་སྣོན་པ། མགྱོགས་མྱུར་ངང“འཕྲིན་སྦྲེལ་དྲ་བ་དང་སྨན་བཅོས་བདེ་ཐང”འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཤུགས་ཆེན་པོས་རྒྱང་བསྟེན་སྨན་བཅོས་སྒྲིག་ཆས་སོགས་གསར་དར་བདེ་ཐང་ཞབས་ཞུའི་རྣམ་པ་གསར་འཛུགས་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་བྱ་བའི་གཙོ་གནད་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཉིས་གཞི་རིམ་དུ་བསྐྱོད་པར་སྐུལ་སྤེལ་བྱས་ཏེ། སྨན་མི་འདང་བ་དང་། སྨན་རིན་མཐོ་བ། འབྲས་སྐྲན་གྱི་སྨན། བྱིས་པའི་སྨན་སོགས་ཀྱི་གནད་དོན་ལ་ཁག་ཐེག་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བའི་གནད་དོན་སྣ་ཚོགས་ཐག་གཅོད་བཅས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།