དུས་ཐུང་ལོ་ངོ་དྲུག་ཅུའི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་མུ་འབྲེལ་རྒྱས་བཤད་ཁག་གསུམ་པ།
2019.04.03 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 57

ལོ་ངོ་དྲུག་ཅུའི་ཡར་སྔོན་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བ་ནས་མེད་པ་བཟོ་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཞིག་བོད་ལྗོངས་སུ་ཚ་ཚ་འུར་འུར་ངང་སྤེལ་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་ཡོད།

དུས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེ་ཞིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་བོད་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་བརྟན་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། ཁྱད་ལྡན་ཐོན་ལས་ལ་འཕེལ་རིམ་གསར་པ་བྱུང་སྟེ། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད། 1959ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞི་ཟིན་པ་དང་མི་རེར་ཆ་སྙོམས་སྒོར་མོ་བརྒྱ་དང་ཞེ་གཉིས་ལས་ཟིན་གྱི་མེད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་གྱི་བསམ་པ་ཧ་ཅང་ཆེ་རུ་ཕྱིན་པ་དང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2018ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གཅིག་དང་བཞི་བརྒྱ་དོན་བདུན་ཟིན་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་མོ་ཁྲི་གསུམ་དང་སྟོང་གསུམ་བདུན་བརྒྱ་གོ་བདུན་ལ་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ལྔ་བཅུར་སླེབས་ཡོད་པ་རེད།

དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་འགོ་ཚུགས་པ།

དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་དབང་ཆ་དང་ལྷག་པར་དུ་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།

ལོ་ངོ་དྲུག་ཅུའི་རིང་ཀྲུང་དབྱང་གིས་མགོ་མཇུག་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་དོ་ཁུར་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ ཤུགས་ཆེན་པོས་ཇེ་ལེགས་སུ་ཕྱིན་ཡོད།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་བསལ་གྱི་རྒྱབ་སྐྱོར་བྱས་ཏེ། ནོར་སྲིད་ཀྱི་ཁ་གསབ་དང་། ཆེད་དོན་ཁ་གསབ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་བཅས་འབོར་ཆེན་སྤྲད་པ་མ་ཟད། དངོས་ཟོག་འབོར་ཆེན་བསྡུ་རུབ་བྱས་ནས་བོད་དུ་བཏང་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་་བརྒྱད་ཅུ་བར་རྒྱབ་སྐྱོར་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་ཞིང་། ཀྲུང་དབྱང་སྲིད་གཞུང་གིས་ལོ་རེར་བོད་རང་སྐྱོང་ལྗོངས་ནོར་སྲིད་ལ་མི་དམངས་ཤོག་སྒོར་དུང་ཕྱུར་བཅུ་ཁ་གསབ་བྱས་པ་མ་ཟད། ཁ་གཏད་བོད་སྐྱོར་གྱི་ལས་དོན་སྒྲིག་འཛུགས་དང་ལག་ལེན་ཧུར་ཐག་བྱས་པ་རེད།

1980ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནས་ཉིས་སྟོང་བཅོ་ལྔ་ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་བར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་ཉམས་འགྱུར་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་སྤྲོ་སེམས་ཆེན་པོ་འཕེལ་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཞིང་ཕྱུགས་ལས་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཞིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཧ་ཅང་རྗེས་ལུས་ཡིན་ཞིང་། གཙོ་བོ་ནི་གནམ་ཆུ་སྒུག་ནས་ས་ཞིང་འདེབས་པ་དང་ནོར་ལུག་འཚོ་བཞིན་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་ལོ་གཅིག་རིང་དཀའ་སྡུག་ཚད་མེད་མྱངས་ཀྱང་ཐ་ན་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་ཐུབ་ཀྱིན་མེད། 2018ལོར་ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་གསུམ་དང་ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་བརྒྱ་དང་སོ་གསུམ་ལྷག་ལ་སླེབས་ཏེ། ཟས་ཞིམ་པོ་དང་འཚོ་བཅུད་དང་བདེ་ཐང་གི་ཟས་རིགས་བཟའ་རྒྱུ་བྱུང་ཡོད། བསྡོམས་རྩིས་ལས་མངོན་པ་ལྟར་ན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་བཟོ་ལས་དཔལ་འབྱོར་གྱི་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2018ལོར་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་དྲུག་བརྒྱ་ཉེར་བརྒྱད་ལྷག་ཟིན་ནས་བརྒྱ་ཆའི་བཅུ་བདུན་གྲངས་ཆུང་ལྔ་འཕར་ཡོད། ཐོན་ལས་གསུམ་པའི་འཕེལ་རྒྱས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དང་བསྡུར་ན་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཕྱོགས་བསྡུས་འགྲིམ་འགྲུལ་འཕེལ་རྒྱས་ཆེན་པོ་བྱུང་བ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་བཟའ་བཏུང་ཞག་སྡོད་དང་། ཚོང་དོན་འཁོར་རྒྱུག འགྲིམ་འགྲུལ་སྐྱེལ་འདྲེན། སྦྲག་སྲིད་འཕྲིན་གཏོང་སོགས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། 2018ལོར་ལྗོངས་ཡོངས་ཀྱི་ཐོན་ལས་གསུམ་པར་རིན་ཐང་འཕར་མ་སྒོར་དུང་ཕྱུར་བདུན་བརྒྱ་དང་བཅུ་དགུ་ལྷག་བྱུང་བ་དང་། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་དྲུག་ཁྲི་བརྒྱད་ལྷག་སྣེ་ལེན་བྱས་པར་ཡུལ་སྐོར་རིག་གནས་ཐོན་ལས་ལ་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཉིས་བརྒྱ་དང་སོ་དགུ་ལྷག་བྱུང་ཡོད།

མིག་སྔར་བོད་ཀྱིས་ཅུང་ཆ་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བསྐྲུན་ཟིན་ནས་དཔལ་འབྱོར་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་འབྲེལ་འཕེལ་རྒྱས་འགྲོ་ཚུལ་ཅུང་མགྱོགས་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་ཡོད། བོད་ཀྱིས་ནུས་རྒྱུ་དང་། ཡང་བའི་བཟོ་ལས། འཁལ་འཐག འཕྲུལ་ཆས། གཏེར་འདོན། བཟོ་སྐྲུན་རྒྱུ་ཆ། རྫས་འགྱུར་བཟོ་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ཀྱི་གསོ་བ་རིག་པ་སོགས་རིགས་ཉི་ཤུ་ལྷག་ཙམ་ཚུད་པའི་དེང་རབས་ཅན་གྱི་བཟོ་ལས་མ་ལག་བསྐྲུན་ཡོད། ཐོན་ལས་འཕེལ་རྒྱས་མེད་པ་ནས་ཡོད་པའི་བར་རིམ་བཞིན་སྟོབས་ཆེ་རུ་ཕྱིན་ནས་ཁྱད་ལྡན་ས་མཐོའི་ཞིང་ཕྱུགས་ལས་དང་། ནུས་རྒྱུ་གཙང་མ། རང་བྱུང་བཟའ་བཅའ་དང་བཏུང་བྱ། འཛུགས་སྐྲུན་རྒྱུ་ཆ། བོད་ཀྱི་གསོ་བ་རིག་པ། ཡུལ་སྐོར་རིག་གནས་སོགས་ཀྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད།

དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་པའི་དུང་བརྡ་བསྒྲགས་པ།

དབུལ་པོ་མེད་པ་བཟོ་བ་དང་། དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། མཉམ་དུ་ཕྱུག་པོ་ཆགས་པ་བཅས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། རང་རེའི་ཏང་གི་ལས་འགན་གལ་ཆེན་ཞིག་ཀྱང་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་སོང་བའི་རིང་མི་འབོར་མང་ཆེ་བ་ལོ་ངོ་སྟོང་ཕྲག་རིང་རྒྱུན་མཐུད་པའི་དབུལ་ཕོངས་ལས་གྲོལ་བ་དང་ལྟོ་གོས་འཕྱིད་ཙམ་ལས་མེད་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་རླབས་ཆེའི་མཆོང་སྐྱོད་ཐུབ་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཡོངས་ཀྱི་དབུལ་ཕོངས་དང་འཐབ་རྩོད་ལྷོད་མེད་བྱས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པའི་ལོ་རྒྱུས་ཞིག་ཀྱང་རེད།

《བོད་རང་སྐྱོང་ལྗོངས་ཀྱི“བརྒྱད་བདུན”གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི》ཚད་གཞིར་བྱས་ཏེ། རང་ལྗོངས་འདི་ཉིད་མི་འབོར་དབུལ་པོའི་ལྟོ་གོས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་དབུལ་སྐྱོར་གསལ་སྤེལ་དུས་མཚམས་སུ་སླེབས་ཡོད། 2001ལོ་ནས་བཟུང་། ཀྲུང་དབྱང་གི“བོད་འདི་ཉིད་དམིགས་བསལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོར་བརྩིས་ནས་རོགས་སྐྱོར་བྱེད་པའི”བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་སྟོང་གཅིག་དང་སུམ་བརྒྱ་ལས་དམའ་བའི་རོང་འབྲོག་པར་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་དང་། 2006ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་སྟོང་གཅིག་དང་བདུན་བརྒྱ་ལས་དམའ་བའི་རོང་འབྲོག་པར་གཙོ་གནད་ཐོག་རོགས་སྐྱོར་བྱས་ཡོད།

2016ལོ་ནས་ད་བར། ལྗོངས་ཡོངས་གནད་ཕིགས་དབུལ་སྐྱོར་གྱི་འགག་སྒྲོལ་དམག་འཐབ་རྒྱག་པའི་དུས་མཚམས་སུ་སླེབས་པ་དང་། 2020ལོར་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམིགས་ཚད་ལ་གཞི་ཚུགས་ནས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་པར《〈དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར》བཟོས་ཏེ་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུང་བརྡ་བསྒྲགས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་དག་གལ་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་བ་དང་། མཐའ་སྐྱོང་བོད་བརྟན་དང་དབུལ་སྐྱོར་གསར་སྤེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་བརྒྱབ་ཡོད།

རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། འཆར་འགོད་ཞིབ་ཚགས་ངང་བཟོས་པ། ཁ་གཏད་གཅོག་པའི་བྱ་ཐབས་ཞིབ་འཇུག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མིག་སྔར་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་ཏེ་ལྗོངས་ཡོངས་ཀྱིས་ཁྱོན་བསྡོམས་ལག་བསྟར་བྱས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི་དོན་ལྔ་བཟུང་སྟེ་དབུལ་སྐྱོར་ཐོན་ལས་དེ་དབུལ་པོ་ཐད་ཀར་དབུལ་ཕོངས་ལས་ཐར་བ་དང་། རྒྱུན་མཐུད་དབུལ་ཐར། ཡུན་རིང་ཡོང་འབབ་འཕར་བ་བཅས་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་དང་། ཐོན་ལས་ཀྱི་ལྷུ་ལག་སྒྲིག་པ། ལས་ཞུགས་གཞན་སྒྱུར། སྡེ་ཁུལ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

གྲོང་གསེབ་ཀྱི་གྲོང་མིའི་འཚོ་གནས་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ས་ཁུལ་དབུལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ཇེ་ལེགས་སུ་སོང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཟམ་མི་ཆད་པར་ཡར་རྒྱས་སོང་བ། མང་ཚོགས་དབུལ་པོའི་རང་བརྟེན་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་བྱུང་ཡོད། 2019ལོར་བོད་ཀྱིས་མི་གྲངས་དབུལ་པོ་འབུམ་གཅིག་དང་ཁྲི་ལྔ་ཚང་མ་དབུལ་ཐར་བྱས་པ་དང་རྫོང་དབུལ་པོ་བཅུ་དགུ་ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱ་རྒྱུ་མ་ཟད། ད་དུང་ལྗོངས་ཡོངས་ཀྱིས་དབུལ་པོ་ནག་རྩ་བའི་ཆ་ནས་མེད་པ་བཟོ་རྒྱུ་རེད། དབུལ་སྐྱོར་མཁྲེགས་གཏོར་ལས་རོང་འབྲོག་པ་དབུལ་པོའི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་བྱས་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པ་མ་ཟད། ད་དུང་མང་ཚོགས་དབུལ་པོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་བྱེད་ཐུབ་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་སྐྱིད་དོན་ངོ་མས་ཚོར་བ། གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད།

མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་ཆེ་རུ་སོང་བ།

བོད་རྙིང་པར་སློབ་གསོ་ཐོབ་མཁན་མང་ཆེ་བ་སྐུ་དྲག་གི་བུ་ཕྲུག་རེད། སྤྱིའི་མི་འབོར་གྱི་བརྒྱ་ཆའི་གོ་ལྔ་ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་སློབ་གསོ་ཐོབ་དབང་མེད་པས་ན་གཞོན་དང་དར་མ་ཡིག་རྨོངས་བས་བརྒྱ་ཆའི་གོ་ལྔ་ཟིན་ཡོད། ཞིང་བྲན་རྣམས་ལྟོས་བཅས་ཀྱིས་ལྟོ་བ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོ་བ་མ་ཟད། སྨན་བཅོས་འགན་ལེན་དེ་བས་ཀྱང་མེད་པས་ཤི་ལ་ཁད་ཀྱི་གནས་སུ་གྱར་ནས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་སོ་ལྔ་གྲངས་ཆུང་ལྔ་ཙམ་ལས་ཟིན་གྱི་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་དམངས་འཚོ་ཇེ་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་བཅོ་ལྔ་ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་བར་ཕྱིན་ནས་ནད་གཞི་ཆེ་གྲས་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། ནད་གཞི་འབྲིང་གྲས་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། ནད་གཞི་ཆུང་གྲས་རྫོང་དང་ཆུས་ནས་བཅོས་ཐུབ་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། སྔོན་དཔག་བྱས་པའི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་རེ་བཞིན་མཐོ་རུ་སོང་ནས་ལོ་རེ་བརྒྱད་གྲངས་ཆུང་གཉིས་ཟིན་གྱི་ཡོད། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་རྒྱལ་ཡོངས་ཀྱི་སྔོན་དུ་དྭ་ཕྲུག་གཅིག་སྡུད་གསོ་ཉར་དང་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་ལ་གཅིག་སྡུད་བསྙེན་བཀུར་ལག་བསྟར་བྱས་ཡོད།

ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་ཆེན་པོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ། མདོང་ལམ་སྐྱེལ་འདྲེན་འཛུགས་སྐྲུན་བཅས་ཀྱིས་གཙོ་བོ་བྱེད་པའི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རིམ་བཞིན་འཐུས་སྒོ་ཚང་བར་སོང་ནས་མཚོ་བོད་ལྕགས་ལམ་གཞིས་རྩེ་བར་དུ་བསྐྲུན་པ་དང་། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་གཞིའི་རྨང་འདིང་བའི་ལས་གྲྭ་མཇུག་སྒྲིལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞིས་ཀ་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ཡོད། རོང་འབྲོག་པ་ས་ཡ་གཉིས་དང་འབུམ་གསུམ་ལ་ཕན་པའི་བདེ་སྡོད་ལས་གྲྭ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པའི་ལས་གྲྭ་གལ་ཆེན་རེ་རེ་ལས་བོད་ཀྱི་རྒྱ་ཆེའི་མང་ཚོགས་ལ་བདེ་སྐྱིད་ཚོར་བ་དང་ཐོབ་ཚོར་ངོ་མ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཞང་མཐོང་དགའ་གྲོང་ཚོའི་ཨ་ནུའུ་ཡི་ཁང་པའི་རྒྱ་ཁྱོན་མུས་གྲུ་བཞི་མ་ཉིས་བརྒྱ་ལྷག་ཙམ་ཟིན་པ་དང་ཁང་པའི་ནང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་པོ་ཡོད། ཕ་མེས་ཡང་མེས“ནང་བཟན”ཡིན་པའི་ཨ་ནུའུ་ཡིས“གུང་ཁྲན་ཏང་མེད་ན་བོད་གསར་པ་མེད། ང་རང་ཁང་པ་ཡག་པོ་དེ་འདྲའི་ནང་སྡོད་རྒྱུ་བྱུང་བ་དང་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་མྱོང་ཚོར་ཟབ་མོས་བརྗོད། ལོ་ངོ་དྲུག་ཅུའི་རིང་གི་འཕེལ་རྒྱས་བརྒྱུད་ད་ལྟའི་གངས་ལྗོངས་ས་མཐོ་སྔོན་ཆད་དང་བསྡུར་ཐབས་མེད་པར་རྫོགས་མཐའ་མེད་པའི་གསོན་ཤུགས་མངོན་བཞིན་ཡོད།

ལོ་རྒྱུས་དང་དོན་དངོས་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་བཅིངས་འགྲོལ་དང་། བོད་འཕེལ་རྒྱས། བོད་དར་རྒྱས་གོང་འཕེལ་བཅས་གཏོང་ཐུབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ།

                                                                                                      རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།