འབྲོག་ཁུལ་ལ་ཁངས་ཆག་གི་གནོད་འཚེ་ཐེབས་ཀྱང་ཏང་གི་སྲིད་ཇུས་བཟང་པོས་འབྲོག་པ་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྦྱིན།
2019.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

ན་ནིང་དགུན་ཚུགས་པའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཁ་བ་ཐེངས་བཅུ་གསུམ་ལ་བབས་པས་རྨ་སྟོད་དང་དར་ལག དགའ་བདེ། རྨ་ཆེན་བཅས་རྫོང་བཞིའི་ཞང་དང་གྲོང་རྡལ་ཉེར་བཞི་ལ་ཚད་རིམ་མི་འདྲ་བའི་ཁངས་སྐྱོན་བྱུང་། རྨ་ཆེན་རྫོང་དབྱིག་གཞུང་ཞང་མཚོ་ངོས་ལས་མཐོ་ཞིང་དྲོད་ཚད་དམའ་བས་ཁ་བ་དུས་ཐོག་ཏུ་ཞུ་དཀའ་བ་དང་། དེའི་ཁར་བསྟུད་མར་ཁ་བ་བབས་པས་ཞིང་སྡེའི་གཞུང་ལམ་ཡང་དང་བསྐྱར་དུ་ཁེགས་པས། ཕྱུགས་ཟོག་མང་པོ་ཞིག་ཁངས་སྐྱོན་ཁྲོད་ཤི་ཞིང་མང་ཚོགས་རྣམས་ཁངས་སྐྱོན་གྱི་གནོད་འཚེ་ལ་འཕྲད་པའི་སྐབས་སུ། དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་མི་སྣ་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་ནུས་ཤུགས་ཡོད་དགུས་གནོད་འགོག་རྒུད་སྐྱོབ་བྱས།

གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་དབུལ་ཁྱིམ་ཕྱུག་སྒྱུར་གྱི་རྒྱབ་བརྟེན་དུ་གྱུར་པ།

ཉེ་ལམ། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སོང་བ་དང་། ས་དེའི་འབྲེལ་ཡོད་མི་སྣའི་བཀོད་སྒྲིག་འོག་རྨ་སྟོད་རྫོང་སྐྱ་རེངས་ཞང་གི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་སོང་སྟེ། གྲོ་རེངས་སྡེ་བའི་ཁངས་ཆག་གི་གནོད་འཚེ་དང་མཉམ་ལས་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱས།

གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་སྒོ་ཁར་སླེབས་པ་ན། ན་ཚོད་དར་ལ་བབས་པའི་ན་གཞོན་ཞིག་གིས་མཉམ་ལས་ཁང་གི་ལུག་ཁྱུ་ལྷས་ར་ནས་སྒོར་གཏོང་རོགས་བྱེད་བཞིན་འདུག་ལ། ཁོ་ནི་གྲོ་རེངས་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཞི་ཁྲོ་སྐྱབས་རེད། ཁོས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་བར་རྨ་སྟོད་རྫོང་དུ་ཁྱོན་བསྡོམས་ཁངས་ཆེན་ཐེངས་དྲུག་ལ་བབས་པ་དང་། ཁངས་ཆག་གི་གནོད་འཚེ་ཡིས་གྲོ་རེངས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་ལུག་ཉིས་བརྒྱ་ལྷག་ཤི་སྟེ། མཉམ་ལས་ཁང་ལ་གྱོང་གུད་མི་ཉུང་བ་ཐེབས།

རྨ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་སྐྱ་རེངས་ཞང་གི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་རྫོང་ཞིང་ཕྱུགས་ཅུས་ནས་འབྱོར་བའི་གཟན་རྩྭ་དང་གཟན་ཆས་འབྲོག་ཁྱིམ་རྣམས་ཀྱི་སྒོ་ཁ་རུ་བསྐྱལ་བའི་བྱ་བ་གང་ལེགས་སྒོས་བསྒྲུབས། གྲོ་རེངས་སྡེ་བའི་མཉམ་ལས་ཁང་དུ་ད་བར་གཟན་ཆས་ཏུན་ཉེར་ལྔ་དང་། རྩྭ་ཤོག་སྟོང་གཅིག་དང་ལྔ་བརྒྱ་ཡིས་རྒུད་སྐྱོབ་བྱས་ཡོད། དེ་ལས་གཞན་གྲོ་རེངས་སྡེ་བའི་ཧྲུའུ་ཅི་དང་། ཏང་ཡོན། སྐྱེ་ཁམས་སྲུང་སྐྱོབ་མཁན། ནགས་སྲུང་སོགས་སྤྱི་ཕན་ལས་གནས་སྟེང་ཡོད་པའི་ལས་བྱེད་པ་བཅས་ཀྱིས་ཀྱང་ཞང་སྡེ་སོ་སོའི་བར་གྱི་གཞུང་ལམ་སྟེང་གི་ཁ་བ་ཕྱགས་ཏེ་མང་ཚོགས་ཕར་འགྲོ་ཚུར་འོང་ལ་སྟབས་བདེ་བཟོ་རོགས་དང་། འབྲོག་ཁྱིམ་རེ་རེར་སོང་སྟེ་ཁངས་གནོད་བྱུང་བའི་གནས་ཚུལ་ཡར་ཞུ་སོགས་ཀྱི་བྱ་བ་ཧུར་ཐག་གིས་བསྒྲུབས།

གྲོ་རེངས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་ནི་ཉིས་སྟོང་དྲུག་ལོར་གཉེར་མགོ་བརྩམས་པ་ཡིན་ཞིང་། དེ་ནི་དབུལ་སྐྱོར་ལས་གཞིའི་མ་དངུལ་ལ་བརྟེན་ནས་བཙུགས་པ་ཞིག་རེད། སྐབས་དེར་དབུལ་སྐྱོར་མ་དངུལ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ཡིས་མཉམ་ལས་ཁང་ལ་ལུག་བརྒྱད་བརྒྱ་ཉོས། གྲོ་རེངས་སྡེ་བར་ཁྱོན་བསྡོམས་ཁྱིམ་ཚང་གོ་བདུན་ཡོད་པའི་ནང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་ཞེ་བཞི་ཡོད་ལ། ཁོ་ཚོ་རྫོང་ཐོག་ཏུ་དབུལ་སྐྱོར་གནས་སྤོར་བྱས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཉེར་གཉིས་དབུལ་ཕོངས་ལས་ཐར་བ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་མཉམ་ལས་ཁང་གི་ལུག་རྣམས་ཁྱིམ་ཚང་གི་ཆ་རྐྱེན་ཅུང་བཟང་བ་དང་རྩྭ་ས་བཟང་པོ་ཡོད་མཁན་དག་གིས་འཚོ་སྐྱོང་བྱས་པས། ན་ནིང་ཁྱིམ་ཚང་གོ་བདུན་གྱི་མི་རེར་མཉམ་ལས་སྨན་བཅོས་སྒོར་མོ་ཉིས་བརྒྱ་དང་ལྔ་བཅུ་དང་རྒན་གསོ་སྒོར་མོ་བརྒྱ་རེ་སྤྲད།

རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་། དབུལ་ཁྱིམ་དག་གི་རེ་བ་ལྟར་མཉམ་ལས་ཁང་གི་ལུག་འཚོ་སྐྱོང་བྱ་བ་དེ་དབུལ་ཁྱིམ་རྣམས་ལ་སྤྲད་པ་ཡིན་ན་ཡོང་སྒོ་སྔར་ལས་བཟང་རབས་བཤད་པས་ཁོ་ཚོའི་རེ་བ་ལྟར་བསྒྲུབས། ལུག་འཚོ་སྟངས་ཐད་ནས་དབུལ་ཁྱིམ་སུས་ཀྱང་ལུག་འཚོ་ཆོག་ལ་ལུག་འཚོ་ཡུན་གྱི་དུས་ཚོད་ལ་གཏན་འཁེལ་མེད། ཡིན་ནའང་ཉུང་མཐར་ཡང་ལོ་གཅིག་ལ་ལུག་འཚོ་བའི་གན་རྒྱ་འཇོག་དགོས། ཞི་ཁྲོ་སྐྱབས་ཀྱིས་བཤད་རྒྱུར། གལ་ཏེ་དབུལ་ཁྱིམ་ཞིག་གིས་ལུག་བཞི་བརྒྱ་འཚོ་བའི་དབང་དུ་བཏང་ན། མ་མོ་བཞི་བརྒྱ་ཡི་རྗེས་ཀྱི་ལུ་གུ་བཞི་བརྒྱ་དང་། ལོ་དེའི་བལ་དང་རིལ་མའི་ཡོང་སྒོ་ཚང་མ་ལུག་རྫི་ལ་དབང་ཞིང་། ལོ་རེར་མཉམ་ལས་ཁང་ལ་མ་མོ་བཞི་བརྒྱ་བོ་བོར་བརླག་གཅིག་ཀྱང་མི་འབྱུང་བར་སྤྲོད་དགོས་པ་གཏན་འཁེལ་བྱས་ཡོད་པ་དང་། དེ་ལས་གཞན་ལུག་གཅིག་ལ་སྒོར་མོ་བརྒྱ་རེ་སྤྲོད་དགོས། དེ་ལྟར་བྱས་ན་མཉམ་ལས་ཁང་གི་ལོ་གཅིག་གི་ཁྱོན་བསྡོམས་ཡོང་སྒོ་སྒོར་ཁྲི་བཞི་ལ་སླེབས་ཡོད་ཅིང་། དེའི་ནང་ནས་སྒོར་མོ་ཁྲི་གཉིས་དབུལ་ཁྱིམ་རྣམས་ལ་བགོ་བཤའ་བརྒྱབ་པ་དང་། སྒོར་ཁྲི་གཉིས་མཉམ་ལས་ཁང་ལ་གཟན་རྩྭ་དང་། གཟན་ཆས། རྩྭ་ས་བཅས་ཉོ་བའི་ཐད་བཀོལ་རྒྱུ་རེད། ཁོས་ང་ལ་དེ་ལྟར་ཁ་གསལ་གོ་བདེའི་ངང་མཉམ་ལས་ཁང་གི་ལུག་འཚོ་སྐྱོང་ཐད་ཀྱི་གནས་ཚུལ་ཞིག་ངོ་སྤྲོད་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་སླེབས་པ་ན་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་ཚང་མ་དབུལ་ཕོངས་ལས་ཐར།

གྲོ་རེངས་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཞི་ཁྲོ་སྐྱབས་ཀྱིས་ང་ནི་གྲོ་རེངས་སྡེ་བའི་སྡེ་སྡོད་ལས་བྱེད་པ་དང་མཐོ་སྒང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་ཡིན་པའི་ངོས་ནས་འབྲོག་པ་མང་ཚོགས་ཀྱི་ཞབས་ཞུ་པ་བཟང་པོ་ཞིག་ཏུ་འགྱུར་བའི་ཕུགས་བསམ་བཅངས་ཡོད་ཟེར།

དབྱིག་གཞུང་ཞང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་ཕྱོགས་སུ་ཆགས་ཤིང་། གནས་དེའི་རང་བྱུང་གི་གནམ་གཤིས་ཤིན་ཏུ་རྩུབ་པ་དང་། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་མུས་སྟོང་བཞི་དང་སུམ་བརྒྱ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དབྱིག་གཞུང་ཞང་དུ་ཕྱུགས་ལས་མཉམ་ལས་ཁང་བཅུ་དང་། སྡེ་བ་གསུམ། མི་གྲངས་སྟོང་གསུམ་དང་ཞེ་དགུ། སྒོ་ཕྱུགས་ཁྲི་བཞི་དང་སྟོང་གསུམ་ལྷག་བཅས་ཡོད།

ད་ལོའི་ཟླ་གཉིས་པའི་ཟླ་མགོ་ནས་བཟུང་། ས་དེའི་མཁའ་དབུགས་ཇེ་འཁྱག་ཏུ་གྱུར་ཏེ་བསྟུད་མར་ཁ་བ་བབས་པས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དཀའ་ཁག་ལ་འཕྲད་ཅིང་སྒོ་ཕྱུགས་ལའང་གནོད་འཚེ་ཐེབས།

ཉེ་ལམ། ་གསར་འགོད་པས་ས་དེར་ཁངས་ཆག་གི་གནོད་འཚེ་ཐེབས་པའི་གནས་ཚུལ་དང་དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་འབྲོག་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བ་ཇི་ལྟར་བསྒྲུབས་དང་སྒྲུབ་བཞིན་པའི་སྐོར་ལ་རྒྱུས་ལོན་བྱས།

དབྱིག་གཞུང་ཞང་གི་ཞང་གཙོ་གཞོན་པ་འཕྲིན་ལས་རྒྱ་མཚོས་བཤད་རྒྱུར། ཟླ་གཉིས་པར་ཁ་བ་འབབ་མགོ་ཚུགས་ཏེ་ཟླ་གསུམ་པའི་ཚེས་མགོའི་བར་ས་དེའི་ཁངས་ཆག་གནོད་འཚེའི་ཁྲོད་ཁྱོན་བསྡོམས་སྒོ་ཕྱུགས་དྲུག་བརྒྱ་དང་གྱ་བདུན་ཤི་ནས་འབྲོག་ཁྱིམ་མང་པོར་གྱོང་གུད་ཆེན་པོ་ཐེབས་ཟེར།

ཁངས་ཆག་གི་གནོད་འཚེས་འབྲོག་ཁྱིམ་མང་པོར་གྱོང་གུད་བཟོ་བཞིན་པའི་སྐབས་དེར། དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་རྨ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་འོག གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། མྱུར་མོར་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་བསྒྲུབས། སྡེ་བ་སོ་སོའི་ཏང་ཡོན་དང་། རྩྭ་སྲུང་མཁན། ནགས་སྲུང་མཁན་སོགས་མི་བརྒྱ་ཙམ་གནོད་འགོག་རྒུད་སྐྱོབ་བྱ་བར་ཞུགས་ཏེ། གཅིག་ནས་གཞུང་ལམ་སྟེང་གི་ཁ་བ་དེད་དེ་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་ཁག་ཐེག་བྱས་ཏེ། གནོད་འགོག་རྒུད་སྐྱོབ་ཀྱི་དངོས་ཟོག་དུས་ལྟར་འབྲོག་ཁྱིམ་སོ་སོའི་སྒོ་ཁ་རུ་བསྐྱལ་བར་སྟབས་བདེ་གང་ལེགས་བསྐྲུན་པ་དང་། གཉིས་ནས་རྒུད་སྐྱོབ་ལས་སྒྲུབ་རུ་ཁག་དུས་ལྟར་འབྲོག་ཁྱིམ་རེ་རེར་སོང་ནས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཉིན་རེའི་གནས་ཚུལ་ཞང་ཏང་ཨུ་དང་སྲིད་གཞུང་ལ་སྙན་ཞུ་འབུལ་བཞིན་ཡོད་པ་དང་། ཞང་ཏང་ཨུ་དང་སྲིད་གཞུང་གིས་རྨ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། གཟན་རྩྭ་དང་གཟན་ཆས། འཚོ་བའི་མཁོ་ཆས་གང་མང་བརྩོན་ལེན་བྱས་ཏེ། གོང་རིམ་ནས་རོགས་སྐྱོར་བྱས་པའི་དངོས་པོ་རྣམས་གནོད་ཐེབས་ཀྱི་ཚད་གཞི་དང་སྡེ་བ་སོ་སོའི་ཁྱིམ་གྲངས་ལྟར་འདྲ་མཉམ་གྱིས་བགོ་བཤའ་བརྒྱབ།

མིག་སྔའི་བར་དུ། རྨ་ཆེན་རྫོང་དབྱིག་གཞུང་ཞང་གིས་གནོད་འཚེ་ཐེབས་ཁུལ་གྱི་འབྲོག་ཁྱིམ་རྣམས་ལ་འབྲས་དང་། ཕྱེ། བཟའ་སྣུམ། གཟན་རྩྭ། གཟན་ཆས། ཉལ་ཐུལ། སྲིང་བལ་ལྭ་བ། སྦྲ་གུར་སོགས་བྱིན་པ་དང་། དེ་ལས་གཞན་རྨ་ཆེན་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཡིས་རྡོ་སོལ་སོགས་བྱིན་ཏེ། གནོད་ཁུལ་མང་ཚོགས་ཀྱི་བཟའ་བཏུང་དང་། གྱོན་ཆས། སྡོད་ཁང་སོགས་འཚོ་བའི་མཁོ་ཆས་ཐད་ཁག་ཐེག་བྱས།

ཟླ་གསུམ་པའི་ཟླ་མགོར། དབྱིག་གཞུང་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཇིགས་མེད་དཔལ་བཟང་དང་། ཞང་གཙོ་གཞོན་པ་འཕྲིན་ལས་རྒྱ་མཚོའི་འགྲོ་རོགས་འོག་གསར་འགོད་པས་དབྱིག་གཞུང་ཞང་གི་གནོད་འཚེ་ཐེབས་པའི་འབྲོག་པ་ཁྱིམ་ཚང་འཇིགས་བསྟན་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། གསར་འགོད་པ་ཁོ་ཚང་གི་ཉེ་འདབས་སུ་ཐོན་དུས་ཐོག་མར་མཐོང་བ་ནི་ཁོ་ཚང་གི་སྒོ་ཕྱུགས་ད་དུང་ལྷས་རར་བསྐྱིལ་འདུག་ལ། རི་མགོ་ཐམས་ཅད་ཁ་བས་གཡོགས་པས་སྒོ་ཕྱུགས་ལྷས་ར་ནས་གཟན་རྩྭ་དང་གཟན་ཆས་བྱིན་ཏེ་གསོ་བ་ལས་ཐབས་བཀོད་ཅི་ཡང་མེད་པར་གྱུར་བ་དེ་རེད། སྒོ་ཕྱུགས་ལ་ཉིན་རེར་རྩྭ་ཤོག་སུམ་ཅུ་ནས་བཞི་བཅུ་སྟེར་བཞིན་ཡོད་པ་དང་། ཉུང་མཐའ་ཡང་གསོ་ཆས་ཁུག་མ་གཉིས་རེ་སྟེར་དགོས་ཟེར། སྤྱིར་བཏང་དེ་འདྲ་ཞིག་གིས་ཀྱང་མི་འདང་མོད། འོན་ཀྱང་གཟན་རྩྭ་དང་གཟན་ཆས་སྟེར་ཚད་བཟུང་ཡོད་ཅེས་འཇིགས་བསྟན་གྱིས་གསར་འགོད་པར་དེ་ལྟར་བཤད།

དེ་མིན་འཇིགས་བསྟན་ཚང་གི་ཉེ་འདབས་སུ་ཁངས་ཆག་གི་གནོད་འཚེས་ཤི་བའི་སྒོ་ཕྱུགས་ཀྱི་བེམ་པོ་མང་པོ་མཐོང་བྱུང་། ཐ་ན་རྫ་ཁའི་རི་དྭགས་གནའ་བ་འགའ་རེའང་ཁྱིམ་ཚང་དེ་གའི་ཉེ་འདབས་སུ་འཁོར་ཏེ་གཟན་རྩྭ་འཚོལ་བཞིན་མཆིས། ཁོ་ཚང་གི་ཁྱིམ་རའི་ནང་དུ་གཟན་རྩྭ་སྤུངས་ཡོད་ལ། ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་གཟན་ཆས་སྒྱེ་མོ་བདུན་ཙམ་ཞིག་བརྩིགས་འདུག དེ་ནི་ཞང་ཏང་ཨུ་དང་སྲིད་གཞུང་གི་རྒུད་སྐྱོབ་དངོས་རྫས་ཡིན་ཞིང་། འཇིགས་བསྟན་གྱིས་བཤད་རྒྱུར། གལ་ཏེ་ངེད་ཚང་རི་གཟར་ལུང་ཀྱོག་ཅིག་ཏུ་ཡོད་ཚེ། གཟན་རྩྭ་དང་གཟན་ཆས་སྒོ་ཁར་ཐོན་དཀའ་བས་གྱོང་གུད་འདི་ལས་ཚབས་ཆེན་ཐེབས་ངེས། དགའ་འོས་པ་ཞིག་ལ་ཞང་ཏང་ཨུ་དང་སྲིད་གཞུང་གིས་མི་སྣ་མངགས་ནས་ཉིན་མཚན་གཉིས་ཀར་ཡང་དང་བསྐྱར་དུ་སྐོར་བསྐྱོད་འབྲེལ་གཏུག་བྱས་ཏེ་ནོར་ལུག་གི་གཟན་རྩྭ་དང་། གཟན་ཆས། ཁྱིམ་ཚང་གི་ཉེར་མཁོའི་ཅ་ལག་སོགས་ཅི་ཞིག་མཁོ་ན་དེ་འདོན་སྤྲོད་བྱེད་པས་སྒོ་ཕྱུགས་ལ་གྱོང་གུད་ཐེབས་ཀྱང་སེམས་པ་དྲོད་ཁོལ་གྱིས་ཁེངས་ཡོད་ཅིང་། ཏང་གི་དམངས་ཕན་སྲིད་ཇུས་བཟང་པོའི་རྒུད་སྐྱོབ་དང་རང་གི་འབད་བརྩོན་ལ་བརྟེན་ནས་རང་བྱུང་གི་གནོད་འཚེ་འདི་ལས་ཐར་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

                                                                                              རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།