ལོ་ངོ་དྲུག་ཅུའི་རིང་ལ་བདེ་སྐྱིད་ལྡན་པའི་གླུ་དབྱངས་གང་སར་གྲགས།
2019.03.28 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 75

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་མུ་འབྲེལ་རྒྱས་བཤད་ཁག་དང་པོ།

“གངས་རི་མཐོན་པོར་ཉི་འོད་འཕྲོ། ཡར་ཀླུང་གཙང་པོ་དྲག་ཏུ་རྒྱུག སྤྲིན་ནག་ཐོར་ནས་ཉི་འོད་གསལ། བདེ་སྐྱིད་གླུ་དབྱངས་གང་སར་ཁྱབ”ཅེས་པའི་གླུ་གཞས་འདི་ནི་དུས་རབས་ཀྱི་མཚོན་བྱེད་གླུ་དབྱངས་ཤིག་རེད། 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་གླུ་གཞས་ནང་ལོ་ངོ་དྲུག་ཅུའི་གོང་དུ་བོད་དུ་སྤེལ་བའི་ཞིང་བྲན་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་ལ་བསྟོད་གླུ་ཕུལ་ཡོད། གལ་ཏེ་གླུ་གཞས་དེས་སྐབས་དེ་དུས་ཀྱི་གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་བསམ་འདུན་མངོན་པར་བྱས་ཡོད་ཅེས་བརྗོད་ན། དུས་ད་ལྟའི་བར་གླུ་གཞས་དེ་དར་ཁྱབ་བྱུང་དོན་ནི་བརྗེད་པར་དཀའ་བའི་ལོ་རྒྱུས་མཚོན་པར་བྱས་པས་ཡིན།

དུས་རབས་ཉི་ཤུའི་པའི་ལོ་རབས་50པའི་ནང་བྲན་གཡོག་ལམ་ལུགས་དང་། ཞིང་བྲན་ལམ་ལུགས། མི་ནག་བྲན་བཀོལ་ལམ་ལུགས་བཅས་དེང་རབས་ཤེས་རིག་དང་དཔལ་ཡོན་གྱིས་རྦད་དེ་འདོར་བའི་སྐབས་སུ། བོད་ལྗོངས་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་ཡོད། 1959ལོའི་ཟླ་4ཚེས་15ཉིན། མའོ་ཀྲུའུ་ཞིས་ཆེས་མཐོའི་རྒྱལ་དོན་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག“བོད་ཀྱི་ཞིང་བྲན་ལམ་ལུགས་ནི་ང་ཚོའི་ཁྲུན་ཆིའུ་ཀྲན་གོའི་དུས་རབས་ཀྱི་གཞིས་ཀའི་ལམ་ལུགས་དང་འདྲ་པོ་ཡོད”ཅེས་གསུངས།

བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོ་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་ཡིན་ལ། རྒྱ་ཆེའི་བོད་ཀྱི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ཞིག་ཀྱང་ཡིན་ཞིང་། 1959ལོ་ནས་1961ལོའི་བར། བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་རླབས་ཆེན་གྱི་གསར་བརྗེའི་འཐབ་རྩོད་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ཆ་ཤས་ཤིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་ཡོད་ལ། གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན་ཡོད།

སྐྱོ་གླུ། ལྷ་དབང་དང་སྲིད་དབང་ཟུང་འབྲེལ་གྱི་ལམ་ལུགས་ངེས་པར་དུ་འགྱུར་ལྡོག་གཏོང་དགོས།

“ཨ་ཕ་བསྟན་འཛིན་ལགས། ཁྱེད་ཀྱིས་ང་ལ་གསུངས་དང་། འབྲུ་རྡོག་གཅིག་ཀྱང་མ་མཐོང་བར། འབྲུ་ཁལ་སྟོང་གི་བུ་ལོན་ཟུག་གམ”ཞེས་པ་ནི་ད་ལོ་ལོ་ན87ལ་སླེབས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནས་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་སྐུ་ཞབས་ཀྲང་ཡོན་ཁུན་ལ་ཁོང་གི་སློབ་མ་ཚེ་རིང་འཛོམས་པས་བཏང་བའི་གླུ་གཞས་ཤིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། གླུ་གཞས་དེ་ཉིང་ཁྲིའི་རྒྱུད་དུ་དར་ཁྱབ་ཆེ་བ་དང་། གཞས་ཚིག་ནང་ཚེ་རིང་འཛོམས་པའི་ཁྱིམ་ཚང་གི་དཀའ་སྡུག་བརྗོད་ཡོད།

སྐྱ་ཟད་སྔོ་ཐུག་གི་དཔྱིད་དུས་ཤིག་ལ། འཚོ་ཐབས་ཀྱི་ཆེད་དུ་ཚེ་རིང་འཛོམས་པའི་ཕ་བསྟན་འཛིན་གྱིས་ཞིང་བྲན་བདག་པོའི་ས་ནས་འབྲུ་ཁལ་དོ་མི་གཡར་ཀ་མེད་བྱུང་ཡོད།

གཡར་འཛིན་ལ་མཛུབ་ཐེལ་བརྒྱབ་རྗེས་ཚེ་རིང་འཛོམས་པའི་ཨ་ཕར་འབྲུ་རྡོག་གཅིག་ཀྱང་ཐོབ་མེད། ཡིན་ནའང་ཞིང་བྲན་བདག་པོས་སྔར་བཞིན་བུ་ལོན་དེད་པ་རེད། དེ་ལྟར་སྐྱེད་ཀར་སྐྱེད་ཀ་འཕེལ་རྗེས། ཚེ་རིང་འཛོམས་པའི་ཁྱིམ་གྱིས་ཞིང་བྲན་བདག་པོར་བུ་ལོན་འབྲུ་ཁལ་སྟོང་ཆད་པ་རེད།

དེ་རྗེས། ཞིང་བྲན་བདག་པོའི་བུ་ལོན་ཚ་འདེད་འོག་ཕ་ཚེ་ལས་འདས། ཚེ་རིང་འཛོམས་པའི་གཅེན་པོ་ཁོང་ཁྲོ་ཆེན་པོ་ལངས་ནས་མི་མེད་ཀྱི་རི་རྩེར་འགོས་ཏེ་གཞས་འདི་བླངས་པ་རེད། དེ་རྗེས་ཡུན་རིང་མ་སོང་བར་ཚེ་རིང་འཛོམས་པའི་གཅེན་པོའང་ཞིང་བྲན་བདག་པོའི་མནར་གཅོད་འོག་ཚེ་ལས་འདས་པས་ཁོང་དང་གཅུང་མོ་སློང་མོར་གྱུར། རྗེས་སུ་བཅིངས་འགྲོལ་དམག་མིས་ཁོང་ལྕམ་སྲིང་གཉིས་བསྐྱབས་པ་དང་འབྲེལ་ནང་ལོགས་སུ་སློབ་སྦྱོང་བྱེད་པར་བསྐྱལ་བས་སྐབས་དེ་དུས་བོད་ལྗོངས་ཀྱི་བཟོ་ལས་རིག་པའི་སློབ་མར་གྱུར།

ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་ཞིང་བྲན་གྱི་ལ་རྒྱར་རྩུབ་སྤྱོད་ཀྱིས་རྡོག་རོལ་བཏང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་ཐོག    བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་གཞི་རྩ་ནས་བཀག་འགོག་བཟོས་ཡོད་པ་དེ་ནི་ཀྲུང་གོ་དང་འཛམ་གླིང་ཡར་ཐོན་གྱི་རླབས་རྒྱུན་དང་རྦད་དེ་མཐུན་མེད།

ཧྥ་རན་སིའི་ཡུལ་སྐོར་བ་ཨ་ལེགས་ཤན་ཊར•ཏ་འོད•ཉིར་གྱིས་དུས་རབས་གོང་མའི་དུས་འགོར་སྔ་རྗེས་སུ་བོད་ལྗོངས་དང་དེའི་ཉེ་འཁོར་ཁུལ་དུ་རྟོག་ཞིབ་ཐེངས་5བྱས་ཡོད། ཁོང་གིས་བོད་རྙིང་པའི་ཞིང་བྲན་ལམ་ལུགས་སྐོར་ལ་འདི་ལྟར་བྲིས་ཡོད་པ་སྟེ། “བོད་དུ་ཞིང་པ་ཚང་མ་ཚེ་གང་བུ་ལོན་ཟུག་པའི་ཞིང་བྲན་རེད། ཁོང་ཚོའི་ཁྲོད་ནས་བུ་ལོན་གཙང་མར་འཇལ་ཟིན་པའི་མི་ཞིག་རྙེད་པར་དཀའ”“འཚོ་ཐབས་ཀྱི་ཆེད་དུ། ཞིང་བྲན་ཚོས་དངུལ་དང་འབྲུ་རིགས། ཕྱུགས་ཟོག་བཅས་མི་གཡར་ཀ་མེད་ཡིན་པ་དང་དེ་དག་ལ་སྐྱེད་ཀ་མཐོན་པོ་སྤྲོད་དགོས་ཀྱི་ཡོད། ཡིན་ནའང་། ཕྱི་ལོའི་ལོ་ལེགས་ཀྱིས་སྐྱེད་ཆེའི་བུ་ལོན་འཇལ་ཚར་གྱི་མེད”“ཐབས་ཟད་འུ་ཐུག་གི་སྐབས་སུ་ཁོང་ཚོས་སླར་ཡང་ཟ་འབྲུ་དང་ས་བོན་གཡར་རྒྱུ་ལས་མ་འདས། དེ་ལྟར་ལོ་རེ་ནས་ལོ་རེ་བཞིན་བུ་ལོན་རྫོགས་རྒྱུ་མེད་པས་ཁོང་ཚོ་འཆི་བའི་དུས་སུའང་བུ་ལོན་ལྕི་མོའི་འོག་ནས་ཐར་ཐབས་མེད། བུ་ལོན་དེ་དག་ཁོང་ཚོའི་བུ་རྒྱུད་ཀྱི་ཕྲག་པར་བབས་པས་ཡ་ངའི་བའི་ཕྲུ་གུར་ཆུང་བྱིས་པའི་དུས་ནས་ཕ་མེས་ཀྱི་བུ་ལོན་ལྕི་མོ་དེ་ཁུར་དགོས་ཀྱི་ཡོད།  བུ་ལོན་དེ་དག་ནི་སྔོན་ཆད་ཀྱི་བྱ་བ་ཞིག་ཡིན་པས་ཕྲུ་གུས་དེ་དུས་གང་ནས་བསགས་པ་རྩ་བ་ནས་ཤེས་ཀྱི་མེད”“ཡ་ང་བའི་མི་དེ་དག་ནམ་ཡང་ཁོང་ཚོའི་དབུལ་ཞིང་ཕོངས་པའི་ས་གཞིར་འཚོ་ཐབས་བྱེད་རྒྱུ་ལས་མ་འདས། ཁོང་ཚོའི་མི་ལུས་རང་དབང་མཐའ་དག་ཤོར་བས་ལོ་རེ་ལས་ལོ་རེ་དབུལ་བོ་ཡིན”པ་དེ་རེད།

བོད་རྙིང་པའི་ས་གནས་སྲིད་གཞུང་གི་བཀའ་བློན་གྱི་འགན་འཁུར་མྱོང་བའི་ང་ཕོད•ངག་དབང་འཇིགས་མེད་ཀྱིས་ལོ་སྟོང་ཕྲག་ལྷག་ཙམ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཐའ་མའི་དུས་མཚམས་དང་དེ་མེད་པར་གྱུར་པའི་བརྒྱུད་རིམ་མིག་མཐོང་ལག་ཟིན་ཐུབ་ཡོད་ལ་བརྒྱུད་མྱོང་ཡོད་ཅིང་། ཁོང་གིས“ང་དང་མཐོ་རིམ་མི་སྣ་བསམ་ཤེས་ཅན་ཁག་ཅིག་གིས་མུ་མཐུད་འདི་ལྟར་བྱས་ན་ཡུན་རིང་མ་སོང་བར་ཞིང་བྲན་ཚང་མ་འཆི་འགྲོ་གི་རེད་ལ། སྐུ་དྲག་ཀྱང་འཚོ་གནས་མི་ཐུབ་པས་སྤྱི་ཚོགས་ཧྲིལ་པོ་རྩ་མེད་དུ་འགྲོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས་མྱོང་ཡོད།

བོད་རྙིང་པའི་ཞིང་བྲན་ལམ་ལུགས་དང་ཆོས་ལུགས་ལམ་ལུགས་འཕེལ་རྒྱས་ཐལ་དྲགས་ནས་ཡོ་རོབ་ནུབ་མའི་དུས་རབས་དཀྱིལ་མའི་ཞིང་བྲན་ལམ་ལུགས་ལས་དེ་བས་གདུག་རྩུབ་ཆེ་ཞིང་རྗེས་ལུས་ཐེབས་ཡོད། ལྷ་དབང་དང་སྲིད་དབང་ཟུང་འབྲེལ་གྱི་ལམ་ལུགས་ལ་ངེས་པར་དུ་འགྱུར་ལྡོག་གཏོང་དགོས།

ཁྲོ་གླུ། ལོ་ངོ་བརྒྱ་ཕྲག་གཉའ་གནོན་ཕོག་པའི་ཞིང་བྲན་ལ་རེ་བ་མཐོང་བ།

“གླུ་ཞིག་བླངས་ནས་ཏང་ལ་འབུལ། ང་ཡིས་ཏང་ཉིད་ཡུམ་ལ་བརྩི། ཡུམ་གྱིས་ང་ལ་ཚེ་སྲོག་སྦྱིན། ཏང་གི་ཉི་འོད་སེམས་སུ་འཕྲོ། བོད་རྙིང་པར་ཉེས་རྡུང་ཚད་མེད་མྱངས། ཡུམ་གྱི་མིག་ལ་མཆི་ཞག་འཁྱིལ། གུང་ཁྲན་ཏང་གིས་གསར་བརྗེ་བྱེད་རྒྱུའི་འབོད་སྐུལ་གནངས་། ལྕགས་ཚན་འཕྲོགས་ནས་དགྲ་བོ་རྡུང”ཞེས་པའི《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་འདི་བོད་དུ་ཀུན་གྱིས་ལེན་ཤེས་ཀྱི་ཡོད། གླུ་གཞས་དེའི་ནང་བརྩེ་སེམས་ཟབ་མོ་ནས་སྐྱོ་ཁྲོ་མཉམ་འདྲེས་དང་དེ་ནས་སྐད་གསང་མཐོན་པོའི་བར་བོད་མི་དམངས་ཀྱི་དེ་སྔའི་སྡུག་བསྔལ་མངོན་པར་བྱས་ཡོད་ལ། བོད་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་ཡང་མངོན་པར་བྱས་ཡོད།

1959ལོ་གོང་གི་བོད་ལྗོངས་ནི་བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱི་ལྷ་ཡུལ་ལྟ་བུ་ཡིན་མོད། བོད་ཀྱི་མི་འབོར་གྱི་95%ཡན་བཟུང་བའི་མི་རིགས་ཁག་གི་མི་དམངས་ཀྱི་དམྱལ་བ་གསོན་པོ་ལྟ་བུ་ཞིག་རེད།

ལྷུན་རྩེ་རྫོང་སྦྱོར་ར་ཞང་གཉན་རྩྭ་གྲོང་ཚོའི་བགྲེས་པོ་བསོད་ནམས་རྡོ་རྗེ་ནི་ད་ལོ་ལོ་70ལ་སླེབས་ཤིང་། ཆུང་ངུའི་དུས་ཀྱི་ལོ་ལྔ་དྲུག་ལ་སོན་སྐབས་ཁོང་གིས་ཞིང་བྲན་བདག་པོའི་ལུག་འཚོ་གི་ཡོད། ལུས་སྟོབས་ཆུང་བ་དང་བཀྲེས་ལྟོགས་ཀྱིས་རྐྱེན་པས་ཁོང་གིས་ལུག་གི་རྗེས་ཟིན་གྱི་མེད། གལ་ཏེ་ལུག་ཁོང་གི་སྔོན་ལ་ཁྱིམ་དུ་ལོག་ཚེ་ཞིང་བྲན་བདག་པོས་ལྕག་ཚན་གྱིས་གཞུ་བ་དང་། ཨ་ཕ་དང་ཨ་མས་མིག་ཆུ་གཏོང་བཞིན་ཁོང་ལ་ཉེས་རྡུང་བཏང་བར་ལྟ་བ་ལས་གུ་ཡངས་ཞུ་བའི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཐུབ་ཀྱི་མེད།

1956ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་རྗེས། ཏང་ཀྲུང་དབྱང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་གཞིར་བཟུང་། བོད་ལ་ལོ་6ནང་ཚུན་དུ་དམངས་གཙོའི་བཅོས་སྒྱུར་མི་བྱེད་པའི་མཛད་ཕྱོགས་ཁ་གསལ་བཏོན་པ་དང་གནས་ཚུལ་ལ་གཞིགས་ནས་ད་དུང་ཕྱིར་འགྱངས་བྱེད་དགོས་པའི་གསལ་ཁ་བཏོན་ཡོད། བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་འགྱུར་ལྡོག་གཏོང་མི་འདོད་པར། 1959ལོའི་ཟླ་3པར་བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་ཆེད། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བཅིངས་འགྲོལ་དམག་མིས་མགྱོགས་མྱུར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་རེད།

ངོ་ལོག་ཟིང་འཁྲུག་ལ་མི་སེམས་མ་ཐོབ་པར་ལོ་བརྒྱ་ཕྲག་གཉའ་གནོན་ཕོག་པའི་ཞིང་བྲན་ལ་རེ་བ་གསར་པ་མཐོང་ཞིང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།

སྦྲ་ཆེན་རྫོང་གི་ནགས་རའི་ལས་བཟོ་སྤུས་དག་གི་མིག་རིལ་ངོ་ལོག་ཟིང་འཁྲུག་པས་བཏོན་ཀྱང་དམག་དོན་གསང་འཕྲིན་གལ་ཆེན་ཕྱིར་གྱར་མེད་པ་དང་། ལྷོ་ཁའི་མཐོ་རིམ་རྒྱལ་གཅེས་མི་སྣ་སྐར་ཆུང་ཚེ་རིང་དོན་གྲུབ་ཀྱི་གཞིས་ཀ་ངོ་ལོག་ཟིང་འཁྲུག་པས་མེ་བསྲེག་བཏང་བ་དང་འབྲེལ་བུ་བསད་པ་དང་། འཇིགས་སྐུལ་གྱི་མདུན་དུ་ཁོང་གིས་བློ་བརྟན་འགྱུར་མེད་ངང་བཅིངས་འགྲོལ་དམག་གི་ཕྱོགས་སུ་ལངས་པ་རེད།

འདམ་གཞུང་རྫོང་ཀོང་ཐང་ཞང་ལ་རྒན་གྲོང་ཚོའི་བགྲེས་པོ་བློ་ཆོས་ནི་བཅིངས་འགྲོལ་དམག་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བར་རྒྱབ་སྐྱོར་བྱེད་མཁན་བོད་ཀྱི་མི་དམངས་ཁྲི་སྟོང་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་། དེ་དུས་ཁོང་གིས་གཡུལ་སྐྱོར་ལས་མི་ཞིག་གི་ངོས་ནས་འཐབ་ཕྱོགས་དང་པོར་རྫས་མདེལ་བསྐྱལ་བ་དང་འཐབ་ས་ནས་རྨས་མ་སྐྱོབ་རོགས་བྱས་ཡོད།

བོད་ལྗོངས་སྤྱི་སློབ་ཀྱི་སློབ་མ་ཚོས་འཐབ་འཛིང་ལ་ཞུགས་ཆོག་པའི་རེ་འདུན་ཞུས་ནས་མི་2100ལྷག་ཙམ་བོད་དུ་ལོག་ཅིང་། རྩོམ་ཡིག་འདིའི་འགོ་བརྗོད་དུ་བརྗོད་པའི་ཚེ་རིང་འཛོམས་པའང་དེའི་གྲས་ཤིག་རེད། ཡར་ལངས་ཞིང་བྲན་ཡིན་པའི་སློབ་མ་དེ་དག་ཁག་གཅིག་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་དམག་སར་རང་སྲོག་བློས་བཏང་བ་དང་། ཁག་གཅིག་ཚ་ཚ་འུར་འུར་གྱི་དམངས་གཙོའི་བཅོས་སྒྱུར་ལ་ཞུགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་“ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་ཞོར་དུ་སྒྱུར་བཅོས་བྱེད་པའི”སྤྱིའི་མཛད་ཕྱོགས་གཞིར་བཟུང་། ལོ་3གྱི་དུས་ཡུན་ནང་། བོད་ས་གནས་སྲིད་གཞུང་གི་ས་ཞིང་ཡར་ལངས་ཞིང་བྲན་ལ་བགོས་པ་དང་། ཞིང་བྲན་གྱི་མགོ་བོ་གནོན་པའི་བུ་ལོན་དང་ཁྲལ་འུ་ལག་མེད་པར་བཟོས་པ། བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་གི་དམིགས་བསལ་དབང་ཆ་མཐའ་དག་མེད་པར་བཟོས་པ་བཅས་ལས་དུས་དེ་ནས་བཟུང་རྒྱ་ཆེའི་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་ཐུབ་ཡོད།

ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བསྟུན་ནས་དཔྱིད་རླུང་རྒྱང་རིང་གི་གཉན་རྩྭ་གྲོང་ཚོར་ལྡང་ཞིང་། བསོད་ནམས་རྡོ་རྗེའི་ཁྱིམ་དུ་ས་ཞིང་མུའུ་1དང་། ནོར་1 ལུག་2བཅས་བགོ་སྐལ་ཐོབ་སྟེ། ཁོང་ཚོའི་ཁྱིམ་ཞིང་བྲན་བདག་པོའི་གཉའ་གནོན་ལས་རྦད་དེ་ཐར་ཡོད་ལ། དུས་དེ་ནས་བཟུང་མིའི་ལ་རྒྱ་ཐོབ་ཡོད།

བསྟོད་གླུ། ལུས་ཀྱི་ལྕགས་སྒྲོག་ལྗིད་པོ་གཏོར་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་བ།

“པེ་ཅིང་གསེར་གྱི་རི་ནས། གསེར་གྱི་ཉི་མ་ཤར་བྱུང་། གསེར་གྱི་ཉི་མ་མ་རེད། མའོ་ཀྲུའུ་ཞིའི་འོད་ཟེར་རེད། དེ་འདྲའི་དྲོ་སྐྱིད་ལྡན་ལ། བྱམས་བརྩེ་ལྡན། ང་ཚོ་ཞིང་བྲན་གྱི་སེམས་ལ་ཉི་འོད་འཕྲོ། ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལམ་ཆེན་དུ་གོམ་པ་ཆེན་པོས་སྐྱོད”ཅེས་པ་ལྟར། བོད་ཀྱི་མི་དམངས་ཀྱི་སེམས་ལ་སུ་ཞིག་གིས་མི་རིགས་ཁག་གི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་བློ་གཏོང་གི་ཡོད་པ་དང་། སུ་ཞིག་གིས་བོད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་འཁྲིད་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་གོང《པེ་ཅིང་གསེར་གྱི་རི་ལ》ཞེས་པའི་གླུ་གཞས་འདི་གངས་ལྗོངས་ས་གཞི་ཆེན་མོའི་ཕྱོགས་གང་སར་ཁྱབ་ཡོད། གཞས་དེའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་རྗེས་ཀྱི་དགའ་ཚོར་དང་བློ་གཅིག་སེམས་གཅིག་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་མཚོན་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་དམངས་གཞས་ཀྱི་ཉམས་འགྱུར་ལའང་འགྱུར་ལྡོག་བྱུང་སྟེ། སྐད་གསང་མཐོ་ཞིང་སྤྲོ་སེམས་འཁོལ་བའི་གཞས་གདངས་དང་ཟོལ་མེད་བབ་ཆགས་ཀྱི་བརྩེ་དུང་ལས་དུས་རབས་གསར་པའི་ནང་དོན་དང་ཉམས་འགྱུར་མཚོན་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་དམངས་གཞས་གསར་པ་ནི་དུས་རབས་གསར་པའི་བསྒྲགས་གཏམ་དང་རྒྱང་སྐྱོད་གསར་པའི་དུང་བརྡ་ཡིན་པས། མི་རྣམས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་ལ། མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད།

ལུས་ཀྱི་ལྕགས་སྒྲོག་ལྗིད་པོ་གཏོར་བས་སེམས་འགུལ་ཆེན་པོ་མི་ཐེབས་པ་ཅི་ལ་སྲིད། ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་མི་འཇོག་ག་ལ་སྲིད།

དམག་དཔོན་ཀྲང་གོ་ཧྭ་ཡི་བུ་མོ་ཀྲང་ཞའོ་ཁང་གིས་བརྩམས་པའི《གངས་ལྗོངས་ཀྱི་སྙན་དབྱངས》ཞེས་པའི་དེབ་ནང་། ཁྲལ་འུ་ལག་དང་། ས་ཁྲལ། སྐྱེད་ཆེའི་བུ་ལོན་སོགས་གཉའ་གནོན་བཤུ་གཞོག་གཏོང་བའི་གན་འཛིན་མེར་བསྲེགས་རྗེས་སྔོན་ཆད་དཀའ་སྡུག་ཚད་མེད་མྱོང་མཁན་དེ་དག་དགའ་སྤྲོ་ཆེན་པོ་སྐྱེས་ནས་ཉིན་མཚན་དབྱེར་མེད་གླུ་ལེན་གར་འཁྲབ་བྱས། མདོ་བརྗོད་ཞང་ས་ལུང་གྲོང་ཚོའི་མི་ཞིག་ལ་ཕྱོགས་བཞིར་སྒེའུ་ཁུང་ཡོད་པའི་ཁང་པ་ཞིག་རག་ཡོད། འབོལ་གདན་སྟེང་དུ་ཉལ་བས་མཚན་གང་གཉིད་མ་ཁུག་པ་དང་། ནམ་ལངས་བའི་སྐབས་སུ་མལ་ཆས་ས་ལ་བཏིངས་ནས་ཉལ་རྗེས་གཞི་ནས་གཉིད་ཁུག་པ་རེད་ཅེས་བྲིས་ཡོད།

ཚེ་རིང་ལྷ་མོ་ནི་སྐྱེས་མ་ཐག་ནང་བཟན་ཡིན་ཞིང་། ལོ་12སྐབས་ལྷུན་རྩེ་རྫོང་ནས་སྣེ་གདོང་རྫོང་དུ་བཙོངས་པ་དང་། དུས་དེ་ནས་བཟུང་རང་གི་ཕ་མ་གཉིས་མཐོང་མྱོང་མེད། དམངས་གཙོའི་བཅོས་སྒྱུར་འགོ་ཚུགས་རྗེས་ཁོང་ལ་བཅིངས་འགྲོལ་དམག་མི་དང་ལས་དོན་ཚོགས་ཆུང་ཐོག་མར་ཕྲད་ཅིང་། “ཁོང་ཚོའི་གྱོན་པ་བབ་ཆགས་ལ་སྐད་ཆ་ཤོད་དུས་ཞི་ཞིང་འཇམ་པ་ཞིག་འདུག་པས་མི་ངན་དང་འདྲ་པོ་གཏན་ནས་མི་འདུག”ཅེས་ཚེ་རིང་ལྷ་མོས་བརྗོད་པ་དང་། སྐབས་དེ་དུས་ཚེ་རིང་ལྷ་མོས་འབྲས་ཟ་ཐེངས་དང་པོ་ཡིན་ལ། “འདྲ་མཉམ་དང་། རང་དབང་། རང་ཁྱིམ་རང་བདག”ཅེས་པའི་ཚིག་དེ་དག་ཀྱང་ཐོས་ཐེངས་དང་པོ་ཡིན་ཞིང་། དེ་དག་ཐམས་ཅད་དྭངས་ཤིང་གཙང་བའི་ཆུ་བོ་ཞིག་དང་འདྲ་བར་ཚེ་རིང་ལྷ་མོའི་སེམས་ཀྱི་ཞིང་ས་བརླན་ལ། ཚེ་རིང་ལྷ་མོ་དང་འདྲ་བའི་དཀའ་སྡུག་མྱོང་མཁན་ཚོའི་སེམས་ཀྱང་དྲོ་སྐྱིད་ལྡན་པར་གྱུར་ཡོད།

ཡར་ལངས་ཞིང་བྲན་གྱིས་སེམས་གཏིང་ནས་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་དང་བཅིངས་འགྲོལ་དམག་མིར་ཐུགས་རྗེ་ཆེ་ཞུས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། མི་རིགས་ཁག་གི་མང་ཚོགས་ཚོས་ཁྱིམ་དུ་མའོ་ཀྲུའུ་ཞིའི་སྐུ་པར་བཀལ་ཞིང་། དུས་ད་ཆའི་བར་དུའང་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱི་ཁྱིམ་གྱི་གྱང་ངོས་སུ་སྔར་བཞིན་སྐབས་དེ་དུས་ཀྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་སྐུ་པར་མཐོང་རྒྱུ་ཡོད།

དེ་ནས་བཟུང་ཁྱིམ་དུ་གཙོ་འཛིན་གྱི་སྐུ་པར་འགེལ་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད།

གླུ་གཞས་གང་སར་གྲགས་ནས་ལོ་60སོང་ཞིང་། ལོ་60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་རིམ་བཞིན་འཚོལ་ཞིབ་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་གཅིག་ལ་གཅིག་བརྒྱན་གྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

                                                                                       རྩོམ་སྒྲིག་པ། གཡང་འབུམ་རྒྱལ།