རླབས་ཆེན་གྱི་འཕོ་འགྱུར། ཉམས་མེད་ཀྱི་མཛད་རྗེས།
2019.04.02 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 23

—བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ།

བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི། ཝུའུ་དབྱིང་ཅེ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི། ཆེ་དགྲ་ལྷ།

ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བའི་ལོ་ཡིན་པ་དང་། བོད་གསར་རྙིང་གི་དབྱེ་མཚམས་སུ་གྱུར་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་དོན་ཆེན་རླབས་པོ་ཆེ་འདིར་ཕྱིར་དྲན་བྱེད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་ཀྱིས་དུས་རབས་གསར་པར་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་ཆེན་གོང་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་། ཞིང་བྲན་ས་ཡ་ལྷག་ལ་ཡར་ལངས་བཅིངས་འགྲོལ་ཐོབ།

1959ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ངན་སྐུལ་དང་རྒྱབ་སྐྱོར་འོག བོད་ཀྱི་མཐོ་རིམ་ལོག་སྤྱོད་པ་ཉུང་ཤས་ཀྱིས་ངན་ཇུས་ཞིབ་ཚགས་བྱས་ཏེ་མངོན་སུམ་འཛེམ་མེད་ངང་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་པ་རེད། མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་གྱུར་དང་བོད་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཕྱིར། དུས་གནས་རྟོགས་དཔྱོད་དང་འཕྲལ་ཐག་ཆོད་པོས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་མཐའ་གཅིག་ཏུ་ཞོད་འཇགས་བཏང་བ་རེད། 1959ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀྲམ་ནས་བོད་ས་གནས་སྲིད་གཞུང་མེད་པར་བཟོས་པ་དང་། བོད་ཀྱི་མི་དམངས་ཀྱིས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་། དུས་དེ་ནས་བཟུང་ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་ལྟེ་བའི་དམིགས་ཚད་དུ་བྱས་པའི་དྲག་ཆར་རླུང་འཚུབ་ལྟ་བུའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།

ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་དེས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བ་ནས་མེད་པ་བཟོས་པ་དང་། ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་མི་ལུས་བརྟེན་པའི་འབྲེལ་བ་རྩ་བ་ནས་མེད་པ་བཟོས་པ། བཀས་བཀོད་རྒྱུན་འཛིན་གྱི་བཤུ་གཞོག་དང་དམིགས་བསལ་དབང་ཆ་རྩ་བ་ནས་མེད་པ་བཟོས་པ་བཅས་བྱས་ནས། ཞིང་བྲན་དང་བྲན་གཡོག་ས་ཡ་ལྷག་སྔར་གྱི“སྐད་ཆ་ཤོད་ཤེས་པའི་ལག་ཆ”ནས་ཁྱིམ་དང་། ལས་ཀ ལ་རྒྱ་བཅས་ཡོད་པའི་རང་དབང་གི་སྤྱི་དམངས་ལ་གྱུར་བ་མ་ཟད། བོད་ལྗོངས་གསར་པའི་བདག་པོ་དང་རྒྱལ་ཁབ་ཀྱི་བདག་པོར་ཡང་གྱུར་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་སྐྱོད་འགོ་བརྩམས།

ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་དེས་ཞིང་བྲན་ས་ཡ་ལྷག་ལ་ཐེངས་དང་པོར་རང་བདག་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་དབང་བས། ངལ་རྩོལ་པ་ཚོས་རང་བདག་གི་ས་ཞིང་དང་འབྲོག་རར་ངལ་རྩོལ་བྱས་ནས་ལོ་ལེགས་ལེན་ཆོག་པ་དང་སྦྲགས། ཐོན་སྐྱེད་རྒྱུ་ཆ་དང་ཐོན་སྐྱེད་རྒྱུ་ཆ་རང་དགར་བེད་སྤྱོད་པའི་དབང་ཆ་རག་ནས། མི་དམངས་མང་ཚོགས་ཀྱི་ངལ་རྩོལ་གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ཀྱི་སྤྲོ་སེམས་སྔར་བས་ཆེས་ཆེར་འཕེལ་ཐོག སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ།

ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་དེས་དཔལ་འབྱོར་དང་ཆབ་སྲིད་ཐད་ཀྱི་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མཐའ་དག་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་བདག་བཟུང་དང་། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག མི་ལུས་བྲན་བཀོལ་བཅས་དང་དེ་བཞིན་དགོན་སྡེའི་ནང་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་དོ་དམ་དང་རིམ་པ་དབྱེ་བའི་ལམ་ལུགས་མེད་པར་བཟོས་ཏེ། མི་དམངས་ལ་ཆོས་དད་རང་མོས་བྱུང་བ་མ་ཟད། ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མར་བརྩི་བཀུར་དང་སྲུང་སྐྱོང་འདྲ་མཉམ་ཐོབ་ཡོད།

ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་དེས་ཀྲུང་དབྱང་ལ་ངོ་བཀུར་ལྐོག་འགལ་བྱེད་པའི་དེ་སྔའི་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་ཚ་ནན་བཏང་བ་དང་སྦྲགས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་གིས་བོད་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་ཤིང་། ཐེངས་དེའི་ཁྲག་དྲོན་བཞུར་བ་དང་མེ་ལྕེ་འབར་བའི་ཞུན་བརྡར་དང་ཚོད་བགམ་བརྒྱུད་ཞིང་བྲན་ས་ཡ་ལྷག་གི་བློ་སེམས་ཀྲུང་གོ་གུང་ཁྲན་ཏང་དང་རླབས་ཆེན་མེས་རྒྱལ་ལ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་དེས་འཛམ་གླིང་ཐོག་གི་ཆེས་མཇུག་མཐའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བཙན་རྫོང་ཆེ་ཤོས་གཏོར་བ་མཚོན་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་དམངས་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་རླབས་ཆེན་ཕུལ་བ་ཞིག་ཡིན་ལ། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་བཅས་ཚང་མར་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད་པས། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་ནམ་ཡང་དྲན་གསོ་ཞུ་འོས་པའི་འོད་སྟོང་འབར་བའི་ཤོག་ལྷེ་ཞིག་ཏུ་གྱུར།

ཏང་གི་གཟི་བྱིན་ཕྱོགས་བཞིར་འཕྲོས། འབད་འབུངས་སྟོབས་བརྩོན་འོད་སྟོང་འབར།

དུས་ཐུང་ལོ་ངོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་། ལོ་དྲུག་ཅུའི་ཚུན་དུ་བོད་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་བོད་ཀྱི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་ཕྱིར། བོད་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་དུས་སྐབས་ཁག་སོ་སོར་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་བཞེས་གནང་ནས། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བས། ཐོག་མཐའ་བར་གསུམ་དུ་བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་དར་རྒྱས་གོང་འཕེལ་བྱུང་ཡོད། བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འབར་བའི་གཟི་འོད་འོག རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་འབད་འབུངས་སྟོབས་བརྩོན་གྱིས་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཐབས་ཇུས་བཀོད་སྒྲིག་གནང་ནས་སྔ་རྗེས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་རབ་དང་རིམ་པ་གཏན་འཁེལ་བཅས་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་མེད་ཀྱི་མཐོ་ཚད་དུ་བསླེབས་པར་བྱས་ཐོག ང་ཚོས་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་བཏོད་པས། དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། སྣོད་བཅུད་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད་པ་རེད།

དམངས་གཙོའི་ཆབ་སྲིད་དབང་ཆ་འགན་ལེན་གང་ལེགས་ཐུབ་པ། མིག་སྔར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི་བོད་ཀྱི་འཐུས་མིའི་བརྒྱ་ཆའི་དོན་ལྔ་དང་ཨུ་ཡོན་གྱི་བརྒྱ་ཆའི་དགུ་བཅུ་ཡན་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ཡིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བརྒྱ་ཆའི་རེ་དྲུག་ཟིན་ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་བསྡོམས་འབོར་གྱི་བརྒྱ་ཆའི་བདུན་ཅུ་ཡས་མས་ཟིན་ཡོད། རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཚང་མ་བོད་རིགས་སྤྱི་དམངས་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་རང་སྐྱོང་དབང་ཆ་ལག་བསྟར་གང་ལེགས་བྱས་པ་སྟེ། 1965ལོའི་ཚུན་དུ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དེ་བཞིན་ཁྲིམས་སྲོལ་གྱི་རང་བཞིན་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཉིས་བརྒྱ་དགུ་བཅུ་ལྷག་སྔ་རྗེས་སུ་བཟོས་ནས། རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཁག་མང་པོར་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱེད་ཐབས་བཟོས་པ་རེད།

དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། 2018ལོར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གཅིག་དང་བཞི་བརྒྱ་དོན་བདུན་དང་བྱེ་བ་དྲུག་ཟིན་པ་དེ1959ལོ་ལས་ལྡབ་བརྒྱ་དང་གོ་གཅིག་འཕར་ཡོད། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ཙམ་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་བརྒྱད་བརྒྱ་ལྷག་ལག་བསྟར་བྱས་པ་སྟེ། ལྗོངས་ཡོངས་ཀྱི་གཞུང་ལམ་རིང་ཚད་བསྡོམས་པས་སྤྱི་ལེ་ཁྲི་དགུ་དང་སྟོང་བདུན་བརྒྱད་བརྒྱ་ཟིན་པ་དང་། རྫོང་ཚང་མར་གཞུང་ལམ་ཤར་གཏོང་བྱས། ཞང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་དྲུག་དང་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་གཅིག་ཟིན་ཡོད། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་འཆར་འགོད་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུར་ལྕགས་ལམ་འདིང་བའི་དུས་མཚམས་སུ་སླེབས་ཡོད། བསྐྲུན་ཟིན་ནས་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་གྲུ་ཐང་ལྔ་ཡོད་པ་དེ་དག་གིས་རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་གོ་གཉིས་ཤར་གཏོང་ཐུབ་ཡོད། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་གློག་ཤུགས་ཀྱི“མཁའ་ལམ”བཏོད་པས་བོད་གློག་ཕྱིར་གཏོང་ལས་དོན་ལ་ཚད་བརྒལ་བྱུང་ཡོད། ནས་དང་འབྲི་གཡག་སོགས་ཁྱད་ལྡན་འདེབས་གསོའི་ལས་རིགས་དང་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཆེན་པོ་ཕྱིན་པ། ཡུལ་སྐོར་རིག་གནས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེང་རབས་ཞབས་ཞུ། མཐའ་མཚམས་ཉོ་ཚོང་དང་ཟོག་འགྲེམས། མཐོ་གསར་གྲངས་འཛིན་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བཞིན་ཡོད་པ་རེད།

མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། 2018ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གསུམ་དང་སྟོང་གསུམ་བདུན་བརྒྱ་གོ་བདུན་དང་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ལྔ་བཅུ་སོ་སོར་ཟིན་པ་དེ1965ལོ་དང་བསྡུར་ན་སོ་སོར་ལྡབ་དོན་གསུམ་དང་ལྡབ་བརྒྱ་དང་ལྔ་འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་རྒྱ་ཁྱོན་ཆ་སྙོམས་མུས་ངོས་སྙོམས་གྲུ་བཞི་མ་ཉེར་བརྒྱད་དང་གྲངས་ཆུང་དྲུག་དང་མུས་ངོས་སྙོམས་གྲུ་བཞི་མ་སོ་གསུམ་དང་གྲངས་ཆུང་དགུ་ཟིན་ཡོད། ལྷ་ས་དང་ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་དྲོད་རླངས་གཅིག་སྡུད་མཁོ་འདོན་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། འཐབ་ས་དང་པོ་དང་གཉིས་པའི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་སྟོང་གསུམ་དང་བདུན་བརྒྱ་དང་སྟོང་གསུམ་དང་ལྔ་བརྒྱའི་བར་མཐོ་རུ་བཏང་། ཡུལ་སྨད་ཐོད་བརྒལ་སར་བརྩིས་ནས་ལས་ཀ་སྣ་ལྔ་བརྒྱ་ཞེ་ལྔ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ལས་གཞི་སྣ་ང་དགུ་ཡོངས་འགྲུབ་བྱས་ཡོད། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱུང་བས། “རིའི་ཚུར་རོལ་གྱི་འཚོ་བ་ཕ་རོལ་ལས་ཡག་པ་ཡོང་རྒྱུ”མངོན་འགྱུར་ཐུབ་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་ནུས་པ་མངོན་གསལ་སྒོས་རིམ་འཕར་བྱུང་ནས། རོང་འབྲོག་ཁུལ་དུ་གཏོང་སྤྲོད་དྲ་བ་དང་སྐད་འཕྲིན་སོགས་སྤོ་སྒུལ་གཏོང་སྤྲོད་རྒྱ་ཁྱབ་ངང་དར་བ་མ་ཟད། ད་དུང་རླངས་འཁོར་དང་སྤོ་སྒུལ་ཁ་པར། ཁྱིམ་སྤྱོད་གློག་ཀླད་སོགས་ཀྱང་སྤྱིར་བཏང་གི་ཁྱིམ་དུ་དར་ཁྱབ་བྱུང་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་བ་སྟེ། 2018ལོར། སློབ་ཞུགས་སྔོན་དང་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་། མཐོ་རིམ་སློབ་གསོ་བཅས་ཀྱི་སློབ་མ་སློབ་གྲྭར་ཞུགས་ཚད་སོ་སོར་བརྒྱ་ཆའི་དོན་དགུ་གྲངས་ཆུང་དགུ་དང་། བརྒྱ་ཆའི་གོ་དགུ་གྲངས་ཆུང་ལྔ། བརྒྱ་ཆའི་གོ་དགུ་གྲངས་ཆུང་ལྔ། བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་གསུམ། བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་གཉིས་བཅས་ཟིན་ནས། གཞོན་ནུ་དང་དར་མ་ཡིག་རྨོངས་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་གཉིས་བར་དུ་མར་ཆག་པ་དང་། ངལ་རྩོལ་བས་སློབ་གསོ་མྱོང་བའི་ཆ་སྙོམས་ལོ་ཚད་ལོ་བརྒྱ་དང་ཕྱེད་ཀ་ཟིན་ཡོད།       མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མིང་དངོས་ལམ་ལུགས་ཀྱི་ལས་ཞུགས་ཐུབ་ཚད་བརྒྱ་ཆའི་གྱ་དྲུག་ཟིན་པ་དང་། དེའི་ཁྲོད་ཚོང་རའི་ལས་ཞུགས་ཀྱིས་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་བརྒྱད་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀར་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་རིམ་བཞིན་ཆགས་ནས། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་གྲོང་གསེབ་ཀྱི་སྨན་བཅོས་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། སྤྱི་པའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཅས་ཀྱིས་ཁྱོན་ཡོངས་ལ་ཁྱབ་ནས། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་རེ་བརྒྱད་བར་རིང་དུ་ཕྱིན་ཡོད། སྤྱི་ཚོགས་འགན་བཅོལ་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་སྟེ། མང་ཚོགས་ཀྱིས་འཚོ་བའི་གནས་ཚུལ་ལ་བློ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་བདུན་ཡན་ཟིན་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡིད་ཆེས་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གསུམ་ཟིན་ཡོད་པ་རེད།

ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ། བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་བོད་ཡིག་འདི་ཉིད་ཀྲུང་གོའི་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཨང་དང་པོར་གྱུར་ཡོད། གཞི་རིམ་རིག་གནས་ཀྱི་ཞབས་ཞུའི་མ་ལག་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རླུང་འཕྲིན་དང་བརྙན་འཕྲིན་གཞི་རིམ་དུ་ཁྱབ་ཚད་བརྒྱ་ཆའི་གོ་བདུན་གྲངས་ཆུང་གཅིག་དང་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་གཉིས་ཟིན་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཀ གཙུག་ལག་ཁང་བཅས་འཛམ་གླིང་གི་རིག་གནས་ཤུལ་བཞག་གྲས་སུ་ཚུད་པ་དང་ལྷ་མོ་དང་། གླིང་སྒྲུང་། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་ཚུད། ཐང་ག་དང་སྲོལ་རྒྱུན་ལག་ཤེས་བསླས་འཐག་སྒྱུ་རྩལ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་དུས་ཐོག་ཏུ་མྱུར་སྐྱོབ་དང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

མི་རིགས་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ངང་གཏིང་ཟབ་ཏུ་བཏང་བ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྣམ་པ་སྣ་མང་ཕུན་སུམ་ཚོགས་པ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་བཞིན་སྲ་བརྟན་དུ་སོང་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ། སེ་འབྲུ་ལྟར་ཕན་ཚུན་དམ་པོར་སྦྲེལ་ནས་རླབས་ཆེན་མེས་རྒྱལ་ལ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱས།

ཆོས་ལུགས་དད་མོས་རང་དབང་ཡིན་པ་འགན་སྲུང་གང་ལེགས་བྱས་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རྒྱུན་ཆད་མེད་པར་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། མང་ཚོགས་ཀྱི་ཆོས་དད་རང་མོས་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཕན་འབྲས་མངོན་གསལ་དོད་པ། ཆོས་དད་མང་ཚོགས་མང་པོ་ཞིག་གིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཐུབ་པ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐད་སེམས་ཤུགས་དེ་བས་མང་པོ་བཏོན་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱུང་ཡོད།

ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་རྒྱུན་མི་ཆད་པར་སྲ་བརྟན་དུ་བཏང་བ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སྣུར་སྲིང་དང་རྒྱ་བསྐྱེད་བཏང་བ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་རྒྱུན་མི་ཆད་པར་མཐོ་རུ་ཕྱིན་པ། བདེ་འཇགས་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། སྤྱི་ཚོགས་ཡོངས་ནས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བྱུང་བ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་བྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”མི་ཚང་མས་སེམས་སུ་ཟུག་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་བརྟན་ལྷིང་ཐད་རང་འགུལ་བྱེད་པའི་འདུན་པ་ཇེ་ཆེར་ཕྱིན་པ་བཅས་རེད།

མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁ་གསབ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་དགའ་དང་ཆད་གཅོད་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གཙང་ཆུའི་ཆུ་འགོའི་ཁུལ་དང་རྩྭ་ཐང་། མཚེའུ། བརླན་ས། རང་བྱུང་ནགས་ཚལ། ཆུའི་སྐྱེ་ཁམས། ས་གཤིས་རྗེས་ཤུལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་ནུས་ལྡན་སྲུང་སྐྱོང་བྱས་པས། རྒྱལ་ཁབ་ཀྱི་ས་ཆ་ལྗང་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཆ་རྐྱེན་ཡོད་པའི་ས་ཆར“ཁྱིམ་ཚང་ཚང་མར་ལྗོན་ཤིང་ཡོད”པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པས། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་བཞི་རུ་སླེབས་ཡོད་པ་དང་། རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་ཞེ་བདུན་བསྐྲུན་ཡོད་ལ། སྤྱིའི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་བཟུང་ཡོད་པ་དང་། གཙོད་དང་འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རྩ་ཆེའི་སྲོག་ཆགས་རིགས་བརྒྱ་དང་ཉེར་ལྔ་ཡོད་པ་དང་། བོད་ལ་དམིགས་སུ་ཡོད་པའི་རྩི་ཤིང་རིགས་སྟོང་གཅིག་དང་ཉིས་བརྒྱ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མིག་སྔར་བོད་འདི་ཉིད་སྔར་བཞིན་འཛམ་གླིང་སྟེང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

བོད་ལ་ལོ60ཡི་འོད་སྟོང་ལྡན་པའི་གྲུབ་འབྲས་བསྐྲུན་ཡོད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་ཞིག་དང་། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་རླབས་ཆེའི་རྒྱལ་ཁ་ཐོབ་པ། བོད་དུ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་རླབས་ཆེའི་རྒྱལ་ཁ་ཐོབ་པ་ཞིག་བཅས་རེད། ལོ་ངོ60ཡི་འོད་སྟོང་འབར་བའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་། ཀྲུང་དབྱང་གི་ཁེ་ལས་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་ལ། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་པས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཡོད་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་འགྲན་ཟླ་བྲལ་བའི་དྲོད་འཁོལ་མངོན་པར་བྱས་ཡོད་པས། ཏང་གི་བོད་སྐྱོང་ཇུས་གཞི་ཧ་ཅང་ཡང་དག་ཡིན་པ་མཚོན་ཡོད། ལག་ལེན་ལས་ར་སྤྲོད་བྱས་པ་ལྟར་ན། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། ཏང་གི་བོད་སྐྱོང་ཇུས་གཞི་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་ཀྱི་མ་འོངས་དེ་བས་འོད་སྟོང་ལྡན་པ་ཞིག་ཡོང་ངེས་ཡིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད།

གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད། བོད་ལྗོངས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ།

མིག་སྔར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བོད་དུ་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་བསུས་པ་དང་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་འགྲེངས་ཡོད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་ཇུས་འགོད་བྱེད་པ། ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས། མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ། དངོས་གནས་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དང་འགན་འཁུར་སྙིང་སྟོབས་ཆེ་རུ་བཏང་ནས། སྐྱེ་ཁམས་ཀྱི་བྱ་བ་སྣ་ཚོགས་འཕེལ་རྒྱས་བརྟན་བརླིང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། དུས་རབས་གསར་པའི་འཕེལ་རྒྱས་མགྱོགས་པ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཆེན་པོས་གསར་གཏོད་བྱེད་དགོས།

བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་དམ་འཛིན་ལེགས་པོ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག“ཐོག་མའི་སེམས་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཚད་ལྡན་གྱི་ཏང་ཡོན་ཞིག་དང་གདོང་ལེན་དཔེ་བཟང་ཞིག་བྱེད་པ”“ཚད་གཞི་བཞིར་བརྩི་སྲུང་བྱས་ཏེ་སྔོན་ཐོན་གྲྭ་བཙུན་ལ་ཧུར་ཐག་བྱེད་པ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་སྤེལ་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ལ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་སློབ་གསོ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་ཇེ་བརྟན་དུ་གཏོང་དགོས།

བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ང་ཚོས་བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླར་སྟངས་འཛིན་ནན་པོ་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་སྟེ། ཚད་མཐའི་རིགས་ལམ་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། “བརྟན་བརླིང”སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཚབས་ཆེན་མ་བྱུང་སྔོན་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་བཞིན་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པ་སྡེ་བ་དང་དགོན་པར་སྡོད་པ། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། “སྔོན་ཐོན་ཁྱིམ་ཚང་མཉམ་སྦྲེལ”གསར་གཏོད་དཔྱད་འདེམས་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་། ཏཱ་ལེ་སྐུ་ཕྲེང་བཅུ་བཞི་པས་ཆོས་ལུགས་ལ་བརྟེན་ནས་བྱེད་སྤྱོད་སྤེལ་བའི་ཤུགས་རྐྱེན་ངན་པ་དར་ཆ་གསལ་སྟོན་ངང་སེལ་བ། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་བརྟན་ལྷིང་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་དུས་བབ་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས།

བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་གཙོ་གནད་བྱེད་པ། “ཆ་བཅུ་གསུམ་གྱི་འབྲེལ་བ”ཐག་གཅོད་ཡང་དག་བྱེད་རྒྱུ་རྩ་བའི་བྱ་ཐབས་སུ་བརྩི་བ་བཅས་བྱས་ཏེ།“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱིས་བརྗོད་དོན་གཙོ་བོ་བྱས་པའི་ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ནས་ཀྱི་ཐོན་ཚད་ཇེ་མང་དང་འབྲི་གཡག་ཚོ་གསོ་སོགས་ཀྱི་དུས་ཐུང་དམངས་ཕྱུག་ཐོན་ལས་དང་ཡུལ་སྐོར་རིག་གནས། ནུས་ཁུངས་གཙང་མ་སོགས་ཀྱི་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་ལ་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་དགུས་མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་ལེགས་པོར་སྒྲུབ་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤུས་ཚད་མཐོ་ལ་ཕན་འབྲས་མང་བ། རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཧུར་ཐག་གིས་སྐྱོད་དགོས།

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་མཚམས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་གོ་དོན་ཕྱོགས་ཡོངས་ནས་ངོས་འཛིན་གང་ལེགས་བྱས་ཏེ། མཐའ་མཚམས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་པ་དང་མཐའ་མཚམས་བརྟན་པོ་དང་མཐའ་མཚམས་བདེ་འཇགས་ཀྱི་གཙོ་གནད་འགན་ལེན་བྱེད་པ་དང་། མཐའ་མཚམས་དར་རྒྱས་གཏོང་བ་དང་མི་དམངས་ཕྱུག་པོར་འགྱུར་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་པ། མཐའ་མཚམས་མི་དམངས་ཀྱི་ཁ་གསབ་བརྟན་པོའི་ངང་མཐོ་རུ་གཏོང་བ། མཐའ་མཚམས་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དམག་དམངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། མང་ཚོགས་སྔར་ལས་མང་པོར་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་རྒྱུར་སྐུལ་ལྕག་བཅས་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས།

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་ཚིས་ཇེ་ལེགས་སུ་བཏང་སྟེ་མི་སེམས་གཅིག་ཏུ་སྒྲིལ་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་འབེན་བྱེད་པ་དང་། དཀའ་ངལ་དང་རྙོག་འཛིང་གི་བྱ་བ་དག་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་ཕན་ཁེ་མང་ཚོགས་ལ་སྟེར་བ་རྒྱུན་འཁྱོངས་བྱེད་པ། དངོས་གནས་ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་དགོས་མཁོ་ཆེ་བ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་ལ་འཇོག་པ། ཧེ་བག་ཅན་གྱི་དབུལ་སྐྱོར་སྲིད་ཇུས་ལག་བསྟར། རང་ངོས་ཀྱི་འཕེལ་རྒྱས་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་ཚོད་ལྟར་ཁྱད་དབུལ་རྩ་བ་ནས་མེད་པར་གཏོང་བ་ཁག་ཐེག་བྱེད་དགོས།

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ང་ཚོས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་མཉམ་སྦྱོང་། མཉམ་སྒྲུབ། མཉམ་རོལ་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་སྤྱིའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བསམ་པའི་རྟེན་ས་དང་། སེམས་ཁམས་ཀྱི་རེ་བ་བཅོལ་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་གཏིང་དུ་བརྟན་པོ་ཟུག་ཐུབ་པ་བྱེད་དགོས།

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལེན་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་བདེའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ནན་མོར་སྲུང་བ། སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ཆ་ལྗང་བསྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ས་ཆ་སྟོང་པར་ལྗོན་ཤིང་འཛུགས་པ། རྩྭ་འཕྲོད་སར་རྩྭ་འདེབས་པ། ལྗོན་ཤིང་འཕྲོད་སར་ལྗོན་ཤིང་འཛུགས་པ། ཆ་རྐྱེན་ཡོད་པའི་ས་ཆར“ཁྱིམ་ཚང་ཚང་མར་ལྗོན་ཤིང་ཡོད་པ”བཅས་བྱས་ཏེ་འཛམ་གླིང་གི་མཐའ་མཇུག་གི་དག་ཞིང་འདིར་སྲུང་སྐྱོང་ནན་མོ་བྱེད་དགོས།

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ང་ཚོས་བོད་ཀྱི་ས་བབ་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཆེ་ཡང་ཏང་ནན་མོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ། བོད་དུ་གསོ་རླུང་དཀོན་པ་དང་རླུང་གནོན་དམའ་ཡང་ཕུགས་བསམ་གྱི་དད་སེམས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་དམའ་རུ་མི་གཏོང་བའི་བསམ་བློ་བརྟན་པོ་འཛུགས་པ། དུས་རབས་གསར་པའི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་མཐའ་འཁྱོངས་བྱེད་པ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལྷག་པར་དུ་ཆབ་སྲིད་ནུས་པར་ཤུགས་སྣོན་བརྒྱབ་སྟེ་རོང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོར་གྱུར་ཐུབ་པ། བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་པ། གནས་ཚུལ་ལ་འཕྲད་ཀྱང་མུན་འཐོམས་མི་བྱེད་པ། གནད་འགག་གི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཇེ་བརྟན་དུ་བཏང་སྟེ་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་ཏང་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་ལག་ལེན་དང་འོད་སྟོང་འབར་བའི་གྲུབ་འབྲས་ནི་ལོ་རྒྱུས་དེབ་ཐེར་ནང་འཁོད་ཟིན་པ་དང་། བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ང་ཚོས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་མདུན་སྐྱོད་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཐོག་མའི་སེམས་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ཐད་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས།